ཁམས་རྟའུ་རྫོང་དུ་བཙུན་མ་དབང་ཆེན་སྒྲོལ་མས་རང་ལུས་མེར་བསྲེགས་ཀྱིས་སྐུ་གྲོངས་འདུག

wang_chen_Dolma
རྟའུ་རྫོང་དུ་རང་ལུས་མེར་བསྲེགས་ཀྱིས་སྐུ་གྲོངས་མཁན་བཙུན་མ་དབང་ཆེན་སྒྲོལ་མ་ལགས།

ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་ཁམས་རྟའུ་རྫོང་ཐོག་ནས་བཙུན་མ་དབང་ཆེན་སྒྲོལ་མས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ལ་ངོ་རྒོལ་གནང་སྟེ།  ཕྱི་ཚེས་ ༡༤ ཉིན་གྱི་ཕྱི་དྲོ་དར་རྩེ་མདོའི་སྨན་ཁང་ཞིག་ཏུ་སྐུ་གྲོངས་ཡོད་པ་དང་།  རྒྱ་གཞུང་གིས་ཁོང་མོའི་སྐུ་ཕུང་ནང་མིར་རྩིས་སྤྲོད་མ་བྱས་པར་མེར་བསྲེགས་བྱས་ཡོད་འདུག  བཙུན་མ་དབང་ཆེན་སྒྲོལ་མ་ནི་ཁམས་རྟའུ་རྫོང་དུ་རྒྱ་ནག་སྲིད་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་མཁན་གསུམ་པ་དང་།  བོད་ནང་རང་ལུས་མེར་བསྲེགས་གནང་མཁན་  ༡༡༩ པ་དེ་ཆགས་ཡོད།  ཡིན་ནའང་། རྒྱ་གཞུང་གིས་བོད་ནང་གི་དངོས་ཡོད་དཀའ་སྡུག་གནས་སྟངས་ལ་ཉན་འཇོག་མ་བྱས་པར་བོད་ནང་མུ་མཐུད་དྲག་གནོན་དམ་དྲག་གི་བྱ་སྤྱོད་ཁོ་ན་ལག་བསྟར་བྱེད་བཞིན་ཡོད།

དེ་ཡང་ཕྱི་ཟླ་ ༦ ཚེས་ ༡༡ ཉིན་གྱི་བོད་ནང་གི་ཕྱི་དྲོ་ཆུ་ཚོད་ ༥ ཡས་མས་སུ་ཁམས་མི་ཉག་འདྲ་པ་ནས་ཡིན་པའི་བཙུན་མ་དབང་ཆེན་སྒྲོལ་མས་ཁམས་རྟའུ་ཉ་མཚོ་དགོན་པའི་ཉེ་འཁྲིས་ཤིག་ཏུ།  རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་ཡོད་པ་དང་།   སྐབས་དེར་རྒྱ་ནག་ཉེན་རྟོག་པ་བསླེབས་ཏེ་ཁོང་མོ་བཙན་འཁྱེར་གྱིས་ཁམས་དར་རྩེ་མདོའི་སྨན་ཁང་ཞིག་ཏུ་ཁྱེར་ཡོད་འདུག  ཕྱི་ཚེས་  ༡༤ ཉིན་གྱི་བོད་ནང་གི་ཕྱི་དྲོ་ཆུ་ཚོད་ ༨ པའི་ཐོག་བཙུན་མ་དབང་ཆེན་སྒྲོལ་མ་སྐུ་གྲོངས་ཡོད་པ་དང་།  རྒྱ་གཞུང་གིས་ཁོང་མོའི་སྐུ་ཕུང་ནང་མིར་རྩིས་སྤྲོད་མ་བྱས་པར་སྨན་ཁང་དུ་རོ་བསྲེག་བྱེད་ཀྱི་གློག་སྒམ་ཞིག་ནང་ཕུང་བོ་བསྲེགས་ཡོད་སྟབས།  བོད་མིའི་སྤྱི་སྲོལ་ལྟར་ཆོས་ཕྱོགས་ཀྱི་བྱེད་སྒོ་སྒྲུབ་སྟེ་སྐུ་ཕུང་པོ་ཞུགས་འབུལ་གནང་ཐུབ་མེད་པ་རེད།

