རྒྱ་ནག་གཞུང་གི་རྒྱལ་མཚམས་ལས་བརྒལ་བའི་གཉའ་གནོན་སྐོར་དྲྭ་ལམ་བགྲོ་གླེང་། 

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༣ ལོའི་ཟླ་ ༡༠ པའི་ཚེས་ ༡༡ ཉིན་བོད་དང་། ཡུ་གུར། ཧོང་ཀོང་། ཧན་རྒྱ་རིགས། ཐེ་ཊན་པ། སོག་པོ། ཧྥ་ལུན་གོང་རྩ་རླུང་སྒྲོམ་སྒྲུབ་པ་བཅས་སྡེ་ཁག་བདུན་གྱི་སྐུ་ཚབ་གདན་ཞུས་ཐོག་རྒྱ་ནག་གཞུང་གི་རྒྱལ་མཚམས་ལས་བརྒལ་བའི་གཉའ་གནོན་སྐོར་དྲྭ་ལམ་བགྲོ་གླེང་བྱས་ཡོད། 

བགྲོ་གླེང་དེའི་ཁར་ཧོང་ཀོང་ནས་ཡིན་པའི་མང་གཙོ་དོན་གཉེར་བ་ལྕམ་ཇོའི་སུའུ་ལགས་ཀྱིས་ལས་འགུལ་བ་ཚོས་རང་གི་ནང་མི་སྤུན་མཆེད་རྣམས་ཀྱི་བདེ་འཇགས་ལ་གཟབ་ནན་བྱེད་བཞིན་ཡོད་པ་དང་། རྒྱ་གཞུང་གིས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ལམ་ཐབས་གཉིས་ཀ་བརྒྱུད་ནས་རང་ལ་སྐྱོན་བརྗོད་བྱེད་མཁན་རྣམས་འབུར་འཇོམས་བྱེད་ཐབས་བྱེད་ཀྱི་ཡོད་པ་གསལ་བཤད་གནང་སོང་། 

DoubleThink lab ནས་ཡིན་པའི་སྐུ་ཞབས་ཨེ་རིག་ཧུསུ་ལགས་ཀྱིས་དྲྭ་ཐོག་འཇབ་རྒོལ་དང་། འཇུ་བཟུང་རྩིས་སྤྲོད་བྱེད་པ་གཙོས་རྒྱ་ནག་གཞུང་གི་རྒྱལ་མཚམས་ལས་བརྒལ་བའི་གཉའ་གནོན་བྱེད་ཐབས་ཁག་ཅིག་གསལ་འདོན་བྱས་ཐོག རྒྱ་གཞུང་གི་སྲིད་ཇུས་ལ་སྐྱོན་བརྗོད་བྱེད་མཁན་སྤྱི་སྒེར་གཉིས་ཀའི་ནུས་པ་རྩ་མེད་གཏོང་བའི་དམིགས་ཡུལ་སོགས་འགྲེལ་བརྗོད་གནང་སོང་།  ཁོང་གིས་རྒྱལ་སྤྱིའི་སྤྱི་དམངས་ཚོགས་སྡེ་ཁག་མཉམ་འབྲེལ་ཐོག་རྒྱལ་མཚམས་ལས་བརྒལ་བའི་གཉའ་གནོན་འགོག་ཐབས་སུ་ལས་འགུལ་སྤེལ་མུས་ཡིན། 

ཡུ་གུར་འགྲོ་བ་མིའི་ཐོབ་ཐང་ལས་འཆར་ཚོགས་པ་ནས་ཡིན་པའི་ལྕམ་་ལུའུ་སཱ་གྷེར་ཝེ་ལགས་ཀྱིས་ཡུ་རོབ་ཏུ་སྐྱབས་བཅོལ་ལ་སླེབས་པའི་ཡུ་གུར་བ་རྣམས་ལ་རྒྱ་གཞུང་ཉེན་རྟོག་པ་སོགས་ཀྱིས་ཁ་པར་ཡང་སེ་བཏང་སྟེ་འཇིགས་སྐུལ་དང་། དངས་སྐྲག་བསླངས་ནས་སེམས་ཁམས་ལ་མནར་གཅོད་ཐེབས་པའི་དངོས་དོན་གསལ་བཤད་གནང་ཐོག འབྲེལ་ཡོད་རྒྱལ་ཁབ་ཚོའི་གནོན་ཤུགས་དེ་རིགས་འགོག་པའི་སྲིད་ཇུས་གཏན་འབེབས་དང་། སྤྱི་དམངས་ཀྱི་བདེ་འཇགས་ལ་ལྟ་རྟོག་ནན་པོ་དགོས་པའི་འབོད་སྐུལ་གནང་སོང་། 

རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་ནས་ཡིན་པའི་ལྕམ་རཱ་མོ་ནཱ་ལི་ལགས་ཀྱིས་ཀྱང་ཕྱི་རྒྱལ་དུ་བཞུགས་པའི་རྒྱ་མི་ལས་འགུལ་བ་རྣམས་ལ་རྒྱ་གཞུང་གིས་རྒྱལ་མཚམས་ལ་བརྒལ་བའི་གཉའ་གནོན་གྱི་གནོན་ཤུགས་སྤྲོད་བཞིན་པ་དང་། དེ་ལ་བརྟེན་ནས་རྒྱ་ནག་འོག་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཐེབས་པའི་གནད་དོན་གསལ་རྟོགས་ཐུབ་པར་འགོག་རྐྱེན་ཇེ་ཆེ་དང་། ཚོར་ཤུགས་ཇེ་རྒྱས་འགྲོ་བཞིན་པའི་གནས་ཚུལ་འགྲེལ་བརྗོད་གནང་སོང་། ཁོ་མོས་ད་དུང་རྒྱ་གཞུང་གི་སྤྱི་ཚོགས་དྲྭ་རྒྱའི་སྟེང་དུ་རང་ལ་སྐྱོན་བརྗོད་བྱེད་མཁན་གྱི་རིགས་གཙང་སེལ་དང་གྲགས་འགུལ་མེད་པ་བཟོ་ཐབས་སུ་སྔར་ལས་ལྷག་པའི་དམ་དྲག་བྱེད་བཞིན་ཡོད་པའང་འགྲེལ་བརྗོད་གནང་སོང་། 

