རྒྱ་གཞུང་གིས་འབྲི་རུ་རྫོང་དུ་དྲག་རྡུང་གཉའ་གནོན་གྱི་ལས་འགུལ་སྤེལ་ཏེ་མང་ཚོགས་ཀྱི་གནས་སྟངས་ཛ་དྲག་ཆགས་འདུག

རྒྱ་གཞུང་གིས་འབྲི་རུ་རྫོང་ནི་བོད་རང་སྐྱོང་ལྗོངས་ཡོངས་ལ་དམར་ཤོག་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་བསྟར་མགོ་འཛུགས་ཀྱི་ཚོད་ལྟའི་ས་ཁུལ་དུ་བཟུང་སྟེ།  ལས་དོན་རུ་ཁག་དང་ལས་བྱེད་མང་པོ་ཆེད་གཏོང་གིས་དམར་ཤོག་པའི་གཅིག་སྡུད་དབང་སྒྱུར་གྱི་ཆབ་སྲིད་དྲིལ་བསྒྲགས་ལས་འགུལ་སྤེལ་བར་བརྟེན་ནས།  ས་གནས་བོད་རིགས་མང་ཚོགས་རྣམས་ཐབས་ཟས་འུ་ཐུག་གིས་འདུག་བཟོད་མི་ཐུབ་མི་གནས་སུ་གྱར་ཏེ།  ཕྱོགས་ཡོངས་ནས་མང་ཚོགས་རང་བཞིན་གྱི་ཞི་བའི་ངོ་རྒོལ་གྱི་ལས་འགུལ་བྱུང་བར།  རྒྱ་གཞུང་གིས་ཉེན་རྟོག་པ་དང་དམག་མི་འགྲེམས་འཇོག་གི་ཁྲག་དྲི་བྲོ་བའི་དྲག་རྡུང་གཉའ་གནོན་བྱས་ཏེ།  ད་ལྟའི་ཆར་འབྲི་རུ་རྫོང་ཁོངས་སུ་གནས་ཚུལ་ཛ་དྲག་ཆགས་བཞིན་ཡོད་འདུག

photo03
རྒྱ་གཞུང་ཉེན་རྟོག་དམག་མིས་མེ་མདའ་བརྒྱབ་སྟེ་བླ་རུས་བཅག་ཡོད་པའི་བླ་མ་ལུང་པའི་བསམ་འབས་ཀྱི་བུ་བཀྲ་རྒྱལ།

འདི་གར་གསར་དུ་གནས་ཚུལ་འབྱོར་དོན།   ཉེ་སྔོན་རྒྱ་གཞུང་གིས་ལས་དོན་རུ་ཁག་གིས་ས་གནས་སུ་དམར་ཤོག་པའི་ལམ་ཕྱོགས་སློབ་གསོའི་ལས་འགུལ་རིགས་སྤེལ་སྐབས།  འབྲི་རུ་རྫོང་ཟླ་ཐང་ཤང་གཡང་ཐང་གྲོང་ཚོ་བཞི་པའི་རྡོ་རྗེ་གྲགས་རྩལ་ལགས་ཀྱིས་དང་ལེན་མ་བྱས་པར་མི་འདོད་པའི་རྣམ་འགྱུར་བསྟན་པའི་རྐྱེན་གྱིས།   སྡེ་བའི་ནང་བཅའ་སྡོད་ལས་བྱེད་ཚོས་རྒྱ་གཞུང་འབྲེལ་ཡོད་སྡེ་ཁག་ལ་ལྐོག་ནས་སྙན་ཞུ་ཕུལ་ཡོད་སྟབས།  ཕྱི་ཟླ་ ༡༠ ཚེས་ ༣ ཉིན་རྡོ་རྗེ་གྲགས་རྩལ་ལགས་རོགས་པ་འགའ་དང་མཉམ་དུ་གཡང་ཐང་ནས་ནག་ཆུ་རུ་བསླེབས་རྗེས།  ཉིན་དེའི་དགོང་མོ་རྒྱ་གཞུང་ཉེན་རྟོག་པས་གསང་བའི་ཐོག་ཁོང་འཇུ་བཟུང་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་ཡོད་འདུག

