གསར་འགྱུར།

2222
རང་ལུས་མེར་བསྲེགས་གནང་མཁན་གྲྭ་དཀོན་མཆོག་བསོད་ནམས། པར་ཁུངས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་།

རྒྱ་གཞུང་གིས་བོད་ནང་ཆོས་དང་རིག་གཞུང་། ཆབ་སྲིད་གང་ཐད་ནས་དྲག་གནོན་དབང་སྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ཁོ་ན་ལག་བསྟར་བྱས་པར་བརྟེན། འདས་པའི་ལོ་ལྔ་བཅུ་ལྷག་གི་རིང་བོད་ནང་ཞི་བའི་ངོ་རྒོལ་ཡར་ལངས་རིམ་པར་བྱུང་ཡོད་པ་མ་ཟད།  ཕྱི་ལོ་ ༢༠༠༩ ནས་བཟུང་རང་ལུས་མེར་བསྲེགས་ཀྱི་ཞི་རྒོལ་ལས་འགུལ་བྱུང་སྟེ།  ད་ལྟའི་བར་བོད་མི་ ༡༢༠ རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་ནོར་འཁྲུལ་ཅན་གྱི་དབང་སྒྱུར་སྲིད་བྱུས་ལ་ངོ་རྒོལ་བྱས་ཡོད་ཀྱང་། རྒྱ་གཞུང་གིས་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་བཏང་མེད་པ་མ་ཟད། ཉེ་སྔོན་རྒྱ་གཞུང་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་ཡུས་ཀྲིན་ཧྲིན་གྱིས་༧གོང་ས་མཆོག་ལ་ཁ་གཏད་ངོ་རྒོལ་བྱ་དགོས་པ་བསྒྲགས་ཏེ།  དགོན་སྡེ་ཁག་ནང་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་ལྟར།  ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་བོད་མདོ་སྨད་མཛོད་དགེ་རྫོང་སོག་ཚང་དགོན་བཀྲ་ཤིས་ཐེག་མཆོག་གླིང་དུ་གྲྭ་བ་ཞིག་གིས་རང་ལུས་བསྲེགས་བཏང་སྟེ་འདས་གྲོངས་ཕྱིན་འདུག

Continue Reading

ལོ་སྔོན་མར་རྒྱ་གཞུང་གིས་ཆབ་སྲིད་ཀྱི་གནད་དོན་ཡོད་རབས་དང་ཕྱི་ལོག་ལ་འབྲེལ་བ་ཡོད་སྐོར་གྱི་ཉེས་མིང་བཏགས་ཏེ་བཙན་ཁྲིད་བྱས་པའི་ཉ་མཚོ་ཟིལ་དཀར་དགོན་པའི་གྲྭ་ཚུལ་ཁྲིམས་སྐལ་བཟང་ལགས་བཀག་ཉར་འདྲི་གཅོད་སྐབས་གཅར་རྡུང་དྲག་པོ་བཏང་སྟེ་ནད་པ་ཆགས་པར་བརྟེན།  ཕྱིར་གློད་ཙམ་བྱས་རྗེས་བསྐྱར་དུ་འཇུ་བཟུང་བཙན་ཁྲིད་བྱས་ཡོད་པ་ལྟར།   ཕྱི་ལོ་ ༢༠༡༣ ཕྱི་ཟླ་ ༧ ཚེས་ ༡༢ ཉིན་ཁོང་ལ་མི་བསད་ཀྱི་ཉེས་མིང་བཏགས་ཏེ་ལོ་ ༡༠ བཙོན་འཇུག་ཁྲིམས་ཐག་བཅད་འདུག

ལོ་བཅུའི་བཙོན་འཇུག་ཁྲིམས་ཐག་བཅད་པའི་ཉ་མཚོ་ཟིལ་དཀར་དགོན་པའི་གྲྭ་ཚུལ་ཁྲིམས་སྐལ་བཟང་ལགས།
ལོ་བཅུའི་བཙོན་འཇུག་ཁྲིམས་ཐག་བཅད་པའི་ཉ་མཚོ་ཟིལ་དཀར་དགོན་པའི་གྲྭ་ཚུལ་ཁྲིམས་སྐལ་བཟང་ལགས།

ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༩ ཚེས་ ༡ ཉིན་ཉ་མཚོ་ཟིལ་དཀར་དགོན་དུ་རྒྱ་དམག་འབྱོར་ཏེ་ཆབ་སྲིད་ཀྱི་གནད་དོན་ཡོད་རབས་དང་ཕྱི་ལོག་ལ་འབྲེལ་བ་ཡོད་པའི་ཉེས་མིང་བཏགས་ཏེ།   གྲྭ་བློ་བཟང་སྦྱིན་པ་དང་བསོད་ནམས་ཤེས་རབ། བསོད་ནམས་དབྱིག་གཉེན། ཚུལ་ཁྲིམས་སྐལ་བཟང་བཞི་བཙན་ཁྲིད་བྱས་རྗེས། ཟླ་གཅིག་ལྷག་གི་རྗེས་གྲྭ་བསོད་ནམས་ཤེས་རབ་དང་བསོད་ནམས་དབྱིག་གཉེན་གཉིས་ལ་བཙོན་འཇུག་ཁྲིམས་ཐག་ལོ་གཉིས་རེ་བཅད་དེ།  སྟོང་སྐོར་རྫོང་དུ་ཡོད་པའི་ཟི་ལིང་ཏའོ་པཱ་ངལ་རྩོལ་སྒྱུར་བཀོད་ཁང་དུ་བཅུགས་ཡོད་འདུག  དེ་བཞིན། གྲྭ་བློ་བཟང་སྦྱིན་པ་ཞིབ་དཔྱོད་ཁང་དུ་མ་བརྒྱུད་མཐར་ཕྱིར་དགོན་ནང་དུ་མངགས་ཙམ་བྱས་ཀྱང་།  རྗེས་སུ་༼ བོད་དར་ཆ་སྒྲོངས་ཤིག་གངས་བུ་ཚོ༽ ཞེས་པའི་གླུ་བ་བློ་བློས་བླངས་པའི་འོད་སྡེར་དང་འབྲེལ་བ་ཡོད་སྐོར་བརྗོད་དེ། བསྐྱར་དུ་འཇུ་བཟུང་གིས་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་མ་ཟད།  ཁོང་དང་མཉམ་དུ་གླུ་བ་བློ་བློ་ལ་ཡང་ལོ་དྲུག་གི་བཙོན་འཇུག་ཁྲིགས་ཐག་ཡོད་པ་རེད།

Continue Reading

mmexport1373878189725
གནས་རིའི་འདབས་ཀྱི་ཟམ་ཁར་རྒྱ་དམག་གིས་བོད་མིར་དམ་དྲག་བཀག་སྡོམ་བྱེད་བཞིན་པ།

ཉེ་སྔོན་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་ཁམས་རྟའུ་རྫོང་དུ།  རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་དམག་དཔུང་གིས་བོད་མི་སེར་སྐྱ་དད་ལྡན་མང་ཚོགས་ལ་བསང་གསོལ་བཀག་སྡོམ་གྱིས། མང་ཚོགས་ཐོག་གང་བྱུང་མེ་མདའ་བརྒྱབ་སྟེ་ཡ་ང་བའི་ཛ་དྲག་གནས་ཚུལ་བྱུང་རྗེས།  རྒྱ་གཞུང་གིས་རྟའུ་རྫོང་ཁུལ་དུ་དྲ་རྒྱ་དང་ཁ་པར་སོགས་བརྒྱུད་ལམ་ལ་སྔར་ལྷག་དམ་དྲག་བྱས་ཡོད་པར་བརྟེན། གནས་ཚུལ་གྱི་བརྒྱུད་རིམ་ཁ་གསལ་ཤེས་རྟོགས་ཐུབ་རྒྱུར་དཀའ་ངལ་བྱུང་ཡོད།

