མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིན་མོར་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱེད་ཐབས་ཀྱི་ལམ་སྟོན་འགྱུར་དེབ་དབུ་འབྱེད། 

དེ་རིང་ཕྱི་ཟླ་ ༡༠ པའི་ཚེས་ ༢༤ མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་གཏན་འབེབས་བྱས་ཏེ་མི་ལོ་ ༧༨ འཁོར་བའི་དུས་ཆེན་ནམ་ཡོངས་གྲགས་སུ་འབོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིན་མོ་སྲུང་བརྩི་ཞུ་བ་དང་སྦྲགས་འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བོད་མིའི་རང་དབང་དང་ཐོབ་ཐང་འཐབ་རྩོད་གནང་མཁན་གྱི་སྤྱི་སྒེར་ཡོངས་ལ་ཕན་པར་དམིགས་ནས་བོད་ཡིག་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱེད་ཐབས་ཀྱི་བརྒྱུད་རིམ་ནང་ནས་གལ་འགངས་ཆེ་ཤོས་དམིགས་བསལ་བརྒྱུད་རིམ་ Special Procedure གྱི་སྐོར་ནས་འགྱུར་དེབ་གསར་པ་ཞིག་དབུ་འབྱེད་ཞུས་ཡོད། 

དམིགས་བསལ་བརྒྱུད་རིམ་ཞེས་པ་ནི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐད་རྟོག་ཞིབ་བྱ་རྒྱུའི་ལས་འགན་སྒྲུབ་ཆེད་རང་ངོས་ནས་དང་བླངས་ཐོག་འོས་མིར་ལངས་རྗེས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་འདེམས་སྒྲུག་བྱས་པའི་ཆེད་མཁས་མི་སྣ་ཚོར་གོ་བ་ཡིན། དེ་དག་ནི་དམིགས་བསལ་སྙན་སྒྲོན་པ་ Special Rapporteur (SR) དང་། རང་དབང་ལྡན་པའི་ཆེད་མཁས་མི་སྣ། Independent Expert (IE) རང་དབང་ལྡན་པའི་ཆེད་མཁས་མི་སྣ་འགའ་ལས་གྲུབ་པའི་ལས་དོན་ཚན་ཁག་ Working Group བཅས་ཡིན། དེ་དག་གི་ལས་འགན་གཙོ་བོ་ནི་འཛམ་གླིང་རྒྱལ་ཁབ་ཚོའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐད་ཆེད་ལས་རང་བཞིན་གྱིས་རྟོག་ཞིབ་བྱས་མཐར་ཐོབ་ཐང་སྲུང་སྐྱོབ་ཡོང་ཐབས་སུ་འབྲེལ་ཡོད་སྡེ་ཁག་ལ་བླང་དོར་གྱི་སྐུལ་འདེབས་བྱེད་པ་སོགས་ཡིན།  དམིགས་བསལ་བརྒྱུད་རིམ་ནི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་ཚོར་མེད་དུ་མི་རུང་བའི་བརྒྱུད་ལམ་གལ་ཆེན་ཞིག་ཡིན། བརྒྱུད་རིམ་མགྱོགས་ཤིང་མགོ་རྙོག་མེད་པ་དང་། ཚང་མས་སྙོབ་ཐུབ་པ་སོགས་ཀྱི་ཁྱད་ཆོས་ལྡན་པའི་ཁར་ཁོང་ཅག་གིས་ཁ་གསལ་དོན་གསལ་གྱིས་ལས་དོན་སྤེལ་བ་དེས་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གནད་དོན་མང་པོར་རྣག་ཐོག་ཁབ་བཙགས་ལྟར་ནུས་པ་ལྡན་པ་ཡོང་གི་ཡོད། ཁོང་ཚོས་གནད་དོན་ཅི་བྱུང་ལ་འཕྲལ་དུ་དགོས་ངེས་ཀྱི་ལས་འགུལ་རྩོམ་ཐུབ་པ་མ་ཟད། གནད་དོན་དེའི་འགྱུར་འགྲོས་ལ་བསྟུན་ནས་དུས་ལྟར་ཡ་ལན་སྤྲོད་ཐུབ་པ་ཡིན། ཁོང་ཅག་ལ་སྤྱི་དམངས་ཚོགས་སྡེའམ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚོས་ལས་སླ་པོའི་ངང་ནས་སྙོབ་ཐུབ་པ་མ་ཟད། ཁོང་ཅག་གིས་གསལ་འདོན་བྱས་པའི་གནད་དོན་དང་། གང་དུ་རྟོག་ཞིབ་ཆེད་ལྟ་སྐོར་བྱ་སའི་རྒྱལ་ཁབ། མ་ཟད་ཁོང་ཅག་གིས་བཏོན་པའི་སྙན་ཐོ་ཡི་ནང་དོན་ཚུན་ཆད་ལ་སྤྱི་དམངས་སྡེ་ཁག་སོགས་ནས་མཁོ་སྤྲོད་བྱས་པའི་གནས་ཚུལ་དག་གིས་ཤུགས་རྐྱེན་ཆེན་པོ་འཕྲོད་བཞིན་ཡོད། དེར་བརྟེན་དམིགས་བསལ་བརྒྱུད་རིམ་ནི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ཚོ་ལ་ཕན་ཐོགས་ཤོས་ཀྱི་ཐོབ་ཐང་འགན་སྲུང་བྱེད་ཐབས་ཀྱི་བརྒྱུད་རིམ་ཞིག་ཡིན། 

