རྟའུ་རྫོང་དུ་བོད་རིགས་མང་ཚོགས་ལ་དྲག་གནོན་སྐབས་མི་ ༡༤ མེ་མདས་བརྒྱབ་ཡོད་འདུག

mmexport1373878189725
གནས་རིའི་འདབས་ཀྱི་ཟམ་ཁར་རྒྱ་དམག་གིས་བོད་མིར་དམ་དྲག་བཀག་སྡོམ་བྱེད་བཞིན་པ།

ཉེ་སྔོན་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་ཁམས་རྟའུ་རྫོང་དུ།  རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་དམག་དཔུང་གིས་བོད་མི་སེར་སྐྱ་དད་ལྡན་མང་ཚོགས་ལ་བསང་གསོལ་བཀག་སྡོམ་གྱིས། མང་ཚོགས་ཐོག་གང་བྱུང་མེ་མདའ་བརྒྱབ་སྟེ་ཡ་ང་བའི་ཛ་དྲག་གནས་ཚུལ་བྱུང་རྗེས།  རྒྱ་གཞུང་གིས་རྟའུ་རྫོང་ཁུལ་དུ་དྲ་རྒྱ་དང་ཁ་པར་སོགས་བརྒྱུད་ལམ་ལ་སྔར་ལྷག་དམ་དྲག་བྱས་ཡོད་པར་བརྟེན། གནས་ཚུལ་གྱི་བརྒྱུད་རིམ་ཁ་གསལ་ཤེས་རྟོགས་ཐུབ་རྒྱུར་དཀའ་ངལ་བྱུང་ཡོད།

འདི་ག་ལྟེ་གནས་ཁང་ལ་གསར་དུ་ཞིབ་ཕྲའི་གནས་ཚུལ་འབྱོར་དོན། ཁམས་རྟའུ་རྫོང་དུ་བོད་མི་སེར་སྐྱ་དད་ལྡན་མང་ཚོགས་ལ་དྲག་གནོན་བྱས་པའི་དོན་རྐྱེན་དེའི་ཁྲོད།  ཁྱོན་བསྡོམས་བོད་མི་ ༡༤ ལ་མེ་མདས་བརྒྱབ་སྟེ་རྨས་སྐྱོན་བཟོས་ཡོད་པ་དང་།  བོད་མི་ ༡༨ ཉིན་མཚན་གཅིག་ཙམ་ལ་འཇུ་བཟུང་བཀག་ཉར་འོག་གཅར་རྡུང་མནར་གཅོད་དྲག་པོ་བཏང་སྟེ་རྨས་སྐྱོན་ཕོག་ཡོད་འདུག ཉེ་སྔོན་འདི་ག་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བའི་ནང་ཚུད་མེད་པའི་རྨས་སྐྱོན་ཕོག་མཁན་ཁག་ཅིག་གསར་ཏུ་ཤེས་རྟོགས་བྱུང་བར། སློབ་ཕྲུག་བུ་མོ་དཔལ་ལྡན་དབང་མོ་ཟེར་བ་ཞིག་ལ་ཉེས་རྡུང་བཏང་སྟེ་རྨས་སྐྱོན་བཟོས་ཡོད་པ་མ་ཟད།  ཁོ་མོའི་གསེར་གྱི་རྣ་ལོང་དང་ལག་མགོའི་ཆུ་ཚོད་རྒྱ་དམག་གིས་བརྐུ་འཕྲོག་བྱས་ཡོད་པ་དང་།  ལོ་ ༧༢ ལ་སོན་པའི་རྒན་པོ་ཡ་མ་ཚེ་རིང་ལགས་ཀྱི་རྩིབ་མ་བཞི་བཅག་སྟེ་སྨན་ཁང་དུ་བསྐྱལ་དགོས་བྱུང་འདུག  བདེ་སྐྱིད་མགོན་པོ་ལགས་གཅར་རྡུང་གིས་རྣ་ཡ་གཅིག་གིས་ཅི་ཡང་མི་ཐོས་པར་འོན་པ་ཆགས་ཡོད་པ་རེད། རྒྱ་ནག་གིས་མེ་མདའ་བརྒྱབ་སྟེ་བོད་མིར་དྲག་གནོན་གྱི་གནས་ཚུལ་ཏེ་བྱུང་རྗེས། རྟའུ་རྫོང་གི་ས་ཁུལ་ཁག་ཁ་ཤས་ནང་མི་མང་འདུ་འཛོམས་ཀྱིས་སྐད་འབོད་ངོ་རྒོལ་གྱི་གནས་ཚུལ་བྱུང་འདུག