འདི་ག་ལྟེ་གནས་ཁང་ལ་གསར་དུ་ཞིབ་ཕྲའི་གནས་ཚུལ་འབྱོར་དོན། ཁམས་རྟའུ་རྫོང་དུ་བོད་མི་སེར་སྐྱ་དད་ལྡན་མང་ཚོགས་ལ་དྲག་གནོན་བྱས་པའི་དོན་རྐྱེན་དེའི་ཁྲོད།  ཁྱོན་བསྡོམས་བོད་མི་ ༡༤ ལ་མེ་མདས་བརྒྱབ་སྟེ་རྨས་སྐྱོན་བཟོས་ཡོད་པ་དང་།  བོད་མི་ ༡༨ ཉིན་མཚན་གཅིག་ཙམ་ལ་འཇུ་བཟུང་བཀག་ཉར་འོག་གཅར་རྡུང་མནར་གཅོད་དྲག་པོ་བཏང་སྟེ་རྨས་སྐྱོན་ཕོག་ཡོད་འདུག ཉེ་སྔོན་འདི་ག་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བའི་ནང་ཚུད་མེད་པའི་རྨས་སྐྱོན་ཕོག་མཁན་ཁག་ཅིག་གསར་ཏུ་ཤེས་རྟོགས་བྱུང་བར། སློབ་ཕྲུག་བུ་མོ་དཔལ་ལྡན་དབང་མོ་ཟེར་བ་ཞིག་ལ་ཉེས་རྡུང་བཏང་སྟེ་རྨས་སྐྱོན་བཟོས་ཡོད་པ་མ་ཟད།  ཁོ་མོའི་གསེར་གྱི་རྣ་ལོང་དང་ལག་མགོའི་ཆུ་ཚོད་རྒྱ་དམག་གིས་བརྐུ་འཕྲོག་བྱས་ཡོད་པ་དང་།  ལོ་ ༧༢ ལ་སོན་པའི་རྒན་པོ་ཡ་མ་ཚེ་རིང་ལགས་ཀྱི་རྩིབ་མ་བཞི་བཅག་སྟེ་སྨན་ཁང་དུ་བསྐྱལ་དགོས་བྱུང་འདུག  བདེ་སྐྱིད་མགོན་པོ་ལགས་གཅར་རྡུང་གིས་རྣ་ཡ་གཅིག་གིས་ཅི་ཡང་མི་ཐོས་པར་འོན་པ་ཆགས་ཡོད་པ་རེད། རྒྱ་ནག་གིས་མེ་མདའ་བརྒྱབ་སྟེ་བོད་མིར་དྲག་གནོན་གྱི་གནས་ཚུལ་ཏེ་བྱུང་རྗེས། རྟའུ་རྫོང་གི་ས་ཁུལ་ཁག་ཁ་ཤས་ནང་མི་མང་འདུ་འཛོམས་ཀྱིས་སྐད་འབོད་ངོ་རྒོལ་གྱི་གནས་ཚུལ་བྱུང་འདུག

Continue Reading

བོད་མདོ་སྨད་རྔ་བ་ཁུལ་ཟུང་ཆུ་རྫོང་དམུ་དགེ་ས་ཁུལ་དུ་རྒྱ་གཞུང་གིས་ས་གནས་བོད་རིགས་ཞང་འབྲོག་མང་ཚོགས་ཀྱི་ས་ཆ་བཙན་འཕྲོག་བྱས་པར་བརྟེན། ས་གནས་བོད་རིགས་མང་ཚོགས་ཀྱི་འཚོ་བར་དཀའ་ངལ་སྣ་ཚོགས་འཕྲལ་བཞིན་པ་མ་ཟད། དམུ་དགེ་དགོན་པ་གཙོས་ས་གནས་ཞང་གྲོང་ཁག་ནང་ཉེན་རྟོག་ཁང་མང་པོ་གསར་རྒྱག་བྱས་ཏེ་ལྟ་རྟོགས་བཀག་སྡོམ་ཤུགས་ཆེ་རུ་གཏོང་བཞིན་ཡོད་འདུག