རྒྱ་གཞུང་གིས་རྡོ་རྗེ་གྲགས་རྩལ་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་གྱུར་བའི་གནས་ཚུལ་དེ་ས་གནས་མང་ཚོགས་ཀྱིས་ཤེས་རྟོགས་བྱུང་རྗེས།  ཕྱི་ཚེས་ ༦ ཉིན་ས་གནས་ཡུལ་མི་རྣམས་ཀྱིས་ཁོང་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་བྱས་པར་བརྟེན།  རྒྱ་དམག་གིས་མང་ཚོགས་ཀྱི་ཐོག་ལ་གང་བྱུང་མེ་མདའ་བརྒྱབ་སྟེ་བླ་མ་ལུང་པའི་བསམ་འབས་ཀྱི་བུ་བཀྲ་རྒྱལ་གྱི་བརླ་རུས་བཅག་ཡོད་པ་དང་།  ཁོང་གི་རྨ་ཁ་ནས་ཁྲག་མང་པོ་ཐོན་པར་བརྟེན་སྲོག་ལ་ཉེན་ཁ་འཕྲད་ཡོད་འདུག

སྐབས་དེར་གཞུང་གི་དམག་མི་སུམ་བརྒྱ་ཙམ་གྱིས་ཕོ་མོ་རྒན་གཞོན་མེད་པར་དྲག་རྡུང་བྱས་ཏེ་མི་གྲངས་ ༦༠ ཙམ་ལ་རྨས་སྐྱོན་དྲག་པོ་བཟོས་ཡོད་པ་མ་ཟད།  མང་ཚོགས་ཁྲོད་མིག་སྦྲིད་དུག་མདའ་བརྒྱབ་སྟེ་མི་མང་པོ་དྲན་མེད་དུ་བརྒྱལ་བཅུག་ཡོད་པ་རེད།  དེའི་ཁྲོད་ཚེ་དབང་གི་འགྲམ་རུས་གཉིས་ཀ་བཅག་སྟེ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་སྟབས། ཕྱི་ཚེས་ ༧ གྱི་དགོང་མོ་ལྷ་སའི་སྨན་ཁང་ཞིག་ལ་ཁྱེར་ཡོད་པ་དང་།  ད་དུང་བློ་བཟང་དབང་ཆེན་དང་། དཔའ་རྡོད་དགྲ་ལྷའི་བུ་གཉིས་བཅས་མི་ ༡༧ ཙམ་ལ་རྨས་སྐྱོན་ལྕི་མོ་ཕོག་སྟེ་ཡར་ལངས་མི་ཐུབ་པ་ཆགས་ཡོད་འདུག

ཕྱི་ཚེས་ ༦ ཉིན་གྱི་ཕྱི་དྲོ་སླས་དམར་མདོ་རུ་རྒྱ་གཞུང་གི་དམག་མི་སུམ་བརྒྱ་ཙམ་གྱིས་དམག་གུར་བརྒྱབ་སྟེ་འདུག་སྡོད་བྱས་ཡོད་པ་དང་།  ས་གནས་དེ་གར་གནས་ཚུལ་མུ་མཐུད་ཛ་དྲག་ཏུ་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་འཕྲད་ཀྱིན་ཡོད་མོད།  རྒྱ་གཞུང་གིས་ཁ་པར་དང་དྲྭ་ལམ་ཆ་ཚང་ལ་བཀག་སྡོམ་བྱས་ཡོད་པར་བརྟེན་གནས་ཚུལ་ཤེས་རྟོགས་ཐུབ་རྒྱུ་ཧ་ཅང་ཁག་པོ་ཆགས་འདུག

mmexport1381141208508
རྒྱ་གཞུང་གི་འཇུ་བཟུང་དྲག་རྡུང་འོག་རྨས་ཆེན་པོ་ཕོག་སྟེ་ལྷ་ས་མི་དམངས་སྨན་ཁང་གི་ནད་ཁྲི་ཨང་ ༡༨ པའི་སྟེང་བསྐྱལ་ཡོད་པའི་འབྲི་རུ་མོ་བ་ཐང་གི་ཚེ་རིང་རྒྱལ་མཚན།