ལྷོ་སོག་འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་ཁང་གི་འགན་འཛིན་ཨེན་གྷེ་བྷ་ཊུ་ཏོ་གྷོ་ཆོག་ལགས་ཀྱིས་རྒྱ་ནག་གི་གནོན་ཤུགས་ལ་བརྟེན་ནས་སྔ་ཕྱི་གཉིས་ཀར་ལྷོ་སོག་ནས་ཡིན་པའི་སྐྱབས་བཅོལ་བ་རྣམས་ཕྱིར་སློག་དང་། འཇུ་བཟུང་རྩིས་སྤྲོད་བྱས་པའི་གནས་ཚུལ་སོགས་འགྲེལ་བརྗོད་གནང་སོང་། 

ཧྥ་ལུན་གོང་རྩ་རླུང་སྒོམ་སྒྲུབ་པའི་གནས་ཚུལ་ལྟེ་གནས་ཁང་ནས་ཡིན་པའི་སཱན་ཐི་ཡ་ལགས་ཀྱིས་ཀྱང་རྩ་རླུང་སྒོམ་སྒྲུབ་པར་རྒྱ་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་གནོན་ཤུགས་སྤྲད་དེ་བརྙས་བཅོས་བྱས་པ་དང་། པེ་ཅིང་གིས་རྩ་རླུང་སྒོམ་སྒྲུབ་པ་རྩ་མེད་གཏོང་བའི་ལས་འགུལ་སྤེལ་བཞིན་ཡོད་པའི་གནད་དོན་འགྲེལ་བརྗོད་གནང་སོང་། 

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ངག་དབང་ལུང་རྟོགས་ལགས་ཀྱིས་རྒྱ་ནག་གཞུང་གིས་དམར་ཤོག་ཚོགས་པའི་སྲ་བརྟན་ལ་གནོད་པར་དོགས་པའི་མི་མང་དག་ཅིག་ལ་རྒྱལ་མཚམས་ལས་བརྒལ་བའི་གཉའ་གནོན་སྤྲོད་ཐབས་བྱེད་པའི་ཛ་དྲག་གི་རང་བཞིན་འགྲེལ་བརྗོད་གནང་ཐོག དེ་ལྟ་བུའི་གཉའ་གནོན་འཕྲོད་ཐབས་སུ་རྒྱ་ནག་གཞུང་གིས་གདུག་རྩུབ་ཆེ་བའི་ཐབས་ཇུས་འདྲ་མིན་ལག་བསྟར་བྱེད་བཞིན་ཡོད་པ་གསལ་འདོན་གནང་བ་མ་ཟད། ལྟེ་གནས་ཁང་གི་ངོས་ཐད་ནས་གང་མགྱོགས་རྒྱལ་མཚམས་ལས་བརྒལ་བའི་གཉའ་གནོན་དང་འབྲེལ་བའི་ཆེད་དོན་སྙན་ཐོ་ཁག་གཉིས་འདོན་སྤེལ་ཞུ་འཆར་ཡོད་པའང་འགྲེལ་བརྗོད་གནང་སོང་། 

མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་ཆེན་གྱི་ཟུར་སྤེལ་ལས་གཞི་ཞིག་གི་ངོ་བོའི་ཐོག དྲྭ་ལམ་བགྲོ་གླེང་དེའི་ཁ་བྱང་དུ་“རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་བའི་གཉའ་གནོན་ལས་སྲིད་དབང་གཅིག་སྡུད་ལམ་ལུགས་ཕྱིར་འདྲེན་བྱེད་པ་”ཞེས་པའི་བརྗོད་གཞི་བདམས་ཡོད་ཅིང་། ལྟེ་གནས་ཁང་གི་ཉམས་ཞིབ་ལས་རོགས་ལྕམ་ཨོ་ཊི་ལན་མེ་རི་ལགས་ཀྱིས་བགྲོ་གླེང་གཙོ་སྐྱོིང་གནང་ཡོད། ཁོ་མོས་བགྲོ་གླེང་གི་སྔོན་འགྲོའི་གཏམ་བཤད་ཁྲོད་དུ་རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་བའི་གཉའ་གནོན་གྱི་ཛ་དྲག་རང་བཞིན་དང་། གནད་དོན་དེའི་ཐད་ལྟེ་གནས་ཁང་གིས་འདོན་སྤེལ་ཞུ་འཆར་ཡོད་པའི་སྙན་ཐོའི་ནང་དོན་རོབ་ཙམ་འགྲེལ་བརྗོད་གནང་སོང་། 

མཐར་ལས་རིམ་དེ་ཉིད་དྲྭ་ལམ་གྱི་ཚོགས་ཞུགས་པའི་དྲི་བར་ལན་འདེབས་ཞུས་རྗེས་ལེགས་པར་མཇུག་སྒྲིལ་སོང་། 

to top