ཆབ་སྲིད་བཙོན་པ་བློ་གྲོས་རྒྱ་མཚོ་སླར་ཡང་འཛིན་བཟུང་བྱས་འདུག

ལོ་ ༢༡ རིང་རྒྱ་གཞུང་གིས་བཙོན་འཇུག་བྱས་མཐར། ཕྱི་ལོ་ ༢༠༡༣ ལོར་ཕྱིར་གློད་ཡོད་པའི་ཆབ་སྲིད་བཙོན་ཟུར་བློ་གྲོས་རྒྱ་མཚོ་ལགས། ཉེ་ཆར་རྒྱ་གཞུང་ཉེན་རྟོག་པས་ལྷ་ས་རུ་བསྐྱར་དུ་འཇུ་བཟུང་བཀག་ཉར་བྱས་ཡོད་འདུག

བློ་གྲོས་རྒྱ་མཚོ་ལགས་ལོ་ཉེར་གཅིག་རིང་བཙོན་འཇུག་མྱངས་མཐར་གློད་གྲོལ་བཏང་རྗེས་ཀྱི་འདྲ་པར།
བློ་གྲོས་རྒྱ་མཚོ་ལགས་ལོ་ཉེར་གཅིག་རིང་བཙོན་འཇུག་མྱངས་མཐར་གློད་གྲོལ་བཏང་རྗེས་ཀྱི་འདྲ་པར།

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༡༤ བོད་ནང་མཚན་མོ་ཆུ་ཚོད་ ༡༢ ཐོག ཁམས་སོག་རྫོང་གི་ཆབ་སྲིད་བཙོན་ཟུར་བློ་གྲོས་རྒྱ་མཚོ་ལགས་ལྷ་ས་ནས་བསྐྱར་དུ་འཛིན་བཟུང་བཀག་ཉར་བྱས་འདུག ཁོང་འཛིན་བཟུང་བྱེད་དགོས་དོན་དང། གང་དུ་བཙོན་འཇུག་བྱས་མིན་སོགས་ཞིབ་ཕྲའི་གནས་སྟངས་ནང་མི་དང་ཡུལ་མིས་སུས་ཀྱང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

ཆབ་སྲིད་བཙོན་པ་བློ་གྲོས་རྒྱ་མཚོ་ལགས་ད་ལྟ་རང་ལོ་ ༥༥ ཡིན་པ་དང་། ཁོང་རྒྱ་གཞུང་གི་བཙོན་ཁང་ནང་མི་ ༢༡ བཙོན་འཇུག་བྱས་མཐར། ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢ ཉིན་བཙོན་འཇུག་དུས་ཡུན་རྫོགས་ཏེ་གློད་གྲོལ་ཐོབ་ཡོད་ཀྱང་། ཉེ་ཆར་ལྷ་ས་རུ་བསྐྱར་དུ་འཇུ་བཟུང་གིས་གར་སོང་ཆ་མེད་གྱི་གནས་སྟངས་སུ་གྱུར་ཡོད་པ་རེད།

བློ་གྲོས་རྒྱ་མཚོའི་སྲིང་མོ་ཞིག་ལ་མོ་ཊའི་རྡུང་སྟེ་རྐྱེན་འདས་སུ་བཏང་བར་བརྟེན། མོ་ཊའི་ཁ་ལོ་བ་མིང་ལ་སྒ་ཡོལ་ཟེར་བ་དེ་ཁྲིམས་ཁང་དུ་གཏུགས་བཤེར་བྱས་ཀྱང་། ས་གནས་ཁྲིམས་ཁང་གིས་དུས་ཐོག་ཁྲིམས་གཅོད་མ་བྱས་པར་དུས་ཚོད་མནར་འགྱངས་བྱས་མཐར། སྒ་ཡོལ་ཟེར་བའི་མོ་ཊའི་ཁ་ལོ་བ་དེར་ནག་ཉེས་གང་ཡང་མེད་པའི་ངོས་འཛིན་བྱས་ཡོད་པ་རེད།

