རྒྱ་གཞུང་གིས་དྲྭ་རྒྱའི་སྨྲ་བརྗོད་རང་དབང་ལ་སྔར་ལྷག་དམ་དྲག་བྱས་ཏེ་གཞས་པ་དཔལ་ལྡན་ལགས་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཆད་བཏང་འདུག  

ཉེ་དུས་དྲྭ་རྒྱའི་སྟེང་དུ་རྩོམ་ཡིག་དང་གཏམ་བཤད་སྤེལ་བའི་རྐྱེན་གྱིས་བོད་མི་མང་དག་ཅིག་ལ་རྒྱ་ནག་གཞུང་གིས་འཇུ་བཟུང་བཙོན་འཇུག་དང་ཉེས་ཆད་འདྲ་མིན་བཅད་པའི་གནས་ཚུལ་བྱུང་ཡོད།  ཟླ་ཤས་གོང་མདོ་སྨད་མགོ་ལོག་ནས་ཡིན་པའི་གཞས་པ་དཔལ་ལྡན་ལགས་ཀྱིས་རང་གིས་བཏང་བའི་ལ་རྒྱའི་གླུ་གཞས་ཤིག་སྒེར་གྱི་མགྱོགས་འཕྲིན་སྟེང་དུ་བཞག་པར་བརྟེན་ས་གནས་རྫོང་གི་ཉེན་རྟོག་པས་འཇུ་བཟུང་བཙན་ཁྲིད་བྱས་ཏེ་ཟླ་བ་འགར་བཙན་དབང་འོག་གར་སོང་ཆ་མེད་ཀྱི་གནས་སུ་བསྐྱལ་རྗེས་ཉེ་ལམ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་བཏང་བའི་གནས་ཚུལ་བྱུང་འདུག

གཞས་པ་དཔལ་ལྡན་ལགས་འཇུ་བཟུང་བཙན་ཁྲིད་བྱས་ནས་ཟླ་འགར་སོང་ཟིན་པ་རེད་ཟེར་བ་མ་གཏོགས་ཁོང་ཉིད་འཇུ་བཟུང་བྱས་པའི་ཚེས་གྲངས་སོགས་ཤེས་ཐུབ་མེད། ནམ་རྒྱུན་ཁོང་གིས་མགྱོགས་འཕྲིན་སྟེང་དུ་གླུ་གཞས་ཐད་གཏོང་དང་གླུ་གཞས་རྡུང་ལེན་འགྲན་ཚོགས་སོགས་ལ་མཉམ་ཞུགས་བྱེད་ཀྱིན་ཡོད། འོན་ཀྱང་འདི་ལོ་ཕྱི་ཟླ་གསུམ་པ་ནས་བཟུང་ཁོང་གི་མགྱོགས་འཕྲིན་སྟེང་གླུ་གཞས་གསར་པ་བཀོད་པ་གཅིག་ཀྱང་མཐོང་རྒྱུ་མི་འདུག་པས་ཁོང་ཉིད་ཕྱི་ཟླ་གསུམ་པའི་ནང་འཇུ་བཟུང་བཙན་ཁྲིད་བྱས་ཡིན་སྲིད། དུས་ཚོད་དེ་ནི་བོད་ཀྱི་སུམ་ཅུའི་དུས་དྲན་དང་རྒྱ་ནག་གི་ཚོགས་ཆེན་གཉིས་ཚོགས་པའི་དུས་ལ་འཁེལ་ཡོད་པར་བརྟེན་རྒྱ་ནག་གཞུང་གིས་ནམ་རྒྱུན་བོད་ནང་དུ་ལྷག་ཏུ་དམ་དྲག་དང་དོ་དམ་ནན་པོ་བྱེད་པའི་སྒང་ཡིན།

ཉེ་ལམ་རྫོང་ཉེན་རྟོག་པས་གཞས་པ་དཔལ་ལྡན་གྱིས་ཁྲིམས་འགལ་གྱི་གཞས་བཏང་བར་བརྟེན་ལོ་གསུམ་གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཆད་བཏང་བ་ཡིན་ཟེར་བ་མ་གཏོགས་ཁོང་ཉིད་ལ་དོན་ངོ་མར་ཁྲིམས་འགལ་ནག་ཉེས་ཅི་ཞིག་ཡོད་མེད་ཁ་གསལ་འགྲེལ་བརྗོད་བྱས་མེད་པ་མ་ཟད་བཀག་ཉར་བྱས་པའི་རིང་ལ་རང་མོས་ཀྱི་ཁྲིམས་རྩོད་པ་གླ་རྒྱུ་དང་། དྲང་བདེན་དང་ཕྱི་གསལ་ནང་གསལ་གྱི་ཁྲིམས་བཤེར་བྱ་རྒྱུའི་གཞི་རྩའི་ཐོབ་ཐང་སོགས་རྩ་ནས་སྤྲད་མེད་པ་རེད། 