དེ་བཞིན། ཕྱི་ཟླ་༩ ཚེས་༢༨ཉིན་ནས་བཟུང་ཆུ་ཚོད་༤༨ རིང་འབྲི་རུ་རྫོང་མོ་བ་ཐང་གྲོང་ཚོར་དྲག་གནོན་བཀག་སྡོམ་འོག་མི་ ༤༠ ཙམ་འཇུ་བཟུང་བཙན་ཁྲིད་བྱས་ཡོད་པ་མ་ཟད།   ཐ་ན། སྒོ་ཁྱི་ལ་ལྟོ་ལྡུད་པ་དང་ཕྱུགས་ཟོག་རི་ལ་རྩྭ་ཁ་སོགས་ཀྱང་བྱེད་མ་བཅུག་པར།  ནང་ལ་ཡོད་པའི་མི་ཚང་མ་སྒོར་འབུད་མ་བཅུག་པར་མེ་མདའ་སོ་ཁ་ནས་ཁྱིམ་ཆས་ཡོངས་རྫོགས་བསྔོགས་སོགས་བྱས་ཏེ།  མང་ཚོགས་ཐོག་གདུག་རྩུབ་དྲག་སྤྱོད་ཀྱི་བྱ་སྤྱོད་སྤེལ་ཡོད་ལ།  འཇུ་བཟུང་བྱས་པའི་མི་ ༤༠ ཁྲོད་ནས་འབྲི་རུ་མོ་བ་ཐང་གི་ཕ་རྒྱལ་མཚན་དང་མ་དར་སྐྱིད་གཉིས་ཀྱི་བུ།  ད་ལྟ་རང་ལོ་ ༢༥ ཡིན་པ་ཚེ་རིང་རྒྱལ་མཚན་ལ་རྒྱ་གཞུང་ཉེན་རྟོག་པས་ཉེས་རྡུང་དྲག་པོ་བཏང་སྟེ།  ཕྱི་ཟླ་ ༡༠ ཚེས་ ༥ ཉིན་ལྷ་ས་མི་དམངས་སྨན་ཁང་གི་ཕྱི་ནད་ཚན་ཁག་ཁང་བརྩེགས་ལྔ་པའི་ནད་ཁྲི་ ༡༨ པའི་སྟེང་འབྱོར་ཡོད་པ་རེད། ཁོང་ལ་ཕྱི་ཚེས་ ༢༩ ཉིན་ཉེས་རྡུང་རྨས་སྐྱོན་ཕོག་རྗེས་རྒྱ་གཞུང་གིས་ཉིན་བདུན་ཙམ་རིང་སྨན་ཁང་དུ་འགྲོར་མ་བཅུག་པར་བསམ་བཞིན་མནར་གཅོད་བཏང་ཡོད་འདུག   ད་ལྟ་ཁོང་གི་གཅིན་པ་དང་བཙོག་པ་ཚང་མ་ཁྲག་བབས་ཏེ་འཆི་གསོན་ཧ་གོ་དཀའ་བའི་གནས་སུ་གྱུར་ཡོད་པ་རེད།  ཡིན་ནའང་།  སྨན་པ་ཚོས་ཕྱི་ནད་རེད་ཅེས་བརྗོད་དེ་རྨས་སྐྱོན་ག་རེ་བཟོས་ཡོད་མེད་འགྲེལ་བརྗོད་མི་བྱེད་པ་མ་ཟད།  ཁོང་ལ་སྨན་བཅོས་བྱ་རྒྱུའི་ཐད་དོ་སྣང་དང་རོགས་རམ་མཐུན་འགྱུར་ཀྱང་ཡག་པོ་བྱེད་ཕོད་ཀྱི་མེད་འདུག  ད་དུང་། ཕྱི་ཚེས་ ༦ ཉིན་ལྷ་ས་མི་དམངས་སྨན་ཁང་ནང་ཚེ་རིང་རྒྱལ་མཚན་ལ་ལྟ་རུ་བསླེབས་མཁན་གྱི་ས་གནས་ཡུལ་མིའི་གྲས་ནས།  འབྲི་རུ་ཚྭ་ཆུ་ཨུ་ཐང་གྲོང་གི་ཆོས་འཛིན་གློ་བུར་དུ་རྒྱ་གཞུང་གི་འཇུ་བཟུང་བཙན་ཁྲིད་འོག་གར་སོང་ཆ་མེད་དུ་གྱུར་ཡོད་འདུག