སྒ་ཡོལ་ཟེར་བའི་མོ་ཊའི་ཁ་ལོ་བ་དེ་ནི་རྒྱ་གཞུང་ཉེན་རྟོག་ལས་ཁུངས་དང་འབྲེལ་འདྲིས་ཆེ་ཞིང་། རྒྱ་ནག་གཞུང་དང་ངན་འབྲེལ་རྒྱབ་ལྗོངས་ཅན་གྱི་བོད་མི་ཞིག་ཡིན་སྟབས། སྒ་ཡོལ་གྱིས་ཁོས་ཉིན་ཞིག་བློ་གྲོས་རྒྱ་མཚོ་གསོད་རྒྱུ་ཡིན་སྐོར་སྤྱི་ཚོགས་ཁྲོད་ཁ་ཕོ་བསྒྲགས་ཏེ་འཇིགས་སྐུལ་བྱས་པར་བརྟེན། བློ་གྲོས་རྒྱ་མཚོའི་གནས་ཚུལ་དེའི་སྐོར་ས་གནས་ཉེན་རྟོག་ལས་ཁུངས་སུ་ཞུ་གཏུགས་བྱས་ཀྱང་། ཉེན་རྟོག་པས་ཡ་ལེན་མ་བྱས་པར་སྣང་མེད་བཏང་ཡོད་པ་རེད།

ཕྱི་ལོ་ ༡༩༩༣ ཟླ་ ༡ ཚེས་ ༡༧ ཉིན་ནག་ཆུ་ས་ཁུལ་གྱི་སྦྲགས་ཁང་གི་ངོས་ནས། བློ་གྲོས་རྒྱ་མཚོ་ལ་ཡི་གེ་ཞིག་ལེན་དུ་ཡོང་དགོས་པའི་སྐད་བཏང་བར་བརྟེན། ཁོང་ཉིན་དེར་ནག་ཆུ་རུ་ཡོང་སྟེ་སྲང་ལམ་དུ་བསྐྱོད་སྐབས། སྲིང་མོར་མོ་ཊས་རྡུང་དེ་རྐྱེན་འདས་སུ་གཏོང་མཁན་ཁ་ལོ་བ་སྒ་ཡོལ་ཟེར་བ་དེ་དང་འཕྲད་ཡོད་པ་དང་། སྐབས་དེར་སྒ་ཡོལ་གྱིས་མེ་མདའ་ཐུང་མདའ་ཞིག་ཡོད་པ་བཏོན་སྟེ་བློ་གྲོས་རྒྱ་མཚོའི་སྒང་ལ་ཐེངས་གཉིས་བརྒྱབ་ཡོད་ཀྱང་མདེའུ་ཕོག་ཐུབ་མེད་པ་རེད། དེ་རྗེས་བློ་གྲོས་རྒྱ་མཚོ་ལགས་ཀྱིས་སྒ་ཡོལ་ཟེར་བ་དེར་གྲིས་བརྒྱབ་ཡོད་འདུག དེ་དུས་ཉེ་འགྲམ་དུ་ཉེན་རྟོག་པ་གཉིས་ཡོད་འདུག་ཀྱང་། ཁོ་ཚོས་བར་མ་བཀག་པར་ཡ་མེད་བཏང་སྟེ་ཕན་ཚུན་ལག་ཉེས་ཤོར་བའི་རྗེས་སུ། ད་གཟོད་བློ་གྲོས་རྒྱ་མཚོ་འཇུ་བཟུང་བཙན་འཁྲིད་བྱས་ཐོག མཐར་སྒ་ཡོལ་སྨན་ཁང་དུ་བསྐྱལ་རྗེས་རྐྱེན་འདས་སུ་ཕྱིན་ཡོད་འདུག ཕྱི་ལོ་ ༡༩༩༤ ཟླ་ ༤ ཚེས་ ༢༠ ཉིན་ནག་ཆུ་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། བློ་གྲོས་རྒྱ་མཚོ་ལགས་ལ་ལོ་ ༡༥ དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་དེ་གྲྭ་བཞི་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་རེད།