བཙུན་མ་དབང་ཆེན་སྒྲོལ་མས་རང་ལུས་མེར་བསྲེགས་གནང་བའི་གནས་ཚུལ་ཐོས་རྗེས།  མི་ཉག་འདྲ་པ་བྲག་ཐོག་ས་གནས་ཀྱི་གྲོང་སྡེ་ཁག་ནས་བཙུན་མ་ཁོང་གི་ནང་མིར་གདུང་སེམས་མཉམ་བསྐྱེད་དུ་བསྐྱོད་པ་དང་། ནང་མིའི་ངོས་ནས་ཀྱང་འདས་པོ་ཁོང་མོར་ཆོས་ཕྱོགས་ཀྱི་བསྔོ་སྨོན་དང་མཆོད་འབུལ་སོགས་བྱ་ཐབས་གནང་ཡོད་ཀྱང་། ཕྱི་ཚེས་ ༡༤ ཉིན་ས་གནས་སྲིད་གཞུང་གི་མི་སྣ་ཁག་ཅིག་བསླེབས་ཏེ། ཁོང་མོའི་ནང་མིར་བཙུན་མ་དབང་ཆེན་སྒྲོལ་མར་སྨན་བཅོས་བྱས་ཀྱང་མ་ཕན་པར་འདས་གྲོངས་སུ་ཕྱིན་ཡོད་སྐོར་བརྗོད་རྗེས།  གྲོང་པ་ཁྱིམ་མཚེས་དང་ཡུལ་མི་སྤུན་ཉེ།  གྲྭ་བཙུན་བླ་མ་སོགས་བཙུན་མ་དབང་ཆེན་སྒྲོལ་མའི་ནང་ལ་ཆོས་སྒྲུབ་ཏུ་ཡོང་རྒྱུར་བཀག་འགོག་དང་།   ཁོ་མོའི་ནང་མི་རྣམས་ཕྱི་ལོགས་སུ་འགྲོ་མི་ཆོག་པའི་བཙན་བཀའ་བཏང་སྟེ་གནས་སྟངས་དམ་དྲག་འོག་འདས་མཆོད་བསྔོ་སྨོན་གྱི་རྗེས་འཇུག་ཡག་པོ་ཞིག་ཀྱང་བྱེད་བཅུག་མེད་པ་རེད།

ས་གནས་ཀྱི་ཡུལ་མི་ཞིག་གིས་བརྗོད་པ་ལྟར་ན།  བཙུན་མ་དབང་ཆེན་སྒྲོལ་མའི་ཕ་ཡུལ་དུ་བཙུན་མ་ཆོས་ཞུགས་བྱེད་སའི་བཙུན་དགོན་མེད་པར་བརྟེན། ཁམས་རྟའུ་སྦར་ཞབས་བྲག་དཀར་ཞེས་པའི་གནས་རིར་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་ཀྱི་སྤྲུལ་སྐུ་ཆོས་ཀྱི་ཉི་མའི་ཆོས་སྡེར་ཆོས་ཞུགས་གནང་ཡོད་པ་དང་།  ཁོང་མོས་རང་ལུས་མེར་བསྲེག་མ་བཏང་སྔོན་གྱི་ཟླ་ ༤  རིང་ལ་གནས་རི་དེར་སྒོམ་སྒྲུབ་བྱས་ཡོད་པ་དང་།  ཉེ་ཆར་རྟའུ་ཉ་མཚོ་དགོན་དུ་འཇང་དགུན་ཆོས་འཚོགས་བཞིན་པའི་སྐབས་དང་བསྟུན་ནས་རྟའུ་རྫོང་ཐོག་ལ་ཡོང་སྟེ་སློབ་གྲྭ་ཞིག་ནང་འདུག་སྡོད་བྱས་ཡོད་པ་དང་།  རང་ལུས་མེར་བསྲེགས་ཀྱི་སྔ་ཉིན་དེ་ཕྱི་ཚེས་ ༡༠ ཉིན་གྱི་དགོང་མོར་སློབ་གྲྭའི་སློབ་ཕྲུག་ཚོར་བོད་ཀྱི་ཆོས་དང་སྐད་ཡིག་རིག་གནས་ལ་སློབ་སྦྱོང་བཟང་བོ་བྱས་ཏེ།  ཡ་རབས་བཟང་སྤྱོད་ལྡན་པའི་བོད་མི་ཞིག་བྱེད་དགོས་པའི་བསླབ་བྱ་སོགས་གནང་ཡོད་འདུག

01300001064903129170508112307
རྒྱ་ནག་ཟི་ཁྲོན་ཞིང་ཁོངས་སུ་བཅད་བགོས་བྱས་ཡོད་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྟའུ་རྫོང་གི་མཁར་གྲོང་།

