ཉེ་ལམ་རེས་གཟའ་མིག་དམར་ཉིན་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་ལྷན་ཚོགས་ཀྱི་རྒྱལ་ཁབ་ ༡༥༤ ཡིས་རྒྱབ་སྐྱོར་གྱི་འོས་ཤོག་འཕངས་ཏེ་རྒྱ་ནག་བསྐྱར་དུ་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མིར་འོས་འདེམས་བྱས་སོང་། འདི་ནི་རྒྱ་ནག་ཚོགས་མིར་འདེམས་ཐོན་བྱུང་བ་ཐེངས་དྲུག་པ་ཆགས་ཡོད་ཅིང་འོས་ཤོག་གི་གྲངས་ཚད་དེ་ནི་ཕྱི་ལོ་ ༢༠༢༠ ལོ་དང་བསྡུར་ན་རྒྱལ་ཁབ་ ༡༥ ཡི་རྒྱབ་སྐྱོར་མང་དུ་ཕྱིན་ཡོད། འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནི་རྒྱལ་སྤྱིའི་ཁྱོན་ཡོངས་སུ་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་དར་སྤེལ་བྱ་རྒྱུའི་འགན་འཁྲི་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་གཙོ་བོ་དེ་ཡིན།
ཡིད་སྐྱོ་བའི་གནས་ཚུལ་དེའི་ཐད་འདི་ག་ལྟེ་གནས་ཁང་གི་འཛིན་སྐྱོང་འགན་འཛིན་བསྟན་འཛིན་ཟླ་བ་ལགས་ཀྱིས་གསུང་དོན་ལ་“དུས་ཡུན་རིང་པོར་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་གཏོང་མཁན་གྱི་རྒྱལ་ཁབ་རྒྱ་ནག་ལྟ་བུ་ཞིག་བསྟུན་མར་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མིར་འོས་འདེམས་བྱུང་བ་དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལམ་ལུགས་ལ་འགོས་ནད་ལྕི་མོ་ཐེབས་ཡོད་པའི་མཚོན་རྟགས་ཤིག་རེད།”