ཕྱི་ལོ་ ༡༩༩༥ ཟླ་ ༣ ཚེས་ ༤ ཉིན། བློ་གྲོས་རྒྱ་མཚོ་ལགས་གྲྭ་བཞི་བཙོན་ཁང་རུ་ཁག་ལྔ་པའི་གཤམ་ཙམ་ནས་མགོ་བཙུགས་ཏེ་རུ་ཁག་དྲུག་པ་དང་། བཞི་པ། གཉིས་པ། དང་པོ་བཅས་ཀྱི་མདུན་ངོས་ལམ་ཁ་དང་། རུ་ཁག་དང་པོའི་སྒོ་རའི་ནང་བཅས་སུ་ཡི་གེ་བཀྲམས་ཏེ་སྐད་འབོད་ངོ་རྒོལ་བྱས་ཡོད་པ་རེད། ཡི་གེའི་ནང་དུ་༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཁྲི་ལོར་བརྟན་པར་ཤོག བོད་རང་བཙན་ཡིན། བོད་ཀྱི་བདག་པོ་བོད་མི་ཡིན། ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་དགུང་ལོ་ཉེར་ལྔར་སྐུ་ཚེ་བར་ཆད་མ་བྱུང་ན། དགུང་ལོ་ ༦༡ ལ་རྒྱལ་སྲིད་ཐོབ་སོགས་བྲིས་ཡོད་པ་དང་། དེ་བཞིན། བོད་རང་བཙན་ཡིན། ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཁྲི་ལོར་བརྟན་པར་ཤོག བོད་དུ་ཡོད་པའི་རྒྱ་མི་ཚང་མ་རྒྱ་ནག་ཏུ་ལོག་དགོས། ཞེས་འབོད་ཚིག་བསྒྲགས་ཡོད་པ་རེད།

སྐབས་དེར་འབྲེལ་ཡོད་བཙོན་སྲུང་བས་བློ་གྲོས་རྒྱ་མཚོ་ལགས་འཇུ་བཟུང་བཀག་ཉར་ཐོག ཁོང་གི་ལུས་ཀྱི་གོས་དང་ཞྭ་ལྷམ་ཕུད་དེ་དམར་ཧྲེང་དུ་མཐེབ་ལྕགས་བརྒྱབ་སྟེ། མཁལ་མ་དང་ཕོ་མཚན་སོགས་ལུས་ཀྱི་རྩ་གནད་ཆེ་སར་རྡོག་བརྫིས་བ་དང་ལག་ཆ་འདྲ་མིན་རྡུང་སྟེ་ཁ་སྣ་སོགས་དབང་པོ་ནས་ཁྲག་ཐོན་བཅུག་ཡོད་པ་དང་། མནར་གཅོད་བཀག་བསྐྱིལ་ཁང་ཆུང་བའི་ནང་ཉིན་མང་པོར་བཅུག་སྟེ། ཉིན་རེར་ཟས་ཐུན་གཉིས་དང་ཟས་ཐུན་རེ་གྲེ་མོག་ཆུང་ཆུང་རེ་དང་ཆུ་ཕོར་བ་རེ་མ་གཏོགས་མ་སྤྲད་པར། མི་སྤྱོད་ལས་འདས་པའི་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་ཡོད་མ་ཟད། ཁྲིམས་ཁང་ལ་གཏུགས་ཡིག་བཟོས་ཏེ་བློ་གྲོས་རྒྱ་མཚོ་ལགས་སྲོག་ཐོག་གཏོང་རྒྱུའི་ཐག་གཅོད་བྱས་ཡོད་པ་རེད།