sixth
རྒྱ་གཞུང་གིས་དམུ་དགེ་དགོན་གྱི་ཉེ་འདབས་སུ་ཉེན་རྟོག་ཁང་གསར་རྒྱག་བྱེད་བཞིན་པ།

འདི་ག་ལྟེ་གནས་ཁང་དུ་གནས་ཚུལ་འབྱོར་གསལ། རྒྱ་གཞུང་གིས་ད་ལྟའི་ཆར་ཟི་ཁྲོན་ཞིང་ཆེན་ཁོངས་སུ་བཅད་བགོས་བྱས་ཡོད་པའི་རྔ་པ་ཁུལ་ཟུང་ཆུ་རྫོང་གི་དམུ་དགེ་ནོར་བ་ཞེས་པའི་འབྲོག་སྡེ་ཡི་སྟོན་ཁ་རུ་བ་འབབ་སའི་ས་ཆ་དེ་ལོ་སྔོན་མར་རྒྱ་གཞུང་གིས་བཙན་འཕྲོག་བྱས་ཡོད་པ་དང་། ས་ཆ་དེ་བཙན་འཕྲོག་གི་ཐད་ནས་རྒྱ་གཞུང་གིས་ས་གནས་མང་ཚོགས་ལ་གྲོས་བསྡུར་དང་ཀུན་གསབ་གང་ཡང་སྤྲད་མེད་པ་མ་ཟད། ཐ་ན་ལས་གཞི་ག་རེ་ཆེད་དུ་ས་ཆ་འཕྲོག་གི་ཡོད་མེད་ཀྱི་གསལ་བཤད་ཙམ་ཡང་བྱས་མེད་པ་རེད། དེ་བཞིན། ཆུ་མཛོད་གློག་ཁང་རྒྱག་དགོས་པར་ཁ་གཡར་ཏེ་དམུ་དགེ་ས་ཁུལ་གྱི་རོང་སྡེ་ཨ་ཆུ་སྡེ་བའི་ཞིང་ས་ཆ་ཚང་དང་། ཨ་རྔང་སྡེ་བ་དང་ཨ་མགོན་སྡེ་བ་གཉིས་ཀྱི་ཞིང་ས་མང་པོ་ཞིག་བཅས་བཙན་འཕྲོག་བྱས་ཡོད་སྟབས། དམུ་དགེ་ས་ཁུལ་གྱི་རོང་འབྲོག་སྡེ་ཁག་གི་མང་ཚོགས་ཀྱི་འཚོ་བའི་ཐད་དཀའ་ངལ་སྣ་ཚོགས་འཕྲད་བཞིན་ཡོད་འདུག

Continue Reading

2-photo(4)
༸གོང་ས་མཆོག་གི་འཁྲུངས་སྐར་ཉིན་རྒྱ་གཞུང་གིས་གནས་རི་རྨ་ཆེན་སྤོམ་ར་དམག་མིས་སྐོར་ཏེ་བོད་མི་བསང་གསོལ་གཏོང་མཁན་རྣམས་ལ་བཀག་སྡོམ་བྱེད་བཞིན་པ།

ཟླ་འདི་ཕྱི་ཟླ་ ༧ ཚེས་ ༦ ཉིན་སྟེ་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན།  ཁམས་རྟའུ་རྫོང་དུ་སེར་སྐྱ་མང་ཚོགས་རྣམས་གནས་རི་རྨ་རྒྱལ་སྤོམ་རའི་རྩེར་བསང་གསོལ་དུ་བསྐྱོད་སྐབས། རྒྱ་གཞུང་གིས་དམག་མི་མང་པོ་བཏང་སྟེ་མང་ཚོགས་ཐོག་ལ་མེ་མདའ་བརྒྱབ་ནས་ཛ་དྲག་གནས་ཚུལ་བྱུང་ཡོད་པ་ལྟར། ཉིན་དེར་མང་ཚོགས་རྣམས་ཕྱིར་རི་འདབས་ཀྱི་ཟམ་ཁར་བསླེབས་རྗེས་ཀྱང་། རྒྱ་དམག་གིས་བསྐྱར་དུ་མང་ཚོགས་ལ་གཅར་རྡུང་དྲག་པོ་བྱས་མཐར་རྟའུ་རྫོང་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་ཚོགས་མི་སྐྱང་གསོ་གྲོང་པའི་རྒྱ་མཚོ་ལགས་གཙོས་བོད་མི་ ༡༤ འཇུ་བཟུང་བཙན་ཁྲིད་བྱས་རྗེས། ཕྱི་ཚེས་ ༧ གྱི་མཚན་ལ་ཁོང་ཚོ་ཀློད་ཡོད་ཀྱང་། ཉེས་རྡུང་དྲག་པོ་བཏང་སྟེ་རྨས་སྐྱོན་ཚབས་ཆེན་བཟོས་སྟབས་སྨན་ཁང་དུ་སྨན་བཅོས་བྱེད་དགོས་བྱུང་འདུག

