རང་ལུས་མེར་བསྲེགས་ཀྱི་བསམ་ཚུལ་བཀག་སྡོམ་ཆེད་གྲྭ་པ་ཞིག་འཇུ་བཟུང་བྱས་འདུག

རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བཙན་འཁྲིད་བྱས་ཟིན་པའི་རྟའུ་ཉི་མཚོ་དགོན་པའི་གྲྭ་བྱམས་པ་དགེ་ལེགས་ལགས།
རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བཙན་འཁྲིད་བྱས་ཟིན་པའི་རྟའུ་ཉི་མཚོ་དགོན་པའི་གྲྭ་བྱམས་པ་དགེ་ལེགས་ལགས།

རྒྱ་གཞུང་ཉེན་རྟོག་པས་བོད་མི་གྲྭ་པ་ཞིག་གིས་རང་ལུས་མེར་བསྲེག་བྱ་འདུན་གྱི་བསམ་ཚུལ་བཅངས་པ་དང་། བོད་ཀྱི་རྒྱལ་དར་མདུན་དུ་པར་བརྒྱབ་པའི་དོགས་གཞིའི་འོག་འཇུ་བཟུང་བཙན་འཁྲིད་བྱས་ཡོད་འདུག

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༡༦ ཉིན་གྱི་བོད་ནང་གི་ཕྱི་དྲོ་ཆུ་ཚོད་ ༨ དང་ཕྱེད་ཀ་ཡས་མས་སུ། བོད་མདོ་ཁམས་རྟའུ་ཉི་མཚོ་དགོན་པའི་ནང་བསྟན་གཙུག་ལག་སློབ་གྲྭའི་གྲྭ་བྱམས་པ་དགེ་ལེགས་ལགས་རྟའུ་རྣམ་རྒྱལ་མཆོད་རྟེན་གྱི་གླིང་འགྲམ་ན་འགྲོ་བཞིན་པའི་སྐབས་སུ། གློ་བུར་དུ་རྒྱ་ནག་གཞུང་ཉེན་རྟོག་པས་རྒྱུ་མཚན་སོགས་ཅི་ཡང་གསལ་བཤད་མ་བྱས་པར་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག

དེ་བཞིན། བོད་ནང་གི་མཚན་མོ་ཆུ་ཚོད་ ༡༠ ཙམ་ལ་ཉེན་རྟོག་པ་ཕོན་ཆེན་པོ་གྲྭ་བྱམས་པ་དགེ་ལེགས་ཀྱི་གྲྭ་ཤག་ནང་དུ་འཛུལ་ནས་བསྔོག་བཤེར་བྱས་ཡོད་པ་མ་ཟད། མཚན་མོ་དེར་ཉེན་རྟོག་པས་གྲྭ་བྱམས་པ་དགེ་ལེགས་དར་རྩེ་མདོའི་བཙོན་ཁང་དུ་འཁྲིད་ནས་བཀག་བྱས་ཡོད་འདུག

ཁོང་འཛིན་བཟུང་བྱེད་དོན་ཐད་བོད་ནང་གི་ས་གནས་མང་ཚོགས་ཀྱི་བཤད་སྟངས་ལྟར་ན། གྲྭ་བྱམས་པ་དགེ་ལེགས་ཀྱི་གྲྭ་ཤག་ཏུ་བོད་ཀྱི་རྒྱལ་དར་གྱི་པར་ཆེན་ཞིག་ཡོད་པ་དང་། ཁོང་གིས་དེའི་མདུན་ནས་པར་བརྒྱབ་སྟེ་བོད་ཀྱི་རྒྱལ་དར་རྒྱབ་ལྗོངས་སུ་ཁེལ་ཡོད་པའི་རྐྱེན་དང་། ཡང་ཁོང་གིས་དེ་སྔོན་བོད་བསྟན་སྲིད་ཀྱི་ཆེད་རང་ལུས་མེར་བསྲེག་གཏོང་གི་ཡིན་ལབ་ཡོད་ཀྱང་སྐབས་དེར་ནང་མིས་བཀག་འགོག་བྱས་ཡོད་པ་བཅས་ཀྱིས་ཡིན་འདུག

རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱིས་མི་སེར་སྤེལ་བའི་དྲག་གནོན་དབང་བསྒྱུར་གྱི་ད་ལྟའི་ས་ཁོངས་དབྱེ་བགོས་ལྟར་བྱས་ན། གྲྭ་བྱམས་པ་དགེ་ལེགས་ལགས་ནི་རྒྱ་ནག་ཟི་ཁྲོན་ཞིང་ཆེན་ཁོངས་སུ་བཅད་བགོས་བྱས་ཡོད་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྟའུ་རྫོང་མ་ཟུར་ཤང་རྫི་ཡ་གྲོང་པ་ནས་ཡིན་པ་དང་། ད་ལྟ་རང་ལོ་ ༢༣ ཡིན་འདུག ཕ་ཚེ་རིང་དང་མ་སྒྲོན་ལས་གཉིས་ལ་བུ་གཉིས་དང་བུ་མོ་གཅིག་བཅས་ཕྲུ་གུ་གསུམ་ཡོད་པའི་ནང་ནས་ཁོང་བུ་ཆེ་ཤོས་ཡིན་པ་རེད།

ཁོང་ཆུང་དུས་ནས་མདོ་ཁམས་རྟའུ་ཉི་མཚོ་དགོན་དུ་ཞུགས་ནས་ལོ་བཅུ་ཕྲག་རིང་ལ་སུམ་རྟགས་དག་གསུམ་དང་མཚན་ཉིད་སོགས་ལ་སློབ་གཉེར་གནང་ཡོད་པ་དང་། ད་ལྟ་འཛིན་གྲྭ་སྐབས་དང་པོ་ཡིན་འདུག ཉི་མཚོ་དགོན་གྱི་སློབ་གྲྭའི་གུང་སེང་སྐབས་ཁོང་གིས་ས་གནས་ཀྱི་བོད་པའི་བྱིས་པ་རྣམས་ལ་བོད་ཀྱི་སྲོལ་རྒྱུན་དང་སྐད་ཡིག་བསླབ་སྟེ་དང་བླངས་ཞབས་ཞུ་གནང་བཞིན་ཡོད་འདུག དེ་བཞིན། ཁོང་ནི་རྒྱུན་དུ་བོད་ཀྱི་སྐད་ཡིག་ལ་དོན་གཉེར་ཆེ་ཞིང་མི་རིགས་ཀྱི་ལ་རྒྱ་ལྡན་པ། གཞན་ཕན་གྱི་ལྷག་བསམ་ཅན་གྱི་གྲྭ་པ་ཞིག་ཡིན་འདུག

རྒྱ་ནག་གཞུང་གིས་བོད་མི་རྣམས་ཀྱི་སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང་མེད་པ་བཟོ་ཆེད། གང་བྱུང་འཇུ་བཟུང་དང་བཀག་ཉར་བྱེད་བཞིན་པ་ནི་རྒྱུན་གཏན་གྱི་གནས་ཚུལ་ཆགས་བསྡད་ཡོད། རྒྱ་གཞུང་གིས་བོད་མི་གང་བྱུང་འཇུ་བཟུང་བཙན་འཁྲིད་བྱས་ནས་དུས་ཚོད་ངེས་མེད་ཐོག་ཁྲིམས་ཐག་གང་ཡང་མ་བཅད་པར་གསང་བའི་བཀག་ཉར་བྱེད་པ་དེས་༼འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་དང་། ཆབ་སྲིད་དང་སྤྱི་དམངས་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་སྤྱི་ཆིངས། དཔལ་འབྱོར་དང་སྤྱི་ཚོགས། རིག་གཞུང་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་སྤྱི་ཆིངས། བཅས་ལ་བརྒྱབ་འགལ་འགྲོ་བཞིན་ཡོད།

