བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང་ལྷོ་ཀོ་རི་ཡར་རྟེན་གཞི་བྱས་པའི་ཨེ་ཤི་ཡའི་ཆེ་མཐོང་སྲུང་སྐྱོབ་ཚོགས་པ་ Asian Dignity Initiative (ADI) གཉིས་མཉམ་འབྲེལ་གྱིས་བཏོན་པའི་ཆེད་དོན་སྙན་ཐོ་གསར་པའི་ནང་དུ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་རྒྱལ་ཁབ་བལ་ཡུལ་ལ་ཉེ་བའི་ལོ་ཤས་རིང་རྒྱ་ནག་གི་གནོན་ཤུགས་ཇེ་ཆེར་སླེབས་པར་བརྟེན་བོད་མི་ཚོའི་རང་དབང་ལ་ཚད་བཀག་སྣ་ཚོགས་ཤིག་འབྱུང་བཞིན་ཡོད་པས་བོད་མི་མང་པོས་ས་ཁུལ་དེར་“བོད་གཉིས་པ་”ཞེས་འབོད་བཞིན་ཡོད་པར་བརྗོད། བོད་ནི་འཛམ་གླིང་ཐོག་གི་རང་དབང་ཉུང་ཤོས་གྲས་ཀྱི་ས་ཁུལ་ཞིག་ཡིན་པས་དེ་ལྟར་བོས་པ་རེད་འདུག
“འགག་འཕྲང་དུ་ལུས་པའི་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བ་”ཞེས་པའི་སྙན་ཐོ་དེས་སྔོན་ཆད་བོད་མི་སྐྱབས་བཅོལ་བ་རྣམས་ལ་འདེ་འཇགས་ཀྱི་གནས་མལ་བསྐྲུན་མཁན་གྱི་ས་ཆ་དེ་ནི་ད་ལྟའི་ཆར་བོད་མི་རྣམས་ཀྱིས་ཆོས་ལུགས་དད་མོས་རང་དབང་དང་། རིག་གཞུང་གཅེས་འཛིན་གྱི་རང་དབང་། སྨྲ་བརྗོད་རང་དབང་སོགས་ལོངས་སུ་སྤྱོད་པར་འགོག་རྐྱེན་དང་ཉེན་ཁ་ཆེན་པོ་སྤྲོད་སའི་ས་ཁུལ་ཞིག་ཏུ་གྱུར་དང་འགྱུར་མུས་ཡིན་པ་གསལ་འདུག