Continue Reading

བོད་མི་ཡོངས་ཀྱིས་ ༸གོང་ས་སྐུ་ཕྲེང་རིམ་བྱོན་ནི་སོ་སོའི་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་སུ་བཟུང་སྟེ་སྐུའི་འཁྲུངས་སྐར་ལ་བསང་གསོལ་རྟེན་འབྲེལ་ཞུ་སྲོལ་ཡོད་པ་ལྟར།  ༸གོང་ས་སྐུ་ཕྲེང་བཅུ་བཞི་པ་མཆོག་གི་སྐུའི་འཁྲུངས་ཉིན་ལའང་།  བོད་ཕྱི་ནང་གཉིས་སུ་བོད་མི་སེར་སྐྱ་ཡོངས་ཀྱིས་དངོས་ཤུགས་བརྒྱུད་གསུམ་ནས་བསང་གསོལ་རྟེན་འབྲེལ་གནང་གི་ཡོད། སྐུའི་འཁྲུངས་སྲུང་བརྩི་གནང་རྒྱུ་དེ་ནི་ཆབ་སྲིད་དང་འབྲེལ་མེད་པར་དད་ལྡན་མང་ཚོགས་ཀྱི་ཆོས་ལུགས་དད་མོས་ཀྱི་བྱེད་སྒོ་ཞིག་ཆགས་ཡོད་སྟབས།  བོད་མི་ཙམ་མ་ཡིན་པར་ཐ་ན་ཕྱིའི་རྒྱལ་ཁབ་ཁག་གི་ཡུལ་མི་མང་པོས་༸གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་གནང་བཞིན་ཡོད།  ཡིན་ནའང་།  རྒྱ་གཞུང་གིས་བོད་མིར་བཙན་གནོན་དབང་སྒྱུར་བྱ་ཆེད་ཆོས་ཀྱི་བྱེད་སྒོ་ཁག་ཀྱང་ཆབ་སྲིད་ལ་ཁ་གཡར་ཏེ་བཀག་སྡོམ་དམ་དྲག་བྱེད་བཞིན་ཡོད།