གཞས་པ་དཔལ་ལྡན་གྱི་གནས་བབ་དང་འདྲ་བར་ད་ལྟའི་དུས་སུ་བོད་ནང་དུ་རྒྱ་ནག་གཞུང་གིས་དྲྭ་ལམ་གྱི་གླ་གཞས་དང་རྩོམ་ཡིག་སོགས་སྤེལ་བའི་རྐྱེན་གྱིས་བོད་མི་མི་ཉུང་བ་ཞིག་ཁྲིམས་ཀྱི་བརྒྱུད་རིམ་གང་ལའང་མི་བསྟུན་པར་གང་བྱུང་འཇུ་བཟུང་བྱས་ཏེ་ཁྲིམས་མེད་ལུགས་མེད་ཀྱི་ཁྲིམས་ཆད་ནན་པོ་གཅོད་པ་ནི་ད་ལྟའི་ཆར་ཧ་ཅང་རྒྱུན་ལྡན་ཅན་དུ་གྱུར་ཡོད།  

གཞས་པ་དཔལ་ལྡན་ལགས་ནི་མདོ་སྨད་མགོ་ལོག་པདྨ་མ་རྫོང་རྡི་མདའ་ཡུལ་ཚོའི་ཡོ་སྟག་སྡེ་བ་ནས་ཡིན་པ་དང་། ཁོང་གིས་དེ་སྔོན་སྨིན་ཐང་གསེར་མོ་མཚོས་གཙོ་སྒྲུབ་བྱས་པའི་རྡུང་ལེན་འགྲན་ཚོགས་ཐོག་རང་གི་ཨ་མའི་ཆེད་དུ་གླུ་གཞས་ཤིག་བཏང་བས་དྲྭ་ལམ་དུ་དར་ཁྱབ་ཆེན་པོ་བྱུང་ཞིང་མི་མང་པོས་ཁོང་རང་གི་ལྷད་མེད་ཀྱི་མི་གཤིས་དང་རྣམ་འགྱུར་སོགས་ལ་དགའ་མོས་ཆེས་ཆེར་བྱས་ཡོད། 

རྒྱ་ནག་གཞུང་གིས་སྤྱི་ཚོགས་བདེ་འཇགས་སོགས་ཀྱི་མིང་ཐོག་ནས་ཚོད་ཚོད་ལ་བོད་མི་ཚོའི་ཁང་ཁྱིམ་དང་ཁ་པར་བསྔོག་བཤེར་བྱེད་པ་སོགས་ཉིན་རེའི་འཚོ་བ་དངོས་ལ་དངོས་ཤུགས་བརྒྱུད་གསུམ་ནས་སུན་བཙིར་དང་དམ་དྲག་ཆེན་པོ་བྱེད་པ་མ་ཟད་བོད་མི་ཚོའི་དྲྭ་རྒྱའི་སྟེང་གི་སྨྲ་བརྗོད་རང་དབང་ལའང་རྡོག་རོལ་ཆེན་པོ་བཏང་དང་གཏོང་མུས་ཡིན་པ་འདི་ནི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་འགལ་བའི་གནད་དོན་ཚབས་ཆེན་ཞིག་ཡིན།  ལྷག་པར་དུ་བོད་མི་ཚོ་དུས་ནས་དུས་སུ་གང་བྱུང་འཇུ་བཟུང་བྱས་ཏེ་གནད་དོན་ཆུང་ཙག་ཅིག་གི་སྒང་ནས་ཁྲིམས་ལུགས་མེད་ལུགས་མེད་ཀྱིས་བཙོན་འཇུག་ཁྲིམས་ཆད་ནན་པོ་གཅོད་བཞིན་པ་འདི་དག་ནི་དུས་ནམ་ཡང་ངོས་ལེན་བྱ་ཐབས་བྲལ་བ་ཡིན་པས། རྒྱ་ནག་གཞུང་གིས་ཐལ་ཆེའི་ཁྲིམས་འགལ་གྱི་བྱ་སྤྱོད་འདི་དག་མྱུར་དུ་མཚམས་འཇོག་བྱས་ཏེ་གཞས་པ་དཔལ་ལྡན་སོགས་ཉེས་མེད་ཉེས་འགེལ་བྱས་པའི་བོད་མི་རྣམས་མྱུར་དུ་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན། 

to top