གཞན་ཡང་། ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༢ ཉིན་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་འབྲི་རུ་རྫོང་ཚྭ་ཆུ་ཤང་གདོང་ལ་གྲོང་དུ།  རྒྱ་གཞུང་གིས་དམར་ཤོག་པའི་ལམ་ཕྱོགས་སློབ་གསོའི་ལས་འགུལ་སྤེལ་ཏེ།  བོད་རིགས་མང་ཚོགས་རྣམས་ལ་རྒྱ་ནག་གི་རྒྱལ་དར་འཕྱར་ཏེ་གླུ་ལེན་བྲོ་འཁྲབ་ཀྱིས་སྤྲོ་སྐྱིད་གཏོང་དགོས་པའི་བཙན་བཀའ་བཏང་བར་བརྟེན། རི་མདོ་གྲོང་ཚོའི་རང་ལོ་ ༦༨ ཡིན་པའི་རྒན་པོ་ཟླ་གཡང་ལགས་ཀྱིས་བོད་ནང་རྒྱ་གཞུང་གི་བཙན་དྲག་འོག་བདེ་སྐྱིད་མེད་པའི་དངོས་ཡོད་གནས་ལུགས་རྒྱུ་མཚན་བརྗོད་དེ་ཞི་བའི་ངོ་རྒོལ་བྱས་ཡོད་འདུག   སྐབས་ཐོག་དེར་རྒྱ་གཞུང་ལས་བྱེད་ཚོས་ཁོང་ལ་འཇུ་བཟུང་གཅར་རྡུང་རིགས་བྱས་མེད་ཀྱང་།  ཉིན་དེའི་མཚན་གྱི་ཆུ་ཚོད་ ༢ ཙམ་ལ་རྒྱ་གཞུང་ཉེན་རྟོག་པ་རྣམས་གསང་བའི་ཐོག་རྒན་པོ་ཟླ་གཡང་གི་ཁྱིམ་དུ་འཛུལ་ཡོང་སྟེ། ཁོའི་བཟའ་ཟླའི་མགོ་བོ་བཙན་གྱིས་བཏུམས་རྗེས།  རྒན་པོ་ཟླ་གཡང་གསང་བའི་ཐོག་བཙན་ཁྲིད་བྱས་ཏེ་ཡུན་རིང་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་།  ད་ལྟ་རྒྱ་གཞུང་གིས་ཁོང་ལ་ལོ་དང་ཟླ་བ་ལྔའི་བཙོན་འཇུག་ཁྲིམས་ཆད་བཅད་ཟིན་ཡོད་པ་མ་ཟད།  འཇུ་བཟུང་བཀག་ཉར་སྐབས་གཅར་རྡུང་དྲག་པོ་བཏང་སྟེ་རྨས་སྐྱོན་ཆེན་པོ་བཟོས་ཡོད་སྟབས།  ཕྱི་ཚེས་ ༦ ཉིན་ལྷ་ས་སྨན་ཁང་ནང་རྒན་པོ་ཁོང་ལ་ཉེན་རྟོག་པས་ལྟ་རྟོགས་བཀག་སྡོམ་འོག་སྨན་བཅོས་བྱེད་དགོས་བྱུང་འདུག

ཕྱི་ཟླ་ ༩ ཚེས་ ༢༩ ཉིན། ཚྭ་ཆུ་ཤང་ནས་སྟག་ལྷས་གྲོང་མང་ཚོགས་ ༢༠ ཙམ་དང་། དེ་བཞིན། བ་རོ་དང་ལ་འོག  ཀོ་ན། བྲམ་ལག་སོགས་གྲོང་ཚོ་ཁག་ནས་བོད་མི་མང་པོས།  རྒྱ་གཞུང་དྲག་ཆས་ཉེན་རྟོག་པ་དང་དམག་མི་བཅས་འཇུ་བཟུང་བཀག་ཉར་འོག་ཡོད་པའི་བོད་མི་རྣམས་ཀློད་དགོས་པའི་རེ་ཞུ་བྱས་བར།  རྒྱ་དམག་གིས་རེ་ཞུ་བྱེད་མཁན་བོད་མི་ཚོར་ཉེས་རྡུང་དང་མནར་གཅོད་དྲག་པོ་བཏང་སྟེ་མི་ ༡༠༠ ཙམ་ལ་རྨས་སྐྱོན་ཕོག་འདུག  རྒྱ་གཞུང་གིས་རྨས་སྐྱོན་ཕོག་མཁན་ཚང་མར་སྨན་བཅོས་ཀྱི་ཐོབ་ཐང་སྤྲད་མེད་པ་མ་ཟད།  བོད་མི་དེ་དག་སོ་སོའི་ཁང་ཁྱིམ་གྱི་ཕྱི་ནང་ལའང་འགྲོ་བསྐྱོད་མི་ཆོག་པའི་བཀག་སྡོམ་བྱེད་ཀྱི་ཡོད་འདུག