photo1ཕྱི་ཟླ་ ༧ ཚེས་ ༦ ཉིན་གྱི་ཞོགས་པར་ཁམས་རྟའུ་ཉ་མཚོ་དགོན་གྱི་གྲྭ་བ་དང་དགེ་ལྡན་ཆོས་གླིང་གི་བཙུན་མའི་གཙོས།  ས་གནས་སེར་སྐྱ་མི་མང་གིས་༸གོང་ས་མཆོག་འཁྲུངས་སྐར་སྲུང་བརྩིའི་ཆེད།  ཡུལ་དེའི་གནས་རི་འགངས་ཆེན་རྨ་ཆེན་སྤོམ་རའི་རྩེར་བསང་གསོལ་གཏོང་བར་ཕྱིན་སྐབས།  རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་དམག་དཔུང་གིས་གནས་རི་རྨ་ཆེན་སྤོམ་རའི་རི་རྩེ་ཡོངས་སུ་བསྐོར་ཏེ་བསང་གསོལ་གཏོང་མ་བཅུག་པར་བཀག་འགོག་བྱས་ཡོད་པ་དང་། སྐབས་དེར།  ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༣ ཉིན་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་གྱིས་སྐུ་གྲོངས་མཁན་བཙུན་མ་དཔལ་ལྡན་ཆོས་མཚོ་ལགས་ཀྱི་གཅུང་པོ་ཉ་མཚོ་དགོན་པའི་གྲྭ་བྱང་ཆུབ་རྡོ་རྗེ་ཡིས་མོ་ཊ་སྐོར་ཏེ་རི་རྩེར་འབྱོར་མ་ཐག  རྒྱ་གཞུང་གི་དམག་མིས་མོ་ཊའི་ལམ་བཀག་སྟེ་རྡོ་བཞུས་ནས་ཤེལ་སྒོ་སོགས་བཅག་པར་བརྟེན། ཤེལ་སྒོ་གཅོག་མཁན་དམག་མི་དང་མང་ཚོགས་བར་ཁ་རྩོད་ཤོར་ཡོད་པ་དང་།  སྐབས་དེར་གྲྭ་བཙུན་རྣམས་ཀྱིས་ཕན་ཚུན་བར་སྐད་ཆ་བཤད་དེ་ཞི་བའི་ཐོག་ནས་གནད་དོན་སེལ་ཐབས་བྱ་དགོས་པའི་རེ་སྐུལ་བཏོན་ཡོད་ཀྱང་།  རྒྱ་གཞུང་གི་དམག་མིས་སྣང་འཇོག་ཙམ་ཡང་མ་བྱས་པར་མང་ཚོགས་ཀྱི་ཐོག་ལ་གང་བྱུང་མེ་མདའ་བརྒྱབ་སྟེ་མི་མང་པོར་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་པ་མ་ཟད། མང་ཚོགས་ཁྲོད་མིག་སྦྲིད་བྱེད་ཀྱི་དུག་རླངས་བཏང་ནས་མང་ཚོགས་ལ་གཅར་རྡུང་དྲག་པོ་བྱས་ཏེ།  གྲྭ་བ་དང་མི་སྐྱ་མང་པོ་རི་མགོ་ནས་འཇུ་བཟུང་བཙན་ཁྲིད་བྱས་ཡོད་འདུག

Continue Reading

Jigme_Gyatso-274x300
འཇིགས་མེད་རྒྱ་མཚོ་ལགས་རྒྱ་གཞུང་གི་བཙོན་འཇུག་མནར་གཅོད་འོག་ལ་མ་ཚུད་པའི་ཡར་སྔོན་གྱི་འདྲ་པར།

ལོ་ངོ་བཅུ་བདུན་རིང་བཙོན་འཇུག་མནར་གཅོད་མྱངས་པའི་འཇིགས་མེད་རྒྱ་མཚོ་ལགས་ཕྱི་ལོ་ ༢༠༡༣ ཕྱི་ཟླ་ ༤ ཚེས་ ༣ ཉིན་ཀློད་གྲོལ་ཐོབ་ཡོད། བཙོན་འོག་ཏུ་མ་ཚུད་པའི་ཡར་སྔོན་གྱི་ཁོང་ནི་རང་ལོ་ ༣༥ སོན་པའི་ལུས་སེམས་བདེ་ཐང་ཅན་གྱི་ མི་དར་མ་ཞིག་ཡིན། ཡིན་ནའང་། ལོ་ ༡༧ རིང་རྒྱའི་བཙོན་འོག་ཏུ་སྡུག་སྦྱོང་མནར་གཅོད་མྱངས་པར་བརྟེན་མིག་ཤེས་ཉམས་ཏེ་གསལ་བོ་མི་མཐོང་བར་གྱུར་ཡོད་པ་མ་ཟད། སེམས་ཁམས་ཐང་པོ་མེད་པ་དང་མཁལ་མར་ན་ཚ་ཕོག་སྟེ་རྒྱུན་ལྡན་གྱི་མི་ནང་བཞིན་གཟུགས་པོ་དྲང་པོར་འགྲེང་སྟེ་འགྲོ་བསྐྱོད་མི་ཐུབ་པའི་གནས་སྟངས་འོག་ལྷུང་ཡོད།

Continue Reading

wang_chen_Dolma
རྟའུ་རྫོང་དུ་རང་ལུས་མེར་བསྲེགས་ཀྱིས་སྐུ་གྲོངས་མཁན་བཙུན་མ་དབང་ཆེན་སྒྲོལ་མ་ལགས།

ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་ཁམས་རྟའུ་རྫོང་ཐོག་ནས་བཙུན་མ་དབང་ཆེན་སྒྲོལ་མས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ལ་ངོ་རྒོལ་གནང་སྟེ།  ཕྱི་ཚེས་ ༡༤ ཉིན་གྱི་ཕྱི་དྲོ་དར་རྩེ་མདོའི་སྨན་ཁང་ཞིག་ཏུ་སྐུ་གྲོངས་ཡོད་པ་དང་།  རྒྱ་གཞུང་གིས་ཁོང་མོའི་སྐུ་ཕུང་ནང་མིར་རྩིས་སྤྲོད་མ་བྱས་པར་མེར་བསྲེགས་བྱས་ཡོད་འདུག  བཙུན་མ་དབང་ཆེན་སྒྲོལ་མ་ནི་ཁམས་རྟའུ་རྫོང་དུ་རྒྱ་ནག་སྲིད་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་མཁན་གསུམ་པ་དང་།  བོད་ནང་རང་ལུས་མེར་བསྲེགས་གནང་མཁན་  ༡༡༩ པ་དེ་ཆགས་ཡོད།  ཡིན་ནའང་། རྒྱ་གཞུང་གིས་བོད་ནང་གི་དངོས་ཡོད་དཀའ་སྡུག་གནས་སྟངས་ལ་ཉན་འཇོག་མ་བྱས་པར་བོད་ནང་མུ་མཐུད་དྲག་གནོན་དམ་དྲག་གི་བྱ་སྤྱོད་ཁོ་ན་ལག་བསྟར་བྱེད་བཞིན་ཡོད།

Continue Reading

chakdor 01
ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཆད་ཕོག་མཁན་གླུ་བ་ཕྱག་རྡོ་ལགས།

བོད་མདོ་སྨད་རྔ་པ་རང་སྐྱོང་ཁུལ་རྨེའུ་རུ་མའི་གླུ་བ་པདྨ་འཕྲིན་ལས་དང་ཕྱག་རྡོར་གཉིས་ཟླ་ ༦ ལྷག་རིང་རྔ་པ་རྫོང་དུ་བཀག་ཉར་གྱིས་འདྲི་གཅོད་གཅར་རྡུང་སྣ་ཚོགས་བྱས་རྗེས། འདི་ལོའི་ཕྱི་ཟླ་ལོ་ ༢ ནང་ཁོང་གིས་ལ་ལོ་ ༢ བཙོན་འཇུག་ཁྲིམས་ཐག་བཅད་དེ་སི་ཁྲོན་མཱེན་ཡང་ཞེས་པའི་ས་གནས་བཙོན་ཁང་ཞིག་ཏུ་ཁྲིད་ཡོད་པ་དང་། ཁོང་གཉིས་ཀྱི་ནང་རྣམས་ཐེངས་གཉིས་ལ་ཐུག་འཕྲད་ཆེད་མཱེན་ཡང་བཙོན་ཁང་དུ་བསྐྱོད་ཡོད། བཙོན་ཁང་གི་འབྲེལ་ཡོད་མི་སྣས་ཁོང་གཉིས་དེར་མེད་ཚུལ་བརྗོད་དེ་ཐུག་འཕྲད་བྱེད་བཅུག་མེད་སྟབས། ད་ལྟའི་ཆར་ཁོང་གཉིས་གར་ཡོད་གང་གནས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པར་ལྷག་ཡོད་འདུག

