ནག་ཆུ་ཁུལ་དུ་མདོ་སྟོད་སྨད་དུ་ཆོས་སློབ་གཉེར་དུ་བསྐྱོད་མཁན་ལ་སྤྱི་ཚོགས་བཙོན་པའི་ཉེས་མིང་འོག་བཀག་སྡོམ་བྱེད་བཞིན་འདུག

ད་ལྟ་ནག་ཆུ་ས་ཁུལ་དུ་རྒྱ་གཞུང་གིས་དམར་ཤོག་མང་ཚོགས་ལམ་ཕྱོགས་སློབ་གསོ་ཞེས་པའི་དྲག་གནོན་དམ་བསྒྲགས་ཀྱི་ཆབ་སྲིད་ལས་འགུལ་སྤེལ་ཏེ། ས་གནས་མང་ཚོགས་ལ་སུན་གཙེར་དང་དཀའ་ངལ་མང་པོ་སྤྲོ་བཞིན་པར་བརྟེན། མང་ཚོགས་རྣམས་ཐབས་ཟད་འུ་ཐུག་གི་གནས་སུ་ལྷུང་སྟེ་ཞི་བའི་རེ་ཞུ་དང་ངོ་རྒོལ་གནང་བར། རྒྱ་གཞུང་ཉེན་རྟོག་པ་དང་དམག་མི་འགྲེམས་འཇོག་གིས་ཡ་ང་བའི་དྲག་གནོན་བྱས་ཏེ་ནག་ཆུ་ས་ཁུལ་གྱི་གནས་སྟངས་ཛ་དྲག་ཆགས་བཞིན་ཡོད་པ་ལྟར། ཉེ་ཆར་གསར་དུ་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་བའི་ཕ་ཡུལ་ནག་ཆུ་ནས་ཡིན་པའི་བོད་མི་གཉིས་ལ་བཅར་འདྲི་བྱས་པར། ཁོང་གཉིས་ཀྱིས་རྒྱ་གཞུང་གིས་ནག་ཆུ་ས་ཁུལ་དུ་དམ་བསྒྲགས་སྲིད་ཇུས་སྤེལ་ཏེ་ས་གནས་མང་ཚོགས་ལ་དཀའ་ངལ་སྣ་ཚོགས་འཕྲད་བཞིན་པའི་དངོས་མཐོང་གནས་ཚུལ་ཁག་འགྲེལ་བརྗོད་གནང་སོང་།
གྲྭ་བག་གྲོ་ལགས་ནི་ད་ལྟ་རང་ལོ་ ༢༣ ཡིན་ལ། ཁོང་ནག་ཆུ་ས་ཁུལ་ལྷ་རི་རྫོང་དཔལ་ལྡན་གྲོང་ཚོའི་ཡིན་པ་རེད། ཆུང་དུས་སུ་སློབ་གྲྭར་ལོ་གཉིས་ཙམ་ལས་འགྲོ་མྱོང་མེད་པར། འབྲོག་ཁུལ་དུ་ཕ་མ་གཉིས་དང་མཉམ་དུ་འབྲོག་ལས་འཚོ་བ་རོལ་ནས་བསྡད་པ་དང་། ལོ་ ༢༠ སྟེང་རབ་བྱུང་སྒྲུབ་སྟེ་གསེར་རྟ་དགོན་པར་ཆོས་སློབ་གཉེར་ཆེད་བསྐྱོད་ནས། དེ་གར་ལོ་གསུམ་རིང་ནང་ཆོས་སློབ་གཉེར་གནང་རྗེས། ཉེ་ཆར་རོགས་པ་བདེ་རི་དང་མཉམ་དུ་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་ཡོད་པ་རེད།
