ལོ་རེའི་ཟླ་ ༥ ཚེས་ ༡༧ ཉིན་ནི་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཡབ་ཡུམ་སྐུ་འཁོར་ལྷན་རྒྱས་རྒྱ་གཞུང་གིས་བཙན་ཁྲིད་བྱས་པའི་ཉིན་མོ་ཞིག་རེད། སྐབས་དེ་དུས་ཁོང་ནི་འཛམ་གླིང་ཐོག་ལོ་ན་ཆུང་ཤོས་ཀྱི་བཙོན་པ་ཞིག་ཆགས་ཡོད་ཅིང་། ད་བར་མི་ལོ་ཧྲིལ་པོ་ ༣༠ འདས་ཟིན་ཀྱང་། ཁོང་དང་ཁོང་གི་ཡབ་ཡུམ་སྐུ་འཁོར་ལྷན་རྒྱས་ཀྱི་གནས་སྟངས་གང་འདྲ་ཡིན་པ་སུས་ཀྱང་ཤེས་རྟོགས་མེད་ལ། གང་དུ་ཡོད་མེད་ཙམ་ཡང་ཤེས་རྟོགས་མེད་པར་ལུས་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྐབས་དེར་དགུང་གྲངས་ལ་ ༦ ལ་ཕེབས་པའི་དགེ་འདུན་ཆོས་ཀྱི་ཉི་མ་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་གསལ་བསྒྲགས་བསྐྱངས་རྗེས་ཀྱི་ཉིན་གསུམ་པ་སྟེ། སྤྱི་ལོ་ ༡༩༩༥ ཟླ་ ༥ ཚེས་༡༧ ཉིན་ཁོང་དང་ཁོང་གི་ཡབ་ཡུམ་སྐུ་འཁོར་དང་བཅས་པ་བོད་ལྗོངས་ནག་ཆུ་ལྷ་རི་རྫོང་ནས་བཙན་ཁྲིད་ཀྱིས་ད་བར་ཁོང་རྣམས་ཀྱི་གནས་སྟངས་ཇི་ཡིན་ཤེས་རྟོགས་མ་ཐུབ་པར་ལུས་ཡོད། དགེ་འདུན་ཆོས་ཀྱི་ཉི་མ་གར་སོང་ཆ་མེད་དུ་སོང་བ་ནི། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས་དང་འགལ་བ་མ་ཟད། རྒྱ་ནག་རང་ཉིད་ཀྱི་བྱིས་པའི་ཐོབ་ཐང་གི་བཅའ་ཁྲིམས་བཅས་དང་འགལ་ཡོད། འདས་པའི་མི་ལོ་བཅུ་ཕྲག་གསུམ་ཙམ་གྱི་རིང་རྒྱ་ནག་གཞུང་གིས་དགེ་འདུན་ཆོས་ཀྱི་ཉི་མའི་རང་དབང་ཡོད་ཚད་བཙན་འཕྲོགས་བྱས་ཡོད་ཀྱང་། ད་དུང་མི་སྤྱིར་བཏང་དང་འདྲ་བར་འཚོ་བ་སྐྱེལ་བཞིན་ཡོད་ལུགས་ཀྱི་ངེས་གཏན་མེད་པའི་སྐད་ཆ་ཁོ་ན་འགྲེལ་བརྗོད་བྱེད་ཀྱི་ཡོད། ཕྱི་ལོ་ ༡༩༨༩ ལོའི་ཟླ་ ༡ པའི་ཚེས་ ༢༨ ཉིན་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གཞིས་རྩེ་བདེ་ཆེན་སྐལ་བཟང་ཕོ་བྲང་དུ་དགོངས་པ་རྫོགས་པ་དང། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མགོན་པོ་འོད་དཔག་མེད་ཀྱི་རྣམ་སྤྲུལ་ཡིན་པའི་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཐད་བོད་ཀྱི་ནང་བསྟན་ཆོས་ལུགས་ཀྱི་ཆོ་ག་དང་། སྲོལ་རྒྱུན་གྱི་ལམ་སྲོལ། ལྷག་པར་དུ་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རང་ཆས་སུ་ཡོད་པའི་དམིགས་བསལ་གྱི་འགན་དབང་ལ་བརྟེན་ནས་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཐད་རྒྱ་གཞུང་དང་མཉམ་ལས་ཀྱིས་ཡང་སྲིད་འཕྲུལ་བྲལ་ཡོང་རྒྱུར་འབད་བརྩོན་ཡོད་རྒུ་གནང་ཡང་རྒྱ་ཕྱོགས་ནས་སོ་སོའི་ཆབ་སྲིད་ཀྱི་ཁེ་ཕན་ཁོ་ནར་བསམ་བློ་བཏང་ནས་དོན་སྙིན་ལྡན་པའི་འབྲས་བུ་ཞིག་ཐོན་མེད། ཕྱི་ལོ་ ༡༩༨༩ ཟླ་ ༡ ཚེས་ ༢༩ ཉིན་བཀྲིས་ལྷུན་དགོན་པས་༸གོང་ས་མཆོག་ལ་ཡང་སྲིད་མྱུར་བྱོན་འཕྲུལ་ཡོང་བའི་བསྔོ་སྨོན་སྐྱབས་ཞུ་ཕུལ་ཡོད །སྐབས་དེར་རྒྱ་ནག་གི་སྲིད་བློན་ལི་ཧྤང་གི་མིང་ཐོག་ནས་དོན་ཚན་གསུམ་ཁྱབ་བསྒྲགས་བྱས་ཡོད་པ་སྟེ། གདུང་རྟེན་བཞེངས་ཕྱོགས་དང་། སྐུ་གདུང་སྲུང་སྐྱོབ་ཞུ་ཕྱོགས། ཡང་སྲིད་ངོས་འཛིན་ཞུ་ཕྱོགས་བཅས་རེད། དོན་ཚན་དེ་དག་ལས་གལ་གནད་ཆེ་ཤོས་ནི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཀྱི་གནད་དོན་ལ་ཐུགས་ཡོད་པ་དང་། རྒྱ་ནག་གཞུང་གིས་ཡང་སྲིད་རྒྱལ་ནང་དུ་ངོས་འཛིན་བྱེད་དགོས་པ་ལས་ཕྱི་རྒྱལ་དུ་ངོས་འཛིན་བྱེད་མི་རུང་བའི་ཐག་གཅོད་བྱས་ཡོད། ཕྱི་ལོ་ ༡༩༩༢ ལོ་ནས་བཟུང་རྒྱ་ནག་གཞུང་གིས་བཀྲིས་ལྷུན་དུ་ཚོགས་འདུ་རིམ་པར་སྐོང་འཚོགས་ཀྱིས་ཡང་སྲིད་ངོས་འཛིན་ཞུ་རྒྱུ་དེ་གསེར་འབུམ་བཀྲུག་ནས་ཐག་གཅོད་བྱེད་དགོས་པའི་སློབ་གསོ་སྤེལ་བ་དང་། སྐབས་དེར་བཀྲས་ལྷུན་དགོན་པར་དགེ་འདུལ་ཞལ་གྲངས་ ༨༠༠ ལྷག་ཙམ་ཡོད་པ་ཚང་མས་ཞལ་ཁ་གཅིག་གྲགས་ཀྱིས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་བྱ་རྒྱུ་དེ་ཆོས་ལུགས་ཀྱི་རྒྱུན་སྲོལ་དང་། རྒྱལ་བ་ཡབ་སྲས་གཉིས་ཀྱི་ཐུན་མོང་མ་ཡིན་པའི་འབྲེལ་བར་གཞིགས་ནས་༸གོང་ས་མཆོག་ལ་སྐྱབས་འཇུག་ཞུ་དགོས་ཞེས་སྐབས་དེའི་ལས་དོན་རུ་ཁག་ལ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་གསེར་འབུམ་དཀྲུག་ན་སྐྱོན་ཅི་ཡོད་གསལ་འགྲེལ་བྱས། དེ་དང་ཕྱོགས་སྐབས་དེའི་བཀྲས་ལྷུན་དགོན་གྱི་བསྟན་བདག་བླ་ཆེན་བྱ་བྲལ་རིན་པོ་ཆེས་ཀྱང་བཀྲས་ལྷུན་དགོན་པའི་གྲྭ་མང་གི་ཐུགས་རེ་དང་། རྒྱལ་བ་ཡབ་སྲས་གཉིས་ཀྱི་ཐུན་མོང་མ་ཡིན་པའི་འབྲེལ་བ། ཡང་སྲིད་ངོས་འཛིན་གྱི་ལོ་རྒྱུས་ཀྱི་དོན་དངོས་བཅས་ལ་གཞི་བཅོལ་ནས་རྒྱ་ནག་གཞུང་ལ་སྙན་ཞུ་རིམ་པར་ཕུལ་ཡོད། མཐར་བྱ་བྲལ་རིན་པོ་ཆེས་གཙོས་པའི་ཡང་སྲིད་ངོས་འཛིན་ཚོགས་ཆུང་ནས་ཕྱི་ལོ་ ༡༩༩༣ ཟླ་ ༧ ཚེས་ ༡༧ ཉིན་གཞུང་འབྲེལ་ཐོག་༸གོང་ས་མཆོག་ལ་སྙན་ཞུ་ཕུལ། ཕྱི་ལོ་ ༡༩༩༥ ཟླ་ ༢ པར་སྐོང་འཚོགས་བྱས་པའི་ཚོགས་འདུ་ཞིག་གི་ཐོག་བྱ་བྲལ་རིན་པོ་ཆེས་ད་བར་ང་ཚོས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་༸གོང་ས་མཆོག་ནས་ངོས་འཛིན་ཡོང་བའི་སྐྱབས་འཇུག་ཞུ་རྒྱུའི་ཐད་ཚང་མས་ཐུགས་འདུ་གཅིག་དང་ཞལ་གཅིག་གྲགས་ཡིན་པ་རླབས་ཆེན་གྱི་མཛད་རྗེས་རེད། ད་དུང་ང་ཚོས་སྔར་ལས་ཀྱང་ཛ་དྲག་ཅིང་གདོང་གཏུགས་བྱེད་དགོས་པའི་གནད་དོན་མི་ཉུང་བ་ཞིག་འཕྲད་རྒྱུ་ངེས་གཏན་ཡིན་པས། ཚང་མས་མུ་མཐུད་དམ་ཚིག་ཟོང་ཁ