Continue Reading

001
བིས་མདོ་ཞང་ཆུ་རྐྱལ་གོང་མ་སྡེ་བའི་རང་ལོ་ ༢༧ ཡིན་པའི་གྲྭ་བརྩོན་འགྲུས་ལགས།

བོད་མདོ་སྨད་བིས་མདོ་དགོན་ཆེན་གྱི་གྲྭ་བརྩོན་འགྲུས་དང་ཚུལ་ཁྲིམས་གཉིས་རྒྱ་གཞུང་གིས་འཇུ་བཟུང་བཀག་ཉར་འོག་འདས་པའི་ཟླ་ ༥ རིང་གར་སོང་ཆ་མེད་དུ་གྱུར་མཐར། འདི་ལོའི་ཕྱི་ཟླ་ ༤ ཚེས་ ༡༨ ཉིན་མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཁུལ་ཡ་རྫི་རྫོང་མི་དམངས་ཁྲིམས་ཁང་གིས་ཁོང་གཉིས་ལ་ལོ་ ༣ རེའི་བཙོན་འཇུག་ཁྲིམས་ཐག་བཅད་དེ། ནང་མི་ཉེ་འབྲེལ་ཚོར་ཐུག་འཕྲད་ཐེངས་གཅིག་བྱེད་བཅུག་རྗེས་སླར་ཡང་གར་ཡོད་གནས་སྟངས་ཆ་མེད་དུ་གྱུར་ཡོད་འདུག

Continue Reading

ཕྱི་ཟླ་ ༥ ཚེས་ ༢༧ ཉིན་ཏེ་བོད་ལུགས་ཟླ་ག་ཟླ་བའི་ཚེས་ ༡༧ ཉིན། བོད་མདོ་ཁམས་ཡུལ་ཤུལ་གྱི་རང་ལོ་ ༣༡ ཡིན་པའི་བསྟན་འཛིན་ཤེས་རབ་ལགས་ཀྱི་རང་ལུས་མེར་བསྲེགས་ཀྱིས་སྐུ་གྲོངས་ཡོད་པ་དང་། ཁོང་ནི་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་བསྒྱུར་སྲིད་ཇུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་མཁན་ ༡༡༨ པ་དེ་ཆགས་ཡོད་པ་རེད། ཡིན་ནའང་། རྒྱ་གཞུང་གིས་རང་ལུས་མེར་བསྲེགས་གནང་མཁན་བོད་མི་རྣམས་ཀྱི་ཞུ་འབོད་སྣང་མེད་དུ་བཏང་སྟེ།  བོད་ནང་དུ་སྔར་བས་དམག་མི་མང་པོ་འགྲེམས་འཇོག་གིས་མུ་མཐུད་དྲག་གནོན་བྱེད་བཞིན་ཡོད།

image
རང་ལུས་མེར་བསྲེགས་འདས་གྲོངས་ཕྱིན་པའི་བསྟན་འཛིན་ཤེས་རབ་ལགས།

འདི་ག་ལྟེ་གནས་ཁང་ལ་ཁུངས་ལྡན་གནས་ཚུལ་འབྱོར་གསལ། ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་ཁམས་ཡུལ་ཤུལ་ཆུ་དམར་ལེབ་རྫོང་ཆིག་སྒྲིལ་གྲོང་བརྡལ་སྐྱ་འཁྱོག་ཡུལ་ཚོའི་རི་ཁག་གཉིས་པ་ཨ་དྲེལ་སྡེ་པའི་བསྟན་འཛིན་ཤེས་རབ་ལགས་ཀྱིས་ཆུ་དམར་ལེབ་རྫོང་ནས་ཆུ་ཚོད་ ༢ ཀྱི་སར་ཡོད་པའི་རྒྱ་རིང་ཟེར་བའི་ས་ཆ་ནས་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་སུ་ཡོད་འདུག ཁོང་འདས་གྲོངས་སུ་གྱུར་བ་ཤེས་རྟོགས་བྱུང་མ་ཐག་ཆུ་དམར་ལེབ་རྫོང་ཉེན་རྟོག་པ་བསླེབས་ཏེ་ཁོང་གི་སྐུ་ཕུང་བཙན་ཁྱེར་བྱས་ཡོད་ཀྱང་། ཁ་སང་ཕྱི་ཚེས་ ༢༨ ཉིན་ཁོང་གི་ནང་མི་སྐད་བཏང་ནས་སྐུ་ཕུང་རྩིས་སྤྲོད་བྱས་ཡོད་པ་དང་། ཕྱི་ཚེས་ ༢༩ ཉིན་ཞོགས་པར་ཁོང་གི་སྐུ་ཕུང་ཞུགས་འབུལ་བྱ་རྩིས་བྱས་ཡོད་ཀྱང་། ཉེན་རྟོག་པ་ཁ་ཤས་བསླེབས་ཏེ་བཀག་སྡོམ་བྱས་ཡོད་འདུག

Continue Reading

to top