ཁོང་གིས་འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་བརྗོད་པ་ལྟར་ན། སྤྱིར་བཏང་ནག་ཆུ་ས་ཁུལ་ལྷ་རི་རྫོང་ལ་མཚོན་ན། མང་ཚོགས་ཁྲོད་ཤེས་བྱ་ཡོན་ཏན་ཡོད་མཁན་ཉུང་ཉུང་ཡིན་འདུག ས་གནས་མང་ཚོགས་རྣམས་ཧ་ཅང་ཉམས་ཆུང་ཡིན་སྟབས། ས་གནས་དེར་ནམ་རྒྱུན་ཆབ་སྲིད་ཀྱི་དོན་རྐྱེན་བྱུང་བ་ཧ་ཅང་དཀོན་པོ་ཡིན་ཡང་། ས་གནས་རྒྱ་གཞུང་གིས་དུས་རྒྱུན་བཀག་སྡོམ་ནན་པོ་བྱེད་བཞིན་ཡོད་འདུག
ཕྱི་ལོ་ ༢༠༡༢ ལོར་མགོ་འཛུགས་ནས་ས་གནས་དེ་གའི་གྲོང་ཚོ་སོ་སོའི་ནང་བཅའ་སྡོད་ལས་བྱེད་གཉིས་རེ་གཏན་སྡོད་བྱེད་བཅུག་སྟེ། མང་ཚོགས་རྣམས་ལ་ཏཱ་ལའི་བླ་མའི་པར་སྒྲིག་བཤོམས་མི་ཆོག་པ་དང་། རྒྱ་གཞུང་དམར་ཤོག་པའི་ཁ་ལ་ཉན་དགོས་པ། གང་བྱུང་གི་དཀྲོག་གཏམ་ཤོད་མི་ཆོག་པ་དང་དཀྲོག་གཏམ་ལ་ཉན་མི་ཆོག་པའི་དྲིལ་སྒྲོག་སློབ་གསོ་སྤེལ་ཏེ། མི་ཚང་སོ་སོའི་ཁང་ཁྱིམ་གྱི་ཐོག་ལ་རྒྱ་གཞུང་དར་དམར་བཙན་གྱིས་བསྒྲེངས་འཛུགས་བྱེད་བཅུག་སྟེ་དམ་དྲག་ཤུགས་ཆེན་པོ་བྱེད་བཞིན་ཡོད་པ་རེད།
ལྷག་པར་ལྷ་རི་ཁུལ་དུ་དགོན་པ་ཆེ་ཆུང་བཅུ་གྲངས་ཤིག་ཡོད་པ་དེ་དག་ནང་གྲྭ་བཙུན་ཉུང་དུ་འགྲོ་བཞིན་ཡོད་འདུག རྒྱུ་མཚན་གཙོ་བོ་ནི་ས་གནས་སུ་བླ་མ་དགེ་བཤེས་སོགས་མེད་པར་བརྟེན། དགོན་པའི་ནང་གྲྭ་བཙུན་རྣམས་ལ་ཁ་འདོན་དགེ་སྦྱོར་བྱེད་རྒྱུ་ཙམ་ལས། དེ་མིན་ཆོས་ཕྱོགས་ཀྱི་ཐད་གཏིང་ཟབ་པའི་སློབ་གཉེར་ཞིག་ཡོང་ཐབས་མེད་པ་དང་། བོད་ཀྱི་གདན་ས་ཁག་དང་དགོན་སྡེ་ཆེ་ཁག་ནས་བླ་མ་དང་དགེ་བཤེས་མཁན་པོ་སོགས་ས་གནས་དགོན་སྡེ་ཁག་ནང་ཚུར་ཕེབས་ཏེ་གཏན་སྡོད་བྱས་ཆོག་གི་མེད་པ། ད་ལོ་ས་གནས་རྒྱ་གཞུང་གིས་ལྷ་རི་རྫོང་ཁོངས་སུ་ཡོད་པའི་དགོན་སྡེ་ཆེ་ཆུང་བཅུ་གྲངས་ཤིག་ཡོད་པ་དེ་དག་ནང་། ཁྱོན་བསྡོམས་གྲྭ་བཙུན་གྲངས་ ༡༧ ལས་ལྷག་གསར་ཞུགས་མི་ཆོག་པའི་གཏན་འབེབས་གསལ་བསྒྲགས་ཀྱང་བྱས་ཡོད་འདུག