ཡིན་ནའང་། སྐབས་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་བལྟ་རྟོག་ཚོགས་པའི་འགན་འཛིན་ནས། རྒྱ་གཞུང་ལ་བློ་གྲོས་རྒྱ་མཚོ་ལགས་གསོད་མི་ཆོག་པའི་གནོན་ཤུགས་སྤྲད་པ་མ་ཟད། རྒྱལ་སྤྱིའི་ཉེས་ཡང་ཚོགས་པ་ཁག་ཅིག་གིས་ཀྱང་ཡིག་འཕྲིན་དང་གནོན་ཤུགས་སྤྲད་པ་སོགས་ལ་བརྟེན་ནས། རྒྱ་གཞུང་ཁྲིམས་ཁང་གིས་ལོ་དྲུག་མནར་འགྱངས་ཀྱིས་སྲོག་ཁྲིམས་གཅོད་རྒྱུ་དང་། ཆབ་སྲིད་ཐོབ་ཐང་ལོ་ ༣ ལ་བཙན་འཕྲོག་བྱས་པ་བཅས། ཁྱོན་དུས་བཀག་བཙོན་འཇུག་མི་ལོ་ ༢༡ ཁྲིམས་ཐག་བཅད་ཡོད་པ་རེད། དེ་ལྟར་བློ་གྲོས་རྒྱ་མཚོ་ལགས་བཙོན་ཁང་ནང་བཙོན་འཇུག་དུས་ཡུན་རྫོགས་ཏེ། ཕྱི་ལོ་ ༢༠༡༣ ལོར་ཕྱིར་གློད་གྲོལ་ཐོབ་ནས་ལོ་གསུམ་ཙམ་ལས་མ་ཕྱིན་པར། རྒྱ་གཞུང་གིས་ཉེ་ཆར་བསྐྱར་དུ་ཁོང་འཇུ་བཟུང་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་པ་རེད།

བློ་གྲོས་རྒྱ་མཚོ་ལགས་འཇུ་བཟུང་མ་བྱས་པའི་སྔོན་གྱི་གཞོན་དུས་ཀྱི་འདྲ་པར།
བློ་གྲོས་རྒྱ་མཚོ་ལགས་འཇུ་བཟུང་མ་བྱས་པའི་སྔོན་གྱི་གཞོན་དུས་ཀྱི་འདྲ་པར།

བློ་གྲོས་རྒྱ་མཚོ་ནི་ཁམས་སོག་རྫོང་ཚ་དབྲོག་ཡུལ་ཚོའི་སོག་མཁར་གྲོང་སྡེ་ནས་ཡིན་པ་དང་། རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱིས་མི་སེར་སྤེལ་བའི་དྲག་གནོན་དབང་བསྒྱུར་གྱི་ད་ལྟའི་ས་ཁོངས་དབྱེ་བགོས་ལྟར་བྱས་ན། ཁོང་ནི་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་གཏོགས་ནག་ཆུ་ས་ཁུལ་སོག་རྫོང་ནས་ཡིན་པ་རེད། ཁོང་གིས་ཆུང་དུས་སུ་ཕའི་ས་ནས་གཏམ་ཡིག་རྩིས་སྦྱང་བའི་ཐོག ལུས་པོ་བདེ་པོ་ཡོད་པས་སོག་རྫོང་ཟློས་གར་ཚོགས་པའི་འཁྲབ་སྟོན་པ་བྱེད་མྱོང་ཡོད་ལ། ཤེད་ཤུགས་ལྡན་པས་ནག་ཆུ་ས་ཁུལ་སུ་ཤེད་རྡོ་བཀྱགས་ནས་ཨང་དང་པོའི་བྱ་དགའ་ཐེངས་ གཉིས་རག་མྱོང་ཡོད། བཙོན་གྲོགས་རྣམས་ཀྱིས་ཁོང་ནི་མི་རིགས་ཀྱི་ལ་རྒྱ་དང་དཔའ་བློ་ཁོག་ཆེ་ལ། མདོར་ན་བཙན་པོ་གཉའ་ནས་མནན་ཉམ་ཆུང་མཐའ་ནས་སྐྱོང་ཐུབ་མཁན་གྱི་གངས་ཅན་བོད་ཀྱི་དཔའ་པོ་ཞིག་རེད་ཅེས་གླེང་བཞིན་འདུག