རང་ཅག་བོད་མི་རྣམས་ལ་མཚོན་ནའང་ད་བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྡིངས་ཆའི་སྟེང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་གནད་དོན་གླེང་སློང་བྱ་སའི་བརྒྱུད་ལམ་གལ་ཆེ་ཤོས་དེ་ནི་དམིགས་བསལ་བརྒྱུད་རིམ་རང་ཆགས་ཡོད།  བརྒྱུད་ལམ་འདི་བེད་སྤྱད་དེ་འདི་ག་ལྟེ་གནས་ཁང་རང་གི་ངོས་ནས་ལོ་ལྟར་བོད་ནང་གི་ཛ་དྲག་ཆེ་བའི་གནད་དོན་བཅུ་གྲངས་ལྷག་གི་སྐོར་ལ་ཞུ་གཏུག་ཞུ་བཞིན་ཡོད།  ད་བར་མཉམ་འབྲེལ་རྒྱལ་ཚོགསས་ཀྱི་སྡིངས་ཆའི་སྟེང་དམིགས་བསལ་བརྒྱུད་རིམ་གྱི་ཆེད་མཁས་འགན་ཁུར་མི་སྣ་མང་པོས་སྒེར་ངོས་དང་མཉམ་འབྲེལ་ཐོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐད་ཛ་དྲག་གསལ་འདོན་དང་ཐོབ་ཐང་འགན་སྲུང་ཡོང་ཐབས་ཀྱི་སྐུལ་འདེབས་སོགས་མང་པོ་བྱེད་ཐུབ་ཡོད།  བརྒྱུད་རིམ་འདི་སྔར་ལས་ལྷག་བེད་སྤྱོད་མང་ཙམ་ཐུབ་ཐབས་སུ་རང་རེའི་བོད་མི་འཐབ་རྩོད་པ་སྤྱི་སྒེར་གཉིས་ཀར་བརྒྱུད་ལམ་འདིའི་ཕྱོགས་ལ་དུས་ལྟར་དགོས་ངེས་ཀྱི་གོ་རྟོགས་ཡོད་དགོས་པ་ཧ་ཅང་གལ་འགངས་ཆེ་བར་མཐོང་ནས་འགྱུར་དེབ་འདི་བཏོན་པ་ཡིན།  

ཉན་ཐོ་ཕབ་ལེན་གནང་ཡུལ།

to top