གནས་ཚུལ་དེ་དག་གི་རྐྱེན་པས་གྲྭ་བཙུན་མང་པོ་ཞིག་མདོ་སྟོད་སྨད་ཁུལ་གྱི་དགོན་སྡེ་ཁག་ནང་སློབ་གཉེར་བྱེད་དུ་བསྐྱོད་བཞིན་ཡོད་འདུག ཡིན་ནའང་། སློབ་གཉེར་བྱས་ཏེ་ཕྱིར་ལོག་བྱས་རྗེས་ནག་ཆུ་ས་ཁུལ་གྱི་ཨ་མདོ་རྫོང་གི་ཉེས་རྟོག་པས་གྲྭ་བཙུན་རྣམས་འཇུ་བཟུང་བྱས་ཏེ། སོ་སོའི་སྐྱེས་ཡུལ་རྫོང་ཁག་སོ་སོར་རྩིས་སྤྲོད་བྱེད་ཀྱི་ཡོད་པ་དང་། རྫོང་ཁག་སོ་སོས་མདོ་སྟོད་སྨད་ཁུལ་དུ་སློབ་གཉེར་ཆེད་བསྐྱོད་མཁན་དང་། རྒྱ་གར་དུ་བྲོས་བྱོལ་འགྲོ་མཁན་གཉིས་ཉེས་པ་གཅིག་མཚུངས་ཡིན་ཚུལ་བརྗོད་དེ། མདོ་སྟོད་སྨད་ནས་སློབ་གཉེར་བྱས་ཏེ་ཕྱི་ལོག་པའི་གྲྭ་བཙུན་ཚོར་༼སྤྱི་ཚོགས་ཀྱི་བཙོན་པ་༽ཟེར་བའི་ཉེས་མིང་ཞིག་བཏགས་ཏེ། འགྲོ་འདུག་རང་དབང་བཙན་འཕྲོག་གིས་དམིགས་བསལ་དམ་བསྒྲགས་ཆེན་པོ་བྱེད་བཞིན་ཡོད་འདུག
མདོ་སྟོད་སྨད་ཁུལ་གྱི་དགོན་སྡེ་ཁག་ཏུ་ཆོས་སློབ་གཉེར་ཆེད་བསྐྱོད་མཁན་གྲྭ་བཙུན་རྣམས་ལ། ས་གནས་རྒྱ་གཞུང་གིས་སྤྱི་ཚོགས་ཀྱི་བཙོན་པ་ཟེར་བའི་ཉེས་མིང་བཀལ་ཐོག གྲྭ་བཙུན་རྣམས་ཀྱི་འགྲོ་བསྐྱོད་རང་དབང་ལ་བཀག་སྡོམ་བྱེད་བཞིན་པའི་ཐད། གྲྭ་བག་གྲོ་ལགས་ཀྱིས་སོ་སོའི་མིག་མཐོང་ལག་ཟིན་བྱུང་བའི་གནས་ཚུལ་ཞིག་དཔེ་མཚོན་དུ་དྲངས་དོན། “ ངའི་སྤུན་མཆེད་བཙུན་མ་གཉིས་དང་བཙུན་རོགས་བཞི་བཅས་གསེར་རྟ་དགོན་པར་བསྐྱོད་དེ་ཆོས་སློབ་གཉེར་བྱས་རྗེས། འདི་ལོ་ཕ་ཡུལ་ལ་ཕྱིར་ལོག་ཡོད་པ་རེད། ཁོང་ཚོ་ནག་ཆུ་ས་ཁུལ་ཨ་མདོ་རྫོང་ཁོངས་ནས་འཇུ་བཟུང་བྱས་ཏེ་ཉིན་གྲངས་བཅུ་ཙམ་བཀག་ཉར་བྱས་མཐར་གློད་བཀྲོལ་བཏང་ཡོད་ཀྱང་། ཉིན་གྲངས་བཅོ་ལྔ་ཙམ་ལ་ས་གནས་རྫོང་སྤྱི་བདེ་ལས་ཁུངས་ནང་ཐེངས་རེར་སྐད་བཏང་སྟེ་དྲི་བ་འདྲ་མིན་ལ་ལན་འདེབས་བྱེད་དགོས་ཀྱི་ཡོད་ཁར། ཉེན་རྟོག་པས་ཁོ་ཚོར་མདོ་སྟོད་སྨད་དུ་ཕྱིན་ཆད་སློབ་གཉེར་ཆེད་མུ་མཐུད་ཕྱིན་པ་ཡིན་ན། རྒྱ་གར་དུ་བྲོས་བྱོལ་ཕྱིན་པའི་ཉེས་པ་གཅིག་མཚུངས་ཡིན་པས། ཁྱོད་ཚོའི་ནང་མིོར་དཀའ་ངལ་འཕྲལ་རྒྱུ་ཡིན་སྐོར་སྡིགས་ར་བཏང་བ་སོགས། སུན་གཙེར་དཀའ་ངལ་མང་དག་ཞིག་བཟོ་བཞིན་པ་མ་ཟད། ད་ལྟ་ཁྱོད་ཚོ་སྤྱི་ཚོགས་ཀྱི་བཙོན་པ་ཡིན་པས་དགོན་སྡེ་ཁག་ནང་འཛུལ་ཞུགས་དང་གང་བྱུང་འགྲོ་བསྐྱོད་བྱེད་མི་ཆོག