རྒྱ་ནག་རྒྱལ་ཡོངས་བཙོན་པའི་ཐོ་གཞུང་ནང་དུ་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཀྱི་མཚན་ཐོ་མེད་པ་བཟོ་བཞིན་འདུག 

རྒྱ་ནག་གཞུང་གིས་འཆར་གཞི་ལྡན་པའི་སྒོ་ནས་གོ་དོན་གསལ་ཁ་མེད་པའི་ཆབ་སྲིད་ཀྱི་ཉེས་མིང་“རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པ་”ཞེས་པའི་ནག་ཉེས་ཕོག་མཁན་གྱི་བོད་ཀྱི་ཆབ་སྲིད་བཙོན་པ་དང་བཙོན་ཟུར་རྣམས་ཀྱི་མཚན་ཐོ་ཡོངས་ཁྱབ་ཏུ་ལྟ་ཐུབ་པའི་རྒྱ་ནག་རྒྱལ་ཡོངས་བཙོན་པའི་ཐོ་གཞུང་རེའུ་མིག་གི་ནང་ནས་མེད་པ་བཟོ་བཞིན་འདུག  

འདི་ག་ལྟེ་གནས་ཁང་དུ་ཁུངས་ལྡན་གྱི་གནས་ཚུལ་འབྱོར་བ་ལྟར་ན་བཙོན་པའི་ཐོ་གཞུང་ནང་ནས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཕྱིར་བཏོན་བྱེད་པའི་ལས་གཞི་དེ་བོད་རང་སྐྱོང་ལྗོངས་ཟེར་བའི་མངའ་ཁོངས་ཙམ་མ་ཟད་རྒྱའི་ཞིང་ཆེན་གཞན་དུ་ཟླ་སྒྲིལ་བྱས་ཡོད་པའི་བོད་ཀྱི་ས་ཁུལ་ཁག་གི་ཆབ་སྲིད་བཙོན་པའི་གནས་ཚུལ་རྣམས་ཀྱང་ཡོངས་ཁྱབ་ཐོ་གཞུང་ནས་མེད་པ་བཟོ་བཞིན་འདུག  བྱ་སྤྱོད་འདི་ལ་བརྟེན་ནས་རྒྱ་ནག་གཞུང་གིས་སྔ་གཞུག་ཏུ་བོད་ནང་གི་བོད་མི་ག་ཚོད་ཙམ་ལ་གསང་བའི་ཁྲིམས་བཤེར་དང་བཙོན་འཇུག་ཁྲིམས་ཆད་བཏང་ཡོད་པ་ཤེས་རྟོགས་མི་ཐུབ་པ་བཟོ་བཞིན་ཡོད། 

དཔེར་ན་བོད་ཀྱི་སྐད་ཡིག་གི་ཐོབ་ཐང་རྩོད་ལེན་པ་བཀྲ་ཤིས་དབང་ཕྱུག་ལགས་ལ་“རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་”ཞེས་པའི་ཉེས་མིང་འོག་བཙོན་འཇུག་ཁྲིམས་ཆད་བཏང་བའི་གནས་ཚུལ་རྒྱ་ནག་རྒྱལ་ཡོངས་བཙོན་པའི་ཐོ་གཞུང་དུ་མི་གསལ་བ་མ་ཟད་ཁོང་ཉིད་གློད་བཀྲོལ་ཐོབ་པའི་སྐབས་སུའང་ཁོ་ལ་བཙོན་འཇུག་ཁྲིམས་ཆད་བཏང་བའི་ཡིག་ཆ་སྤྲད་མི་འདུག 

སྐད་ཡིག་གི་ཐོབ་ཐང་རྩོད་ལེན་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་བོད་ཀྱི་སྐད་ཡིག་གི་ཐོབ་ཐང་རྩོད་ལེན་ཆེད་པེ་ཅིང་དུ་ཁྲིམས་གཏུག་བྱས་པའི་བརྒྱུད་རིམ་ནིའུ་ཡོག་དུས་དེབ་ཀྱིས་དངོས་བྱུང་གློག་བརྙན་དུ་ཕབས་པར་བརྟེན་ཕྱི་ལོ་ ༢༠༡༦ ལོའི་ཟླ་ ༡ ཚེས་ ༢༧ ཉིན་འཇུ་བཟུང་བྱས་ཤིང་སྐྱེ་དགུ་མདོའི་བཀག་ཉར་ཁང་དུ་རྡུང་རྡེག་མནར་གཅོད་ལན་མང་ཐེབས་པའི་གནས་ཚུལ་བྱུང་ཡོད། མཐར་“རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་”ཟེར་བའི་ཉེས་མིང་འོག་ལོ་ལྔ་ཡི་བཙོན་འཇུག་ཁྲིམས་ཆད་བཏང་ཡོད། 