སོག་རྫོང་བློ་གྲོས་རྒྱ་མཚོ་ལགས་ནི་ཕྱི་ལོ་ ༡༩༦༢ ལོར་ཕ་འཇིགས་མེད་ཚེ་འདས་དང་མ་བསོད་ནམས་ཡེ་ཤེས་གཉིས་སུ་སོག་རྫོང་ཚ་དབྲོག་ཤང་སོག་མཁར་གྲོང་སྡེར་འཁྲུངས་པ་དང༌། སྤུན་ཆུང་བ་བསྟན་འཛིན་དར་རྒྱས་དང༌། སྲིང་མོ་ལྔ་ཙམ་ཡོད་འདུག བློ་གྲོས་རྒྱ་མཚོ་ལགས་ནི་དེ་སྔ་སོག་རྫོང་ཟློས་གར་ཚོགས་པའི་ནང་འཁྲབ་སྟོན་པ་བྱེད་མྱོང་ཞིང༌། ཤེད་ཤུགས་ལྡན་པས་ནག་ཆུ་ས་ཁུལ་དུ་ཤེད་རྡོ་བཀྱགས་ནས་ཐེངས་གཉིས་ཙམ་ཨང་དང་པོའི་བྱ་དགའ་ལེན་མྱོང་ཡོད་འདུག སྔོན་མ་བཙོན་དུ་མ་བཟུང་སྔོན་གྱི་སྐྱེ་དམན་དགའ་སྐྱིད་ལ་བུ་གཅིག་ཡོད་པ་དེ་ཡང་སློབ་ཆེན་ཐོན་རྗེས་ན་ཚ་ལྕི་མོ་ཕོགས་ནས་གྲོངས་ཡོད་འདུག

གོང་འཁོད་གནས་ཚུལ་རྒྱབ་ལྗོངས་དག་ལས་ཤེས་གསལ་ལྟར། རྒྱ་གཞུང་གིས་ཁྲིམས་ཀྱི་མདུན་སར་དྲང་བདེན་འདྲ་མཉམ་མ་བྱས་པ་དེར་བློ་གྲོས་རྒྱ་མཚོ་ལགས་ཀྱིས་གདོང་ལེན་དང་། དེ་བཞིན། བཙོན་ཁང་དུ་བོད་མིའི་རང་དབང་དང་དྲང་བདེན་ཆེད་སྐད་འབོད་བྱས་པ་བཅས་ལ་བརྟེན་ནས། མི་སྤྱོད་ལས་འདས་པའི་མནར་གཅོད་དང་ཁྲིམས་གཅོད་བཏང་བ་ཞིག་ཆགས་ཡོད་པ་རེད། དེར་མ་ཟད། ཉེ་ཆར་རྒྱུ་གསལ་ཁ་མེད་པར་གློ་བུར་འཇུ་བཟུང་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་སོགས་ལས། བློ་གྲོས་རྒྱ་མཚོ་ལགས་ཀྱིས་མཚོན་པས་དྲང་བདེན་དང་རང་དབང་འཐབ་རྩོད་བྱེད་མཁན་བོད་མི་རྣམས། རྒྱ་གཞུང་གིས་བརྒྱ་ཇུས་སྟོང་གི་སྒོ་ནས་རྩ་མེད་བཟོ་བཞིན་པ་གསལ་བོ་བསྟན་ཡོད།

to top