ཉེན་རྟོག་ཁང་གིས་ག་དུས་སྐད་བཏང་ཚེ་དུས་ཐོག་ཡོང་དགོས་སྐོར་བརྗོད་དེ། ད་ལྟའི་ཆར་བཙུན་མ་དེ་དག་འགྲོ་འདུག་རང་དབང་གང་ཡང་མེད་པའི་སྤྱི་ཚོགས་ཀྱི་བཙོན་པ་ཞིག་ཏུ་གྱུར་ཡོད་པ་རེད།” ཅེས་འགྲེལ་བརྗོད་གནང་སོང་།
བག་གྲོ་ལགས་ཀྱིས་བརྗོད་རྒྱུར་ལྷ་རི་རྫོང་གྲོང་ཡི་ཤང་གི་ས་ཁྱོན་ཆེན་པོ་ཡོད་སྟབས། ད་ལོ་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དང་རྫོང་གི་འགོ་ཁྲིད་ལས་བྱེད་གྲོང་ཡི་ཤང་ལ་ཡོང་སྟེ། ས་ཁུལ་དེར་ཆུ་མཛོད་ཞིག་རྒྱག་འཆར་ཡོད་ཚུལ་བརྗོད་དེ། ས་གནས་གྲོང་མི་ཚོ་གང་མགྱོགས་གཞན་ལ་གནས་སྤོ་དགོས་པ་དང་། གྲོང་མི་ཚོར་གུན་གསབ་ཀྱི་དངུལ་སྤྲོད་རྒྱུ་ཡིན་ཚུལ་གྱི་སྐད་ཆ་སྙན་པོ་མང་པོ་བཤད་ཡོད་ཀྱང་། ས་གནས་མི་མང་གིས་ཁས་ལེན་བྱས་མེད་སྟབས། གནས་ཚུལ་དེའི་རྐྱེན་པས་ས་གནས་བོད་མི་ཞིག་རྒྱ་གཞུང་གིས་འཇུ་བཟུང་བྱས་པའི་གནས་ཚུལ་བྱུང་འདུག ཡིན་ནའང་། བག་གྲོ་ལགས་ཀྱིས་འཇུ་བཟུང་བྱས་པའི་མི་དེའི་མིང་དང་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱུང་མེད་པ་རེད། ད་ལོར་དམིགས་བསལ་ས་གནས་ཁག་ཏུ་དམག་སྒར་གསུམ་ཙམ་གསར་རྒྱག་བྱས་ཡོད་འདུག
དེ་བཞིན། ལྷ་རི་རྫོང་གསེར་རོང་ཤང་ཁུལ་དུ་རྒྱ་མིས་གཏེར་ཁ་བསྔོག་འདོན་བྱས་པའི་རྐྱེས་ཀྱིས། རི་ལ་རྩ་མི་སྐྱེས་པ་དང་། ཆར་ཆུ་དུས་ཐོག་ཏུ་མ་བབས་པ། ཕྱུགས་ཟོག་སེམས་ཅན་ལ་འོ་མ་འབབ་རྒྱུ་མེད་པ་ཆགས་ཏེ། ཕྱུགས་ཟོག་མང་པོ་ཤི་བཞིན་པའི་གནོད་ཚེ་མང་པོ་ཞིག་ཡོང་བཞིན་ཡོད་ཀྱང་། ས་གནས་རྒྱ་གཞུང་གིས་མང་ཚོགས་ལ་འཕྲད་བཞིན་པའི་དཀའ་ངལ་དེ་དག་ལ་དོ་སྣང་དང་ལྟ་རྟོགས་བྱེད་ཀྱི་མེད་པ་རེད།