ཕྱི་ཚེས་ ༡༡ ཉིན་བཙུན་མ་དབང་ཆེན་སྒྲོལ་མས་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་བྱུང་མ་ཐག   རྒྱ་གཞུང་གིས་ས་གནས་ཀྱི་བརྡ་འཕྲིན་བརྒྱུད་ལམ་ཁག་ཡོངས་རྫོགས་བཅད་དེ་ཕྱི་ཚེས་  ༡༥ ཉིན་རྒྱབ་བར་བཀག་འགོག་བྱས་ཡོད་སྟབས།  ཁོང་མོའི་རང་ལུས་མེར་བསྲེགས་སྐོར་གྱི་གནས་ཚུལ་ཆ་ཚང་དུས་ཐོག་ཤེས་རྟོགས་བྱུང་རྒྱུར་དཀའ་ངལ་འཕྲད་ཡོད་པ་རེད།  བཙུན་མ་དབང་ཆེན་སྒྲོལ་མ་ནི་ཁམས་རྟའུ་རྫོང་དུ་རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་མཁན་གསུམ་པ་དེ་ཆགས་ཡོད།  ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༡༥ ཉིན་གྲྭ་ཚེ་དབང་ནོར་བུ་ལགས་ཀྱིས་རང་ལུས་མེར་བསྲེགས་དང་།  ༢༠༡༡ ཟླ་ ༡༡ ཚེས་ ༣ ཉིན་བཙུན་མ་དཔལ་ལྡན་ཆོས་མཚོ་ལགས་ཀྱིས་རང་ལུས་མེར་བསྲེགས་བཅས་གནང་ཡོད་པ་རེད།

བཙུན་མ་དབང་ཆེན་སྒྲོལ་མ་ནི་ད་ལྟའི་རྒྱ་ནག་སྲིད་གཞུང་གི་ས་ཁོངས་བཅད་བགོས་ལྟར་ན།  དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྟའུ་རྫོང་བྲག་ཐོག་ཡུལ་ཚོ་ནས་ཡིན་པ་དང་།  ཁོང་མོའི་སྐྱ་མིང་ལ་ཚེ་རིང་སྒྲོལ་དཀར་དང་ཆོས་མིང་ལ་དབང་ཆེན་སྒྲོལ་མ་ཟེར་ལ།  ད་ལྟ་རང་ལོ་ ༣༡ ཡིན་འདུག   ཁོ་མོའི་ཕའི་མིང་ལ་བསྟན་འཛིན་དང་མའི་མིང་ལ་གཡུ་སྒྲོན་ཟེར་གྱི་ཡོད་འདུག

བྲག་ཐོག་ཡུལ་ཚོ་ནི་རྟའུ་རྫོང་སྲིད་གཞུང་ལྟེ་གནས་ཀྱི་ལྷོ་ཤར་ཕྱོགས་ཀྱི་སྤྱི་ལེ་ ༦༣ ཙམ་གྱི་སར་ཡོད་པ་དང་།  ཡུལ་སྡེ་དེའི་འཚོ་རྟེན་གཙོ་བོ་ཞིང་ལས་ཡིན་ལ།  རྒྱ་གཞུང་གི་མི་འབོར་ཞིབ་བཤེར་ཐེངས་ལྔ་པ་ལྟར་ན་ཡུལ་ཚོ་དེར་མི་འབོར་ ༡༡༧༨ ཡོད་འདུག  མི་ཉག་འདྲ་པ་ནས་ཡིན་པའི་འབྲེལ་ཡོད་མི་སྣ་ཞིག་གིས་བོད་ཀྱི་བང་ཆེན་དུ་བརྗོད་པ་ལྟར་ན།  རྒྱ་ནག་གཞུང་གིས་ལོ་ཁ་ཤས་ཀྱི་སྔོན་ནས་མི་ཉག་འདྲ་པ་ལུང་པ་དེར་གློག་ཁང་རྒྱག་རྒྱུ་ཡིན་པ་དང་། ས་གནས་མི་མང་རྣམས་ས་གནས་གཞན་དུ་གནས་སྤོ་བྱེད་དགོས་པའི་ཁྱབ་བསྒྲགས་བྱས་ཡོད་པ་བཞིན།  ད་ལྟ་ཡང་ས་གནས་དེར་དཀའ་ངལ་དེ་མུ་མཐུད་འགྲོ་བཞིན་ཡོད་འདུག

 

 

to top