རྫ་དབོན་པོ་དགོན་པའི་གྲྭ་བ་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཉེ་ཆར་རྒྱ་གཞུང་གིས་བོད་མི་གྲྭ་བ་གསུམ་ལ་ལོ་གཅིག་ནས་བཞི་བར་གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་ལ། ད་ལྟའི་རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱི་ས་ཁོངས་ལྟར་བྱས་ན། ཁོང་གསུམ་ནི་ཟི་ཁྲོན་ཞིང་ཆེན་དམར་མཛེས་བོད་རིགས་རང་སྐྱོང་ཁུལ་སེར་ཤུལ་རྫོང་རྫ་སྨད་ཞང་ཁོངས་སུ་ཡོད་པའི་རྫ་དབོན་པོ་དགོན་པའི་གྲྭ་བ་ཡིན་པ་རེད།

year 4
ལོ་བཞི་རེའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་གྲྭ་བསོད་ནམས་མགོན་པོ་(གཡོན)དང་བསོད་ནམས་ཆོས་དར།

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༢ ཟླ་ ༡༠ དང་ ༡༢ བཅས་སུ། རྒྱ་གཞུང་གིས་སྔ་ཕྱིར་དཀར་མཛེས་ཁུལ་སེར་ཤུལ་རྫོང་རྫ་སྨད་ཞང་ཁོངས་སུ་ཡོད་པའི་རྫ་དབོན་པོ་དགོན་དགའ་ལྡན་བཤད་སྒྲུབ་དར་རྒྱས་གླིང་གི་གྲྭ་པ་ ༩ འཇུ་བཟུང་བཙན་ཁྲིད་བྱས་ཏེ། ད་ལྟའི་བར་དུ་ར་རྔ་དང་རོང་བྲག་བཅས་སུ་བཀག་ཉར་བཙོན་འཇུག་བྱས་མཐར། ཉེ་ཆར་ཁོང་ཚོའི་ཁྲོད་ནས་གྲྭ་ཆོས་དར་དང་། བསོད་རྣམས་ཆོས་དར། བསོད་ནམས་མགོན་པོ་བཅས་ལ་དུས་བཀག་ཁྲིམས་ཐག་བཅད་རྗེས་གཞན་རྣམས་གློད་ཡོད་འདུག

ཉེ་ཆར་རྒྱ་གཞུང་གིས་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་གྲྭ་པ་དེ་གསུམ་ནི། ལོ་སྔོན་མའི་ནང་དབོན་པོ་ཡུལ་ཚོའི་སློབ་གྲྭ་རུ་རྒྱ་ནག་གི་རྒྱལ་དར་མར་ཕབ་སྟེ། བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་བྱས་པ་དང་། བོད་རང་དབང་འབྲེལ་བའི་ཡིག་ཆ་གཏོར་འགྲེམས་བྱས་ཏེ། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་སྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ལ་ས་གནས་མང་ཚོགས་ཀྱིས་ཞི་བའི་ངོ་རྒོལ་གྱི་གནས་ཚུལ་རིམ་པར་བྱུང་རྗེས། རྒྱ་གཞུང་གིས་སྔ་ཕྱིར་ས་གནས་སྐྱ་སེར་བོད་མི་མང་པོ་འཇུ་བཟུང་བྱས་ཡོད་པའི་གྲས་ཡིན་པ་རེད།

Choedar-233x300
ལོ་གཅིག་གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་གྲྭ་ཆོས་དར་ལགས།

༢༠༡༢ ཕྱི་ཟླ་ ༡༠ པའི་ནང་འཇུ་བཟུང་བཀག་སྡོམ་བྱས་པའི་རང་ལོ་ ༤༧ ཡིན་པའི་གྲྭ་ཆོས་དར་ལགས་ལ། ༢༠༡༣ ལོའི་ཕྱི་ཟླ་ ༩ ཚེས་ ༩ ཉིན་རྒྱ་ནག་གཞུང་གིས་ལོ་ ༡ གི་དུས་བཀག་ཁྲིམས་ཆད་བཅད་དེ། ད་ལྟའི་ཆར་དཀར་མཛེས་རོང་བྲག་རྫོང་ར་རྔ་བཙོན་ཁང་དུ་བཅུག་ཡོད་འདུག ཁོང་དང་མཉམ་དུ་ལོ་སྔོན་མར་འཇུ་བཟུང་བྱས་པའི་རང་ལོ་ ༢༧ ཡིན་པའི་སྐྱབས་བྷེ་དང་བློ་བཟང་མི་འཁྲུགས་གཉིས་ལ་ལོ་གསུམ་རིང་ཆབ་སྲིད་ཁེ་དབང་བཙན་འཕྲོག་བྱས་ཐོག ནང་མིར་ཁོ་གཉིས་ཀྱིས་རྗེས་ཕྱོགས་ཆབ་སྲིད་ལས་དོན་གང་ཡང་མི་སྒྲུབ་པའི་འགན་ལེན་ཁེག་ཐག་བྱེད་བཅུག་རྗེས་ཀློད་གྲོལ་བཏང་ཡོད་འདུག

photo31
ལོ་སྔོན་མར་སྔ་ཕྱིར་རྒྱ་གཞུང་གིས་འཇུ་བཟུང་བཀག་ཉར་བྱས་པའི་རྫ་དབོན་པོ་དགོན་པའི་གྲྭ་བ་རྣམས།

དེ་བཞིན། ༢༠༡༢ ཟླ་ ༡༢ ཚེས་ ༡༥ ཉིན་དབོན་པོ་དགོན་པ་ནས་འཇུ་བཟུང་བཙན་ཁྲིད་བྱས་པའི་རང་ལོ་ ༢༢ ཡིན་པའི་བསོད་ནམས་མགོན་པོ་དང་། རང་ལོ་ ༢༢ པའི་བསོད་ནམས་ཆོས་དར་གཉིས་ཡུན་རིང་བཀག་ཉར་བྱས་མཐར། ༢༠༡༣ ལོའི་ཕྱི་ཟླ་ ༩ ཚེས་ ༡༡ ཉིན་ཁོང་གཉིས་ལ་ལོ་ ༤ རེའི་དུས་བཀག་ཁྲིམས་ཆད་བཅད་འདུག ཁོང་གཉིས་དང་མཉམ་དུ་ལོ་སྔོན་མར་འཇུ་བཟུང་བྱས་ཡོད་པའི་རང་ལོ་ ༢༢ ཡིན་པའི་གྲྭ་བློ་བཟང་དབྱིག་དབྱེན་དང་། རང་ལོ་ ༡༩ ཡིན་པའི་བློ་བཟང་མཁས་གྲུབ། རང་ལོ་ ༢༠ ཡིན་པའི་གྲྭ་བློ་བཟང་ནོར་བུ། རང་ལོ་ ༢༤ ཡིན་པའི་གྲྭ་བསྟན་འཛིན་དགེ་འདུན་བཅས་མི་བཞི་ཡུན་རིང་བཀག་ཉར་བྱས་མཐར་ཀློད་ཡོད་འདུག

to top