རྒྱ་གཞུང་ཉེན་རྟོག་པ་དང་དམག་གིས་འབྲི་རུ་རྫོང་ཁོངས་ཀྱི་བོད་མིའི་གྲོང་སྡེ་ཁག་ལ་དྲག་གནོན་གྱི་ཛ་དྲག་གནས་ཚུལ་དེ་དག་བྱུང་བར་བརྟེན།  ཕྱི་ཚེས་ ༧ ཉིན་འབྲི་རུ་སྨད་ནས་ས་གནས་བོད་མི་མང་པོ་ཞིག་ཟླ་ཐང་ཕྱོགས་སུ་གདུང་སེམས་མཉམ་སྐྱེད་ཆེད་འགྲོ་འཆར་བྱས་ཡོད་ཀྱང་།  ཁྲ་རིང་ཤང་ནས་རྒྱ་གཞུང་གིས་བཀག་འགོག་བྱས་ཏེ་མི་གཅིག་ཀྱང་བཏང་མེད་པ་རེད།  ཕྱི་ཚེས་ ༦ ཉིན་གྱི་དགོང་མོ་ནས་བཟུང་ལྷ་ས་དང་ནག་ཆུ་ལ་ཡོད་པའི་འབྲི་རུའི་མི་རྣམས་ཕྱིར་འབྲི་རུ་ལ་ལོག་མི་ཆོག་པའི་གཞུང་གི་བཀའ་རྒྱ་བཀྲམ་ཡོད་པ་མ་ཟད།  དྲག་རྡུང་འོག་རྨས་སྐྱོན་ཕོག་ཡོད་པའི་ནད་པ་མང་པོར་སྨན་བཅོས་བྱ་མི་ཆོག་པའི་བཀག་འགོག་ཀྱང་བྱས་ཡོད་འདུག    ད་ལྟའི་ཆར་ནག་ཆུ་ས་ཁུལ་དུ་དྲ་རྒྱ་དང་བརྡ་འཕྲིན་བརྒྱུད་ཁག་ཡོངས་རྫོགས་ལ་བཀག་འགོག་བྱས་ཡོད་སྟབས།  ས་གནས་ཁག་ཏུ་ཛ་དྲག་གནས་ཚུལ་ག་རེ་བྱུང་བཞིན་ཡོད་མེད་ཤེས་རྟོགས་ཐུབ་ཁག་པོ་ཆགས་ཡོད་པ་རེད།

འབྲི་རུ་རྫོང་དུ་ཛ་དྲག་གནས་ཚུལ་དེ་རིགས་འབྱུང་རྐྱེན་གཙོ་བོ་ནི།  འདི་ལོའི་ཕྱི་ཟླ་ ༧ ཚེས་ ༨ ཉིན་ནས་བཟུང་འབྲི་རུ་རྫོང་ཁོངས་ཀྱི་དགོན་པ་དང་གྲོང་སྡེ་ཁག་ནང་།  རྒྱ་གཞུང་གིས་དམར་ཤོག་པའི་ལམ་ཕྱོགས་སློབ་གསོ་ཞེས་པའི་ཆབ་སྲིད་ལས་འགུལ་སྤེལ་ཏེ།  བོད་གསར་རྙིང་གཉིས་བསྡུར་བའི་ཐོག་ནས་དམར་ཤོག་པའི་དྲིན་དྲན་པ་དང་། དམར་ཤོག་པའི་ཁ་ལ་ཉན་པ། དམར་ཤོག་པའི་རྗེས་སུ་འབྲངས་དགོས་པ་སོགས་སུན་གཙེར་བཀག་སྡོམ་བྱས་ཏེ་བོད་རིགས་མང་ཚོགས་རྣམས་འདུག་བཟོད་མི་བདེ་བའི་གནས་སུ་བསྐྱལ་བ་ལ་བརྟེན་ནས་བྱུང་ཡོད་པ་རེད།