བག་གྲོ་ལགས་ཀྱི་ཡོང་རོགས་བདེ་རི་ལགས་ཀྱི་ཕ་ཡུལ་ནི་ནག་ཆུ་ས་ཁུལ་སོག་རྫོང་ལྕེ་ལུང་འབྲོག་སྡེ་ཡིན་པ་རེད། ཁོང་ཆུང་དུས་སློབ་གྲྭ་སོགས་འགྲིམས་མྱོང་མེད་པར་ནང་མི་མཉམ་དུ་ནོར་ལུག་འཚོ་སྐྱོང་བྱེད་པ་དང་། དབྱར་རྩྭ་དགུན་འབུ་བརྐོ་འཐུ་སོགས་འབྲོག་ལས་ཀྱི་འཚོ་བ་རོལ་ཏེ་ནར་སོན་ཡོད་པ་རེད། ཁོང་གིས་སོ་སོའི་ཕ་ཡུལ་གྱི་དངོས་མཐོང་དཀའ་ངལ་གནས་ཚུལ་སྐོར་བརྗོད་དོན།
“ང་ཚོའི་འབྲོག་པར་ད་ལྟ་དཀའ་ངལ་ཆེ་ཤོས་ཤིག་ནི། སྲིད་གཞུང་ལས་བྱེད་ཚོས་ཁྱིམ་ཚང་ཡོངས་རྫོགས་ལ་རྒྱ་གཞུང་དར་དམར་རིན་མེད་ཐོག་སྤྲད་དེ། ཁང་ཁྱིམ་ཐོག་བསྒྲེངས་འཛུགས་དགོས་པའི་བཙན་བཀའ་བཏང་བར་བརྟེན། ཡུལ་མི་ཚོས་མ་འདོད་བཞིན་དུ་བཙུགས་དགོས་པའི་གནས་སྟངས་བྱུང་བཞིན་པ་དེ་རེད། ཁྱིམ་ཚང་འགའ་རེས་དར་དམར་མ་བཙུགས་པའི་རྐྱེན་གྱིས། རྒྱ་གཞུང་གིས་ཁོང་ཚོའི་ཁྱིམ་གྱི་གློག་བཀག་པ་མ་ཟད། ད་དུང་མུ་མཐུད་མ་བཙུགས་པ་ཡིན་ན་ཆབ་སྲིད་ཀྱིོ་ནག་ཉེས་འཁུར་དགོས་པའི་བཙན་བཀའ་བཏང་མཐར། ཡུལ་མི་རྣམས་ཀྱིས་སོ་སོའི་ཁང་ཐོག་ཏུ་རང་དབང་མེད་པར་དར་དམར་འཛུགས་དགོས་ཆགས་ཡོད། དར་དམར་དེ་ཟླ་བ་གཅིག་ནས་གཉིས་བར་ནས་གསར་དུ་བརྗེ་བོ་རྒྱག་དགོས་ཀྱི་ཡོད་པ་དང་། དེ་བཞིན། ལོ་རེར་ཁྱིམ་ཚང་རེ་རེ་ནས་མི་རེ་རྫོང་ཐོག་ལ་ཚོགས་འདུར་ཡོང་དགོས་པའི བརྡ་བཏང་གི་ཡོད་རེད། ཚོགས་འདུའི་བརྗོད་གཞི་མང་ཆེ་བ་ཏཱ་ལའི་བླ་མར་དགག་རྒྱག་དང་། ཕྱུགས་ཟོག་འཚོ་སྐྱོང་བྱེད་སའི་ས་ཆར་ལྕགས་དྲ་སྐོར་ཏེ་བདག་བཟུང་བྱེད་མི་ཆོག་པ་སོགས་བརྗོད་དེ། འབྲོག་པ་མང་ཚོགས་ལ་སུན་གཙེར་དང་དཀའ་ངལ་མང་པོ་བཟོ་བཞིན་འདུག” ཅེས་བརྗོད་བྱུང་།