ཞི་བདེ་དང་ཁྲིམས་བསྲུང་བའི་བོད་མི་རྣམས་གང་བྱུང་འཇུ་བཟུང་བྱས་པ་དེས། ཆབ་སྲིད་དང་སྤྱི་དམངས་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་སྤྱི་ཆིངས་གི་དོན་ཚན་དགུ་པའི་ཚན་པ་དང་པོ་༼ སྐྱེ་བོ་ཚང་མར་རང་དབང་དང་བདེ་འཇགས་ཀྱི་ཐོབ་ཐང་ཡོད། སྐྱེ་བོ་སུ་ཞིག་ལ་ཡང་གང་བྱུང་འཛིན་བཟུང་དང་བཙོན་འཇུག་བྱེད་མི་ཆོག ཁྲིམས་ལུགས་ཀྱི་གཏན་ལ་ཕབ་ཟིན་པའི་འགྲོ་ལུགས་དང་བསྟུན་དགོས་མ་གཏོགས། དེ་མིན་སུ་ཞིག་གི་རང་དབང་འཕྲོག་མི་ཆོག ༽ དེ་བཞིན། དོན་ཚན་དགུ་པའི་ཚན་པ་གསུམ་པར་ ༼ སྐྱེ་བོ་སུ་ཞིག་ནག་ཉེས་ལ་བརྟེན་ནས་འཛིན་བཟུང་ངམ་བཙོན་འཇུག་བྱེད་སྐབས། འཕྲལ་དུ་ཁྲིམས་དཔོན་ནམ་ཡང་ན་ཁྲིམས་ཀྱིས་དབང་ཚད་ལྡན་པའི་དཔོན་རིགས་ཀྱི་མདུན་དུ་འཁྲིད་དགོས་པ་མ་ཟད། དུས་ཚོད་འོས་འཚམས་ནང་གཏུགས་བཤེར་བྱེད་དགོས་པ་དང་། ཡང་ན་གློད་གྲོལ་གཏོང་དགོས་པ་ཡིན། ༽ཅེས་གསལ་ཡོད།

དེར་བརྟེན། བོད་མི་རྣམས་དུས་ཡུན་རིང་པོའི་ནང་བཀག་ཉར་བྱེད་པ་ནི་ཁྲིམས་མཐུན་ཞིག་མིན་སྟབས། རྒྱ་གཞུང་གི་ཉེས་སྤྱོད་དེར་བསྐྱར་ཞིབ་དང་གསལ་པོ་ར་སྤྲོད་བྱ་དགོས། དེ་བཞིན། མཉམ་སྦྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ལས་དོན་སྡེ་ཁག་གིས་རྒྱ་གཞུང་གིས་བོད་མི་གང་བྱུང་འཇུ་བཟུང་བྱེད་བཞིན་པ་དང་། ལྷག་པར་དུ་ཕྱི་ལོ་ ༢༠༡༤ ནང་བོད་མི་སྒྱུ་རྩལ་བ་བཅུ་འཇུ་བཟུང་བྱས་པ་དེར་ཐུགས་འཚབ་གནང་ཡོད།

མཉམ་སྦྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ལས་དོན་མི་སྣས་རྒྱ་ནག་གཞུང་ལ་འོས་བསྡུ་དང་གྲངས་ཉུང་མི་རིགས་ཀྱི་གནད་དོན་ཐད་ཞི་བའི་འདུ་འཛོམས་རང་དབང་དང་། དྲ་རྒྱ་དང་དྲ་རྒྱ་མིན་པའི་བརྒྱུད་ལམ་ནས་ཕན་ཚུན་མཉམ་ལས་བྱེད་པའི་རང་དབང་བཅས་ལ་བརྩི་སྲུང་དགོས་པ་དང་། དེའི་ཐད་ཀྱི་ཚད་བཀག་རྣམས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་དང་མཐུན་དགོས་པ་ནན་བརྗོད་བྱ་དགོས།

མུ་མཐུད་དུ་བོད་མི་རྣམས་ཀྱི་བདེ་འཇགས་དང་སྲུང་སྐྱོབ་ལ་ཉེན་ཁ་འཕྲད་བཞིན་པ་དེ་ནི། རྒྱ་གཞུང་གིས་རྒྱལ་སྤྱིའི་སྒྲིག་ཁྲིམས་ལ་འགྲེལ་ལོག་བྱས་པའི་རྐྱེན་གྱིས་རེད། རྒྱལ་སྤྱིའི་ངོས་ནས་རྟོག་ཞིབ་དང་སྟངས་འཛིན་ནན་པོ་མ་བྱས་ཚེ། རྒྱ་གཞུང་གིས་འཛེམས་གཟོན་མེད་པའི་ཐོག་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་། མུ་མཐུད་དུ་བོད་མི་རྣམས་གང་བྱུང་འཇུ་བཟུང་བྱེད་ངེས་རེད།

to top