རང་སྐྱོང་ལྗོངས་ཀྱི་དམར་ཤོག་རྒྱུན་ལས་དྲུང་གཞོན་ཝུ་ཡན་ཅའེ་ཡིས་དྲག་དམག་ལ་མཚམས་འདྲི་བྱས་ཏེ་དམག་དཔུང་གི་དྲག་སྤྱོད་ལ་རྒྱབ་སྒྱོར་གྱི་རྣམ་པ་སྟོན་བཞིན་པ།
རང་སྐྱོང་ལྗོངས་ཀྱི་དམར་ཤོག་རྒྱུན་ལས་དྲུང་གཞོན་ཝུ་ཡན་ཅའེ་ཡིས་དྲག་དམག་ལ་མཚམས་འདྲི་བྱས་ཏེ་དམག་དཔུང་གི་དྲག་སྤྱོད་ལ་རྒྱབ་སྒྱོར་གྱི་རྣམ་པ་སྟོན་བཞིན་པ།

འབྲི་རུ་རྫོང་དུ་དམར་ཤོག་པའི་ལམ་ཕྱོགས་སློབ་གསོ་ལག་བསྟར་བྱེད་པར་སྣེ་འཁྲིད་མཁན་གཙོ་བོ་ནི།  བོད་རང་སྐྱོང་ལྗོངས་དམར་ཤོག་རྒྱུན་ལས་དྲུང་ཆེ་གཞོན་པ་ཝུ་ཡན་ཅའེ་ཡིན་པ་རེད། ཕྱི་ཟླ་ ༩ ཚེས་ ༦ ཉིན་ཝུ་ཡིན་ཅའེ་ཡིས་འབྲི་རུ་རྫོང་དུ “མང་ཚོགས་ལམ་ཕྱོགས་རྒྱུན་འཁྱོངས།  འབྲི་རུ་འཆམ་མཐུན་འཛུགས་བསྐྲུན།” ལས་འགུལ་སྤེལ་མཁན་འགན་ཡོད་མི་སྣ་རྣམས་ལ་ཚོགས་འདུ་བསྐངས་ཏེ།  འབྲི་རུ་རྫོང་ནི་བོད་རང་སྐྱོང་ལྗོངས་ཡོངས་སུ་དམར་ཤོག་པའི་ལམ་ཕྱོགས་སློབ་གསོའི་ལས་འགུལ་ལག་བསྟར་ཐད་ཐོག་མའི་རྨང་གཞི་འཛུགས་སའི་ཚོད་ལྟའི་ས་ཁུལ་གཙོ་བོ་ཡིན་པ་བསྒྲགས་ཡོད་པ་དང་།  ཕྱི་ཟླ་ ༩ ཚེས་ ༢༠ ནས་ ༢༡ ཉིན་བར་ཝུ་ཡན་ཅའེ་ཡིས་བསྐྱར་དུ་འབྲི་རུ་རྫོང་ལམ་ཕྱོགས་སློབ་གསོ་སྤེལ་ཤུགས་ཆེ་རུ་གཏོང་ཐབས་ཐད་འགན་ཡོད་མི་སྣར་ཚོགས་འདུ་བསྐངས་ཏེ།  རིམ་པ་གཉིས་པའི་ལས་འགུལ་སྤེལ་ཕྱོགས་གོ་སྒྲིག་དང་།  ཕྱི་ཟླ་ ༩ ཚེས་ ༢༥ ཉིན་དགོན་སྡེ་ཁག་གི་དོ་དམ་འགན་ཡོད་མི་སྣ་རྣམས་ལའང་ལམ་ཕྱོགས་སློབ་གསོའི་དྲིལ་བསྒྲགས་ཚོགས་འདུ་བསྐངས་ཡོད་པ་རེད།    འབྲི་རུ་རྫོང་དུ་ས་གནས་མང་ཚོགས་ཀྱི་ངོ་རྒོལ་ལ་རྒྱ་དམག་གིས་དྲག་གནོན་གྱི་ཛ་དྲག་གནས་ཚུལ་བྱུང་བའི་རྗེས་སུའང་། རྒྱ་གཞུང་གིས་ནོར་འཁྲུལ་ཅན་གྱི་དྲིལ་བསྒྲགས་ལས་འགུལ་ཏེ་སྤེལ་མཚམས་བཞག་མེད་པ་མ་ཟད།   ཕྱི་ཟླ་ ༡༠ ཚེས་ ༣ ཝུ་ཡན་ཅའེ་ཡིས་བསྐྱར་དུ་འབྲི་རུ་རྫོང་དུ་དམར་ཤོག་པའི་ལམ་ཕྱོགས་སློབ་གསོའི་དྲིལ་བསྒྲགས་ལས་འགུལ་སྔར་བའི་སྤེལ་ཤུགས་ཆེ་རུ་གཏོང་དགོས་པའི་སྐོར་གྱི་ཚོགས་འདུ་བསྐངས་ཡོད་པ་དང་། ཚེས་ ༤ བོད་རིགས་མང་ཚོགས་ཐོག་དྲག་གནོདན་བྱེད་མཁན་ས་གནས་དྲག་ཆས་ཉེན་རྟོག་དམག་དཔུང་ལ་འཚམས་འདྲི་བྱས་ཏེ།  དམག་མིས་དྲག་རྡུང་བྱ་སྤྱོད་ལ་རྒྱབ་སྐྱོར་གྱི་རྣམ་པའི་ཐོག་ནས་བོད་རིགས་མང་ཚོགས་ལ་འཇིགས་སྐུལ་གྱི་རྣམ་འགྱུར་བསྟན་ཡོད་པ་རེད།