གནས་ཚུལ་གྱི་བྱུང་རིམ་ནི་ཟླ་འདིའི་ཕྱི་ཚེས་ ༦ ཉིན་སྟེ་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན། རྟའུ་ཉ་མཚོ་དགོན་པས་༸གོང་ས་མཆོག་གི་སྐུ་པར་འདུ་ཁང་ནང་གདན་འདྲེན་གྱིས་མཛད་སྒོ་ཞིག་ཚོགས་གྲུབ་རྗེས། གྲྭ་བ་རྣམས་ཀྱིས་སོ་སོའི་ཤག་ཁང་གི་གླད་དུ་བསང་གསོལ་གྱིས་སྐུའི་འཁྲུངས་སྐར་སྲུང་བརྩི་གནང་ཡོད་པ་རེད།  དེ་བཞིན།  རྟའུ་རྫོང་གི་སེར་སྐྱ་མང་ཚོགས་རྣམས་ཡུལ་དེའི་གནས་རི་རྨ་ཆེན་སྤོམ་རའི་རྩེར་བསང་གསོལ་དུ་བསྐྱོད་སྐབས།  རྒྱ་གཞུང་དྲག་ཆས་ཉེན་རྟོག་དམག་དཔུང་གིས་གནས་རི་བསྐོར་ཏེ་མང་ཚོགས་རྣམས་རི་རྩེར་བསང་གསོལ་དུ་འགྲོ་རུ་མ་བཅུག་པར་བརྟེན། སེར་སྐྱ་མང་ཚོགས་རྣམས་ཐབས་ཟད་འུ་ཐུག་ཏུ་གྱུར་ཏེ་གནས་རིའི་སྐེད་ཀྱི་རི་སྒང་དག་ཏུ་བསང་གསོལ་བཏང་སྟེ།  ༸གོང་ས་མཆོག་གི་འཁྲུངས་སྐར་བསུས་རྗེས་ཁུ་སིམ་མེར་ཕྱིར་ལོག་ཡོད་པ་དང་།  མང་ཚོགས་རྣམས་རི་འདབས་ཀྱི་ཟམ་ཁ་བརྒྱུད་ནས་འགྲོ་སྐབས། རང་ལུས་མེར་བསྲེགས་ཀྱིས་སྐུ་གྲོངས་མཁན་བཙུན་མ་དཔལ་ལྡན་ཆོས་མཚོའི་ནུ་བོ་བྱང་ཆུབ་རྡོ་རྗེ་ཀྱང་མོ་ཊ་སྐོར་ཏེ་ཟམ་ཁར་བསླེབས་པ་དང་།  རྒྱ་དམག་གིས་ཁོང་གི་མོ་ཊར་རྡོ་བཞུས་ཏེ་ཤེལ་སྒོ་བཅག་པར་བརྟེན་མང་ཚོགས་དང་རྒྱ་དམག་བར་རྩོད་པ་ཤོར་ཡོད་འདུག

མང་ཚོགས་རྣམས་ཀྱིས་ཁྱོད་ཚོས་བཙན་དབང་སྤྱད་དེ་ང་ཚོ་དད་ལྡན་མང་ཚོགས་ལ་གནས་རིའི་རྩེར་བསང་གསོལ་གཏོང་དུ་འགྲོར་མ་བཅུག་པ་མ་ཟད།  ང་ཚོ་ཁུ་སིམ་པོར་ཕྱིར་ལོག་སྐབས་ཀྱང་འདི་ལྟར་མོ་ཊར་རྡོ་བཞུས་ཏེ་བརྙོས་བཅོས་གཏོང་དགོས་དོན་ཅི་ཡིན་སོགས་བརྗོད་དེ།  དམག་མི་དང་མང་ཚོགས་བར་ཁ་རྩོད་ཤོར་བ་དང་རྒྱ་དམག་གིས་མེ་མདའ་བཟུང་སྟེ་སེར་སྐྱ་མང་ཚོགས་ཀྱི་མཐའ་སྐོར་ཡོད་པ་རེད།  དེ་རྗེས་ཉ་མཚོ་དགོན་པའི་མཁན་རིན་པོ་ཆེ་ཕེབས་ཏེ། ཕན་ཚུན་བར་གདུང་ཐུག་བྱུང་ཚེ་གྱོང་རག་མཁན་གཙོ་བོ་མི་མང་ཡིན་ནའང་། གནད་དོན་ཆུང་ཆུང་སྐབས་ནས་འགན་ཁུར་ཏེ་ཡག་པོ་ཐག་གཅོད་མ་བྱས་པ་ཡིན་ན། གནས་ཚུལ་ཛ་དྲག་ཆགས་སྲིད་པའི་རྒྱུ་མཚན་བགྲང་སྟེ་ཕན་ཚུན་བར་སྐད་ཆ་བཤད་མཐར། རྡོ་བཞུས་མཁན་དམག་མི་དེས་མང་ཚོགས་ལ་དགོངས་དག་ཞུ་རྩིས་བྱེད་སྐབས།  རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་དམག་དཔུང་གི་མགོ་ཁྲིད་ཚེ་རིང་མགོན་པོ་ཟེར་བ་ཞིག་གིས་བོད་པ་རྣམས་ཀྱིས་རྒྱ་གཞུང་ལ་གུས་ཞབས་མི་བྱེད་པར་སྐྱག་ལངས་ལ་ཤོར་གྱིན་ཡོད་སྐོར་ཤུགས་ཆེན་པོ་ལབ་སྟེ། དམག་དཔུང་ལ་ངར་སེམས་བསླངས་པར་མ་ཟད། ཁ་ལ་མི་ཉན་ན་མེ་མདས་རྒྱོབ་ཅེས་བཀའ་མངགས་བཏང་མ་ཐག  རྒྱ་དམག་གིས་བོད་མི་སེར་སྐྱ་མང་ཚོགས་ཐོག་གང་བྱུང་མེ་མདའ་བརྒྱབ་སྟེ་བོད་མི་ ༡༤ ་ལ་རྨས་སྐྱོན་དང་བོད་མི་ ༡༨ འཇུ་བཟུང་བཙན་ཁྲིད།  བོད་མི་མང་པོར་གཅར་རྡུང་དྲག་གནོན་སོགས་ཀྱི་ཛ་དྲག་གནས་སྟངས་དེ་བྱུང་ཡོད་འདུག

mmexport1373878206726
རྒྱ་དམག་གིས་དྲག་རྡུང་སྐབས་རྨས་སྐྱོན་ཕོག་སྟེ་སྨན་ཁང་དུ་བཅོས་བྱེད་བཞིན་པའི་ཉ་མཚོ་དགོན་པའི་ཕྱག་མཛོད།

རྒྱ་དམག་གིས་བོད་མི་སེར་སྐྱ་དད་ལྡན་མང་ཚོགས་ཐོག་མེ་མདའ་བརྒྱབ་སྟེ་དྲག་གནོན་བྱས་པའི་གནས་ཚུལ་ཏེ་བྱུང་བའི་རྗེས། ཉ་མཚོ་དགོན་པའི་ཆོས་རའི་ནང་བོད་མི་སེར་སྐྱ་མང་ཚོགས་ ༣༠༠༠ ཙམ་འདུ་འཛོམས་ཐོག  རྒྱ་གཞུང་གིས་མང་ཚོགས་ཐོག་གང་བྱུང་མེ་མདའ་བརྒྱབ་སྟེ་དྲག་གནོན་བྱས་པར་ངོ་རྒོལ་དང་། འཇུ་བཟུང་བཙན་ཁྲིད་བྱས་པའི་བོད་མི་རྣམས་འཕྲད་དུ་ཀློད་གྲོལ་དགོས་པའི་སྐད་འབོད་ཤུགས་ཆེན་བྱས་ཡོད་པ་མ་ཟད།  དགའ་ལྡན་ཆོས་གླིང་བཙུན་དགོན་གྱི་བཙུན་མ་རྣམས་དང་ས་གནས་གྲོང་སྡེ་མང་ཚོགས་མཉམ་རུབ་ཐོག་ངོ་རྒོལ་སྐད་འབོད་དང་།  དེ་བཞིན། གཞན་པའི་སྡེ་གྲོང་དང་བཙུན་དགོན་སོགས་ས་གནས་མ་འདྲ་བ་ཁག་ ༨ ཙམ་ནང་སེར་སྐྱ་མང་ཚོགས་འདུ་འཛོསམ་ཀྱིས་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག

ངོ་རྒོལ་སྐད་འབོད་སྐབས་སེར་སྐྱ་མང་ཚོགས་ཀྱིས་གལ་སྲིད་འཇུ་བཟུང་བཙན་ཁྲིད་བྱས་པ་རྣམས་རྒྱ་གཞུང་གིས་ཀློད་གྲོལ་མ་བཏང་ཚེ། རྟའུ་བོད་རིགས་མང་ཚོགས་ཀྱིས་རྒྱ་གཞུང་གི་སློབ་གྲྭ་ཁག་ནང་ཡོད་པའི་སོ་སོའི་བུ་ཕྲུག་ཆ་ཚང་ཕྱིར་འཐེན་བྱ་རྒྱུ་དང་།   རྟའུ་རྫོང་ཁོངས་ཀྱི་མོ་ཊའི་འགྲིམ་འགྲུལ་ལམ་ཁ་རྣམས་བཀག་འགོག་བྱ་རྒྱུ།   ས་གནས་མང་ཚོགས་ཀྱིས་ཞང་ཁ་འདེབས་ལས་མཚམས་འཇོག་བྱ་རྒྱུ་ཡིན་པ་བཅས་བསྒྲགས་ཡོད་པར་བརྟེན།  འཇུ་བཟུང་བཙན་ཁྲིད་བྱས་པ་རྣམས་ཕྱི་ཚེས་ ༧ གྱི་དགོང་མོ་ཀློད་ཡོད་པར་བརྟེན། རྗེས་སུ་ས་གནས་མང་ཚོགས་ཀྱིས་ངོ་རྒོལ་སྐད་འབོད་བྱེད་མཚམས་བཞག་སྟེ་ཕྱིར་ལོག་ཡོད་འདུག

གཞན་ཡང་། ཐེངས་འདིའི་ཛ་དྲག་གནས་སྟངས་འོག་རྨས་སྐྱོན་ཕོག་པའི་བོད་མི་རྣམས་ཀྱི་སྨན་བཅོས་འགྲོ་གྲོན་ཡོངས་རྫོགས་ཉ་མཚོ་དགོན་པའི་ངོས་ནས་བཏང་ཡོད་ལ།   རྒྱ་གཞུང་གིས་སྨན་བཅོས་འགྲོ་གྲོན་གཏོང་དགོས་ལུགས་ཀྱི་སྐད་ཆ་ཙམ་བརྗོད་ཡོད་ཀྱང་དགོན་པས་དང་ལེན་བྱས་མེད་པ་རེད།  དེའི་རྒྱུ་མཚན་ཐད་ལ་ཉ་མཚོ་དགོན་པའི་མཁན་རིན་པོ་ཆེ་མཆོག་གིས། ཉ་མཚོ་དགོན་པའི་དངུལ་དངོས་རྣམས་ནི་ས་གནས་དད་ལྡན་མང་ཚོགས་ཀྱིས་མཆོད་འབུལ་ལ་བརྟེན་ནས་བྱུང་བ་ཡིན་སྟབས།  མང་ཚོགས་ལ་དཀའ་ངལ་སྡུག་བསྔལ་བྱུང་སྐབས་མང་ཚོགས་ཀྱི་ཆེད་དུ་གཏོང་དགོས་པ་ཆགས་ཡོད།  རྒྱ་གཞུང་གིས་སྨན་ཡོན་སྤྲད་འཆར་གྱི་སྐད་དེ་དང་ལེན་མ་བྱས་པའི་རྒྱུ་མཚན་གཙོ་བོ་ནི། ཉ་མཚོ་དགོན་པར་དཔལ་བྱོར་གྱི་དཀའ་ངལ་མེད་པ་མ་ཡིན་པར།  གལ་སྲིད་རྒྱ་གཞུང་གིས་སྨན་ཡོན་སྤྲད་ཡིན་ནའང་མང་ཚོགས་ཀྱིས་ངོས་ལེན་བྱེད་མི་སྲིད་པ་དང་།  ནམ་རྒྱུན་རྒྱ་གཞུང་གིས་དངོས་ཡོད་གནས་སྟངས་ག་རེ་ཡིན་མིན་ལ་ཞིབ་འཇུག་བྱས་ཏེ་བོད་མིའི་མངོན་འདོད་ལ་གུས་བརྩི་མི་བྱེད་པར།  མང་ཚོགས་ཐོག་གང་བྱུང་དྲག་གནོན་བྱས་རྗེས་དངུལ་དངོས་ཁོ་ན་སྤྱད་དེ་གནད་དོན་ཐག་གཅོད་ཡོང་ཐབས་བྱེད་བཞིན་ཡོད།  གནད་དོན་མཐའ་དག་དངུལ་གྱིས་ཐག་གཅོད་ཐུབ་པར་བསམ་གྱིན་པ་དེ་ནི་རྒྱ་གཞུང་གི་ནོར་འཁྲུལ་བསམ་བློ་ཞིག་ཡིན་སྟབས།  རྒྱ་གཞུང་གིས་སྨན་ཡོན་སྤྲད་འདུན་ཡོད་ལུགས་ཀྱི་བསམ་ཚུལ་དེ་དང་ལེན་བྱེད་ཐབས་མེད་པ་ཆགས་ཡོད་སྐོར་གསུངས་འདུག

ཁམས་རྟའུ་ས་ཁུལ་དུ་བོད་རིགས་སེར་སྐྱ་མང་ཚོགས་ལ་བསང་གསོལ་གཏོང་མ་བཅུག་པར།  རྒྱ་དམག་གིས་དད་ལྡན་མང་ཚོགས་ཐོག་མེ་མདའ་བརྒྱབ་སྟེ་དྲག་གནོན་བྱས་པའི་ཛ་དྲག་གནས་ཚུལ་དེ་ནི།  ཆབ་སྲིད་ཀྱི་གནད་དོན་ལ་བརྟེན་ནས་བྱུང་བ་ཞིག་མ་ཡིན་པར།  རྒྱ་གཞུང་གིས་མི་རིགས་དབྱེ་འབྱེད་ཀྱི་འདུ་ཤེས་བཟུང་སྟེ་བོད་མིའི་ཆོས་དད་རང་དབང་རྡོག་རོལ་བཏང་བ་ཞིག་ཆགས་ཡོད།  རྒྱ་གཞུང་གིས་བོད་ཐོག་འཛིན་པའི་མི་རིགས་དབྱེ་འབྱེད་ཀྱི་བྱ་སྤྱོད་འདི་རིགས་ནི། རྒྱལ་སྤྱིའི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་རྒྱ་གཞུང་རང་ཉིད་ཀྱི་རྩ་ཁྲིམས་ནང་གསལ་བའི་མི་རིགས་འདྲ་མཉམ་དང་ཆོས་དད་རང་དབང་གི་ཁྲིམས་ཀྱི་འགན་སྲུང་དང་རྒྱབ་འགལ་དུ་གྱུར་ཡོད།

 

to top