ད་དུང་བདེ་རི་ལགས་ཀྱི་ཕ་ཡུལ་འབྲོག་ཁུལ་དུ་ས་གནས་རྒྱ་གཞུང་གིས་ས་དོང་ཆེན་པོ་ཞིག་བྲུས་ཏེ། རྫོང་དང་དམག་སྒར་སོགས་ཀྱི་གད་སྙིག་ཡོད་ཚད་དེའི་ནང་བླུགས་ཀྱི་ཡོད་སྟབས། ཕྱུགས་ཟོག་གིས་འབག་བཙོག་ཅན་གྱི་གད་སྙིགས་དེ་དག་བཟས་པ་སོགས་ཀྱི་རྐྱེན་པས་ཕྱུགས་ཟོག་མང་པོ་ཤི་རྐྱེན་བྱུང་བཞིན་ཡོད་འདུག ས་གནས་མང་ཚོགས་ཀྱིས་རྫོང་སྲིད་གཞུང་ལ་གནས་ཚུལ་དེའི་སྐོར་སྙན་ཞུ་ཕུལ་ཏེ། གད་སྙིགས་བླུགས་སའི་ས་དོང་དེའི་མཐའ་ལ་ལྕགས་རི་སྐོར་དགོས་པའི་རེ་སྐུལ་བྱས་ཀྱང་། ད་ལྟའི་བར་དུ་མང་ཚོགས་ཀྱི་དཀའ་ངལ་ལ་ཡ་ལན་བྱེད་མཁན་གང་ཡང་བྱུང་མེད་པ་རེད།
བོད་ཀྱི་ས་གནས་གང་སར་དམ་དྲག་ཆེན་པོ་ཡོད་པ་མ་ཟད། དམིགས་བསལ་རྫོང་ཁག་དག་ལ་རྒྱ་གཞུང་གིས་དམ་དྲག་ཆེན་པོ་བྱེད་བཞིན་པའི་ཐད། བདེ་རི་ལགས་ཀྱིས་ “ ཐེངས་ཤིག་ང་དང་རོགས་གཉིས་མཉམ་དུ་རྫོང་ཐོག་ལ་སྦག་སྦག་ཞོན་ནས་འགྲོ་དུས། གློ་བུར་དུ་རྫོང་གི་ཉེན་རྟོག་པས་བཀག་སྟེ་ལུས་བཤེར་བྱེད་སྐབས། ངའི་སྐེ་ལ་བཏགས་པའི་སྐུ་མདུན་གྱི་སྐུ་པར་ཆུང་ཆུང་ཞིག་ཡོད་པ་དེ། སྐེ་ནས་བཅད་དེ་ས་ལ་གཡུག་པ་མ་ཟད། ང་རང་ལ་ཉེས་རྡུང་ཚད་མེད་བཏང་སྟེ་ཉིན་གཉིས་རིང་བཀག་ཉར་བྱས་མཐར། ངོ་ཤེས་བརྒྱུད་དེ་གློད་བཀྲོལ་བཏང་སོང་།” ཞེས། ཁོང་གིས་རང་ཉིད་ཀྱི་དངོས་མྱོངས་བའི་གནས་ཚུལ་ཞིག་དཔེ་རུ་དྲངས་ཏེ་འགྲེལ་བརྗོད་བྱས་བྱུང་།
གྲྭ་བག་གྲོ་དང་བདེ་རི་གཉིས་ཀྱིས་བརྗོད་པ་ལྟར་ན། ད་ལྟའི་དུས་ལ་ནག་ཆུ་ས་ཁུལ་དུ་རྒྱ་གཞུང་གིས་དམག་སྒར་གསར་རྒྱག་དང་། རྫོང་ཁག་དག་ལ་ཉེན་རྟོག་པ་ཕོན་ཆེ་འགྲེམས་འཇོག དེ་བཞིན། འབྲི་རུ་རྫོང་སོགས་ཆབ་སྲིད་དོན་རྐྱེན་བྱུང་ཡུལ་ཁག་ལ། དམིགས་བསལ་དམ་དྲག་ཆེན་པོ་བྱས་ཏེ་མི་མང་ལ་སུན་གཙེར་དཀའ་ངལ་མང་པོ་བཞིན་ཡོད་འདུག་ལ། ཁོང་གཉིས་ཀྱང་གསེར་རྟ་དགོན་དུ་ཆོས་སློབ་གཉེར་ཆེད་བསྐྱོད་ཡོད་པས། ཕྱིར་ཕ་ཡུལ་དུ་ལོག་པ་ཡིན་ན་སྤྱི་ཚོགས་ཀྱི་བཙོན་པ་ཆགས་རྒྱུ་གསལ་བོ་ཡིན་སྟབས། སོ་སོའི་ཕ་ཡུལ་དུ་ལོག་ཐབས་མེད་པར་རྒྱ་གར་ནང་བྲོས་བྱོལ་དུ་ཡོང་དགོས་ཆགས་ཡོད་པ་རེད།

to top