བོད་སྡེ་ཨ་རིག་བྲག་དཀར་དང་རྒྱ་སྡེ་ཚའོ་མེན་ཀྲོང་གཉིས་ནི་བོད་རྒྱའི་མཐའ་འབྲེལ་ས་ཁུལ་ཡིན་སྟབས། འདས་པའི་ལོ་མང་རིང་སྡེ་བ་གཉིས་བར་ས་ཆའི་རྩོད་རྙོག་རིམ་པར་བྱུང་ཡོད་ཀྱང་། མཚོ་སྔོན་ཞིང་ཆེན་དང་ཀན་སུའུ་ཞིང་ཆེན་གྱི་ས་གནས་རྒྱ་གཞུང་རིམ་པས་དཀའ་རྙོག་འདུམ་སྒྲིག་མ་བྱས་པར་སྣང་མེད་དུ་བཞག་ཡོད་སྟབས། ཟླ་འདིའི་ཕྱི་ཚེས་ ༡༧ རྒྱ་སྡེ་ཚའོ་མེན་ཀྲོང་གིས་དངུལ་སྤྲད་དེ་ཡུལ་དམག་བསྡུས་རྗེས། ཨ་རིག་བྲག་དཀར་སྡེ་བའི་ས་སྲུང་བའི་ཐོག་དམག་དྲངས་ཏེ་རུབ་རྡུང་བྱས་པའི་ཛ་དྲག་གནས་ཚུལ་བྱུང་ཡོད་འདུག
འདི་ག་ལྟེ་གནས་ཁང་དུ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡༧ ཉིན། ཀན་སུའུ་ཞིང་ཆེན་ཀྲང་ཡའེ་གྲོང་ཁྱེར་མེན་ལིག་རྫོང་ནན་ཧྥུན་ཞང་ཚའོ་མེན་གྲོང་ཚོའི་རྒྱ་མི་ཀྲང་ཝུ་དང་ཀྲང་ཝན་གཉིས་ཀྱིས་མགོ་བསྡུ་བྱས་ཐོག ཀྲང་ཡའེ་གྲོང་ཁྱེར་ནང་གི་ནག་ཚོགས་པ་མི་རེ་ལ་རྒྱ་སྒོར་ ༡༠༠༠ རེ་སྤྲད་ནས་རྒྱ་མི་ ༡༠༠ ལྷག་གླས་རྗེས། གྲི་དང་དབྱུག་པ་མཛེར་མགོ་ཅན་སོགས་ལག་ཆ་སྣ་ཚོགས་བཟུང་སྟེ། ཀན་སུའུ་ཞིང་ཆེན་དང་འདབས་འབྲེལ་དུ་གནས་པའི་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་མདོ་ལ་རྫོང་མཁར་དམར་ཞང་ཨ་རིག་བྲག་དཀར་སྡེ་བའི་བོད་མི་ས་སྲུང་བའི་སྡོད་གུར་ཡོད་སར་དམག་དྲངས་ཏེ། བོད་མི་ས་སྲུང་བ་རྣམས་ལ་རུབ་རྡུང་བྱས་ནས་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་འདུག