ཕྱི་ཟླ་ ༩ ཚེས་ ༡༣ ཉིན་བོད་ལྗོངས་ནག་ཆུ་གསར་འགྱུར་དྲ་བ་ཞེས་ས་གནས་གཞུང་འབྲེལ་བརྒྱུད་ལམ་ནང་།  འབྲི་རུ་རྫོང་དུ་དམར་ཤོག་ལམ་ཕྱོགས་སློབ་གསོ་སྤེལ་པའི་སྐོར་གི་གནས་ཚུལ་ནང་བཀོད་དོན།  ཕྱི་ཟླ་ ༨ ཚེས་ ༡༦ ནས་ ཕྱི་ཟླ་ ༩ ཚེས་ ༩ བར་ནག་ཆུ་ས་ཁུལ་གྱི་དྲིལ་བསྒྲགས་སྡེ་ཁག་གིས་སྣེ་ཁྲིད་དེ། “མང་ཚོགས་ལམ་ཕྱོགས་རྒྱུན་འཁྱོངས།  འབྲི་རུ་འཆམ་མཐུན་འཛུགས་བསྐྲུན།”  ཅེས་པའི་བརྗོད་གཞིའི་འོག  སྔ་ཕྱིར་འབྲི་རུ་རྫོང་གི་ཐང་ཆེན་དང་། འབྲི་རུ་གྲོང་བརྡལ་མོ་བ་དང་ཇུ་ཆིན་གྲོང་ཚོ།  ཤག་ཆུ་གྲོང་བརྡལ་ཤག་ཆུ་ཁ་མཁར་གྲོང་སྡོད་དམངས།  རླན་ཆུ་ཤང་གི་རྒན་གསོ་ཁང་དང་།  ཁ་མདའ་སྡེ་བ།  ས་མ་སྡེ་བ།  རི་པུ་སྡེ་བ།  ཚྭ་ཆུ་ཤང་རིན་མདོ་སྡེ་བ། ལྟག་ཐང་ཤང་གི་ནེ་ཕུ་སྡེ་བ་དང་ཅེ་ནང་སྡེ་བ། ཀུའུ་ལུང་དགོན་པ། ཆགས་རྩེ་ཤང་གི་ཆུས་རོང་མདོ་སྡེ་བ། མནའ་སྡེ་བ། སྤོ་མ་མདོ་སྡེ་བ་སོགས་སྡེ་བ་དང་དགོན་པ། མཁར་གྲོང་སྡོད་དམངས་ཁག་  ༢༡ ནང་ལ།  ཀྲུང་ཧྭ་རིག་གནས་དང་ཚན་རྩལ། འཕྲོད་བསྟེན། ཁྲིམས་སྲིད། རྒྱལ་གཅེས་ཆོས་གཅེས་བཅས་༼གཤམ་སྤེལ་ལྔ༽ཆབ་སྲིད་ལས་འགུལ་ཐེངས་ ༨༧ སྤེལ་ཡོད་པ་དང་།  ཁྱོན་བསྡོམས་མི་གྲངས་ ༢༩༩༨༦ མཉམ་ཞུགས་བྱེད་བཅུག་ཡོད་སྐོར་བསྒྲགས་འདུག  (གོང་བཀོད་སྡེ་བའི་སོ་སོའི་མིང་རྣམས་ནི་རྒྱ་ཡིག་ནས་ཚུར་སྒྲ་བསྒྱུར་བྱས་པ་ཡིན།)

5675019_459526
རྒྱ་གཞུང་ནག་ཆུ་ས་ཁུལ་དུ་ལམ་ཕྱོགས་སློབ་གསོའི་དྲིལ་བསྒྲགས་འཁྲབ་སྟོན་བཞིན་པའི་རྣམ་པ།

རྒྱ་གཞུང་གིས་ལམ་ཕྱོགས་སློབ་གསོའི་ཆབ་སྲིད་ལས་འགུལ་དེ་སྤེལ་སྐབས།   གྲོང་སྡེ་ཁག་ནང་ཆེད་མངགས་བྱས་ཡོད་པའི་ལས་དོན་རུ་ཁག་དག་གིས་སྣེ་འཁྲིད་འོག  ནག་ཆུ་ས་ཁུལ་གྱི་འཁྲབ་སྟོན་རུ་ཁག་དང་། འབྲི་རུ་རྫོང་གི་རིག་རྩེད་འཁྲབ་སྟོན་སྡེ་ཁག  དྲག་ཆས་ཉེན་རྟོག་དམག་དཔུང་།  སློབ་གྲྭ་ཆུང་འབྲིང་གི་སློབ་མ།   བྱིས་གཉོར་ཁང་གི་བྱིས་པ། དགེ་རྒན་སོགས་ལ་འགན་བཞག་སྟེ་ལམ་ཕྱོགས་སློབ་གསོ་དྲིལ་བསྒྲགས་ཀྱི་རིག་རྩེད་ཁག་འཁྲབ་སྟོན་བྱེད་འཇུག་གི་ཡོད་པ་དང་།  དེ་བཞིན།  ས་གནས་མང་ཚོགས་དང་གྲྭ་བཙུན། དགེ་སློབ།  གྲོང་སྡེ་ཁག་ཏུ་བཅའ་སྡོད་དམག་མི་དང་ལས་བྱེད་རུ་ཁག་སོགས་གྲལ་བསྒྲིགས་ཏེ་དྲིལ་སྒྲོག་འཁྲབ་སྟོན་ལ་ལྟ་རུ་བཅུག་པ་མ་ཟད།  ཁོ་ཚོའི་ལག་ཏུ་རྒྱ་ནག་གི་རྒྱལ་དར་དང་མེ་ཏོག་འཕྱར་ཏེ་གཡུགས་འཇུག་པ་དང་ལག་པ་ཐད་མོ་བརྡེབ་བཅུག་སྟེ། མང་ཚོགས་ལ་དགའ་སྣང་དང་སྤྲོ་སྐྱིད་ཡོད་མདོགས་ཀྱི་རྣམ་པ་སྟོན་འཇུག་གི་ཡོད་པ་དང་།  དེ་དང་མཉམ་དུ་དྲིལ་བསྒྲགས་ཡིག་ཆ་ཁྲི་གཅིག་དང་དེབ་ ༡༠༠༠ ལྷག  ‘ཞིང་བྲན” དང་ “མདུན་བསྐྱོད་རུ་དཔུང་” སོགས་དམར་ཤོག་གློག་བརྙན་རིགས་ཐེངས་ ༡༧ ལ་བསྟན་ཏེ། དམར་ཤོག་དགའ་བོ་བྱེད་པ་དང་རྒྱ་གཞུང་ལ་དྲིན་གཟོ་བ། རྒྱ་ནག་གཅིག་གྱུར་སྲུང་སྐྱོབ་དང་། ཁ་བྲལ་ལ་ངོ་རྒོལ། ཉེས་ཅན་ལ་དྲག་རྡུང་། དུས་ནམ་ཡང་དམར་ཤོག་པའི་སུ་འབྲངས་དགོའི་བློ་ཐག་གཅོད་དགོས་པའི་དྲིལ་བསྒྲགས་སློབ་གསོ་བཞིན་ཡོད་པ་དང་།  ལམ་ཕྱོགས་སློབ་གསོ་སྤེལ་མཁན་ལས་དོན་ཚོགས་ཆུང་རེར་མི་ ༤༡ རེ་ཡོད་འདུག

to top