རྒྱ་གཞུང་གིས་འབྲི་རུ་རྫོང་ནི་བོད་རང་སྐྱོང་ལྗོངས་ཡོངས་ལ་དམར་ཤོག་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་བསྟར་མགོ་འཛུགས་ཀྱི་ཚོད་ལྟའི་ས་ཁུལ་དུ་བཟུང་སྟེ། ལས་དོན་རུ་ཁག་དང་ལས་བྱེད་མང་པོ་ཆེད་གཏོང་གིས་དམར་ཤོག་པའི་གཅིག་སྡུད་དབང་སྒྱུར་གྱི་ཆབ་སྲིད་དྲིལ་བསྒྲགས་ལས་འགུལ་སྤེལ་བར་བརྟེན་ནས། ས་གནས་བོད་རིགས་མང་ཚོགས་རྣམས་ཐབས་ཟས་འུ་ཐུག་གིས་འདུག་བཟོད་མི་ཐུབ་མི་གནས་སུ་གྱར་ཏེ། ཕྱོགས་ཡོངས་ནས་མང་ཚོགས་རང་བཞིན་གྱི་ཞི་བའི་ངོ་རྒོལ་གྱི་ལས་འགུལ་བྱུང་བར། རྒྱ་གཞུང་གིས་ཉེན་རྟོག་པ་དང་དམག་མི་འགྲེམས་འཇོག་གི་ཁྲག་དྲི་བྲོ་བའི་དྲག་རྡུང་གཉའ་གནོན་བྱས་ཏེ། ད་ལྟའི་ཆར་འབྲི་རུ་རྫོང་ཁོངས་སུ་གནས་ཚུལ་ཛ་དྲག་ཆགས་བཞིན་ཡོད་འདུག
རྒྱ་གཞུང་ཉེན་རྟོག་དམག་མིས་མེ་མདའ་བརྒྱབ་སྟེ་བླ་རུས་བཅག་ཡོད་པའི་བླ་མ་ལུང་པའི་བསམ་འབས་ཀྱི་བུ་བཀྲ་རྒྱལ།
འདི་གར་གསར་དུ་གནས་ཚུལ་འབྱོར་དོན། ཉེ་སྔོན་རྒྱ་གཞུང་གིས་ལས་དོན་རུ་ཁག་གིས་ས་གནས་སུ་དམར་ཤོག་པའི་ལམ་ཕྱོགས་སློབ་གསོའི་ལས་འགུལ་རིགས་སྤེལ་སྐབས། འབྲི་རུ་རྫོང་ཟླ་ཐང་ཤང་གཡང་ཐང་གྲོང་ཚོ་བཞི་པའི་རྡོ་རྗེ་གྲགས་རྩལ་ལགས་ཀྱིས་དང་ལེན་མ་བྱས་པར་མི་འདོད་པའི་རྣམ་འགྱུར་བསྟན་པའི་རྐྱེན་གྱིས། སྡེ་བའི་ནང་བཅའ་སྡོད་ལས་བྱེད་ཚོས་རྒྱ་གཞུང་འབྲེལ་ཡོད་སྡེ་ཁག་ལ་ལྐོག་ནས་སྙན་ཞུ་ཕུལ་ཡོད་སྟབས། ཕྱི་ཟླ་ ༡༠ ཚེས་ ༣ ཉིན་རྡོ་རྗེ་གྲགས་རྩལ་ལགས་རོགས་པ་འགའ་དང་མཉམ་དུ་གཡང་ཐང་ནས་ནག་ཆུ་རུ་བསླེབས་རྗེས། ཉིན་དེའི་དགོང་མོ་རྒྱ་གཞུང་ཉེན་རྟོག་པས་གསང་བའི་ཐོག་ཁོང་འཇུ་བཟུང་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་ཡོད་འདུག
རྒྱ་གཞུང་གིས་རྡོ་རྗེ་གྲགས་རྩལ་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་གྱུར་བའི་གནས་ཚུལ་དེ་ས་གནས་མང་ཚོགས་ཀྱིས་ཤེས་རྟོགས་བྱུང་རྗེས། ཕྱི་ཚེས་ ༦ ཉིན་ས་གནས་ཡུལ་མི་རྣམས་ཀྱིས་ཁོང་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་བྱས་པར་བརྟེན། རྒྱ་དམག་གིས་མང་ཚོགས་ཀྱི་ཐོག་ལ་གང་བྱུང་མེ་མདའ་བརྒྱབ་སྟེ་བླ་མ་ལུང་པའི་བསམ་འབས་ཀྱི་བུ་བཀྲ་རྒྱལ་གྱི་བརླ་རུས་བཅག་ཡོད་པ་དང་། ཁོང་གི་རྨ་ཁ་ནས་ཁྲག་མང་པོ་ཐོན་པར་བརྟེན་སྲོག་ལ་ཉེན་ཁ་འཕྲད་ཡོད་འདུག
སྐབས་དེར་གཞུང་གི་དམག་མི་སུམ་བརྒྱ་ཙམ་གྱིས་ཕོ་མོ་རྒན་གཞོན་མེད་པར་དྲག་རྡུང་བྱས་ཏེ་མི་གྲངས་ ༦༠ ཙམ་ལ་རྨས་སྐྱོན་དྲག་པོ་བཟོས་ཡོད་པ་མ་ཟད། མང་ཚོགས་ཁྲོད་མིག་སྦྲིད་དུག་མདའ་བརྒྱབ་སྟེ་མི་མང་པོ་དྲན་མེད་དུ་བརྒྱལ་བཅུག་ཡོད་པ་རེད། དེའི་ཁྲོད་ཚེ་དབང་གི་འགྲམ་རུས་གཉིས་ཀ་བཅག་སྟེ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་སྟབས། ཕྱི་ཚེས་ ༧ གྱི་དགོང་མོ་ལྷ་སའི་སྨན་ཁང་ཞིག་ལ་ཁྱེར་ཡོད་པ་དང་། ད་དུང་བློ་བཟང་དབང་ཆེན་དང་། དཔའ་རྡོད་དགྲ་ལྷའི་བུ་གཉིས་བཅས་མི་ ༡༧ ཙམ་ལ་རྨས་སྐྱོན་ལྕི་མོ་ཕོག་སྟེ་ཡར་ལངས་མི་ཐུབ་པ་ཆགས་ཡོད་འདུག