བོད་ཀྱི་ཆབ་སྲིད་བཙོན་པ་མང་པོའི་གནས་ཚུལ་རྒྱ་ནག་གི་རྒྱལ་ཡོངས་བཙོན་པའི་ཐོ་གཞུང་ནང་དུ་བཅུག་མེད་པའི་ཐད་སྔ་གཞུང་ཏུ་རྒྱལ་སྤྱིའི་འགྲོ་བ་མིའི་ལྟ་ཞིབ་ཁང་གིས་ཀྱང་གནས་ཚུལ་མང་པོ་བཏོན་ཡོད།  

ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༧ པའི་ནང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གི་རྒྱལ་ཡོངས་བཙོན་པའི་ཐོ་གཞུང་ནང་དུ་མི་གསལ་བའི་བོད་ཀྱི་ཆབ་སྲིད་བཙོན་པ་བཞི་ཡི་གནས་ཚུལ་ཡོངས་བསྒྲགས་བྱས་འདུག ཁོང་ཅག་ནི་དིང་རི་བཀྲ་ཤིས་སྟེང་འགྲོ་དགོན་པའི་དགེ་འདུན་པ་ཆོས་རྒྱལ་དབང་པོ་དང་། བློ་བཟང་། སྦྱིན་པ། ནོར་བུ་དོན་འགྲུབ། ངག་དབང་ཡེ་ཤེས་བཅས་ཡིན་ཞིང་ཆོས་རྒྱལ་དབང་པོ་ལ་ལོ་ཉི་ཤུའི་བཙོན་འཇུག་ཁྲིམས་ཆད་དང་། བློ་བཟང་སྦྱིན་པ་ལ་ལོ་ ༡༩ ། ནོར་བུ་དོན་འགྲུབ་ལ་ལོ་ ༡༧ ངག་དབང་ཡེ་ཤེས་༥ བཅས་ཀྱི་བཙོན་འཇུག་ཁྲིམས་ཆད་ཤིན་ཏུ་ལྕི་མོ་བཏང་འདུག 

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་བོད་མི་དེ་དག་ལ་ཁྲིམས་བཤེར་བྱས་པའི་བརྙན་པར་ཡིག་ཆ་སོགས་དང་བཙོན་འཇུག་གི་དུས་ཡུན་སོགས་ཡོངས་ཁྱབ་ཏུ་མཐོང་རྒྱུ་མེད་ཚུལ་བརྗོད་འདུག་ཅིང་གནད་དོན་དེ་ནི་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དུ་རྒྱུན་ལྡན་ལྟ་བུར་འགྱུར་བཞིན་ཡོད་པ་འགྲེལ་བརྗོད་གནང་འདུག 

གནད་དོན་དེའི་ཐད་འདི་ག་ལྟེ་གནས་ཁང་གི་འཛིན་སྐྱོང་འགན་འཛིན་བསྟན་འཛིན་ཟླ་བ་ལགས་ཀྱིས་“རྒྱ་ནག་གཞུང་གིས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཡོངས་ཁྱབ་ཏུ་མཐོང་ཐུབ་པའི་རྒྱལ་ཡོངས་བཙོན་པའི་ཐོ་གཞུང་ནས་མེད་པ་བཟོས་ཏེ་ཁོང་ཅག་ལ་ཁྲིམས་མེད་ལུགས་མེད་ཀྱིས་བཙོན་འཇུག་མནར་གཅོད་བཏང་བའི་དཔང་རྟགས་ཅིག་ཀྱང་མཐོང་རྒྱུ་མེད་པ་བཟོ་ཐབས་བྱེད་ཀྱིན་ཡོད་ན་ཡང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གནང་མཁན་གྱི་ཚོགས་སྒེར་གཉིས་ཀས་རྒྱ་ནག་གི་བྱ་སྤྱོད་ངན་པ་ཐེར་འདོན་ཐོག་བོད་ཀྱི་ཆབ་སྲིད་བཙོན་པ་ཚོའི་ཡ་ངའི་གནས་སྟངས་ཐད་མུ་མཐུད་རྟོག་ཞིབ་མཐིལ་ཕྱིན་པ་ཐུབ་ཐབས་བྱ་ངེས་ཡིན། 

བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཀྱི་མིང་ཐོ་བསམ་བཞིན་དུ་མེད་པར་བཟོ་བཞིན་པ་འདི་ནི་རྒྱ་ནག་གིས་ཁོང་རྣམས་རྩ་ནས་གྲགས་འགུལ་མི་ཐུབ་པར་བཟོ་ཐབས་བྱེད་ཀྱིན་པའི་བདེན་དཔང་དུ་གྱུར་ཡོད་པས་རྒྱལ་སྤྱིའི་སྤྱི་ཚོགས་གིས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་དེ་ཁྲིམས་འགལ་གྱི་བྱ་སྤྱོད་འདི་རིགས་འཕྲལ་དུ་མཚམས་འཇོག་ཡོང་ཐབས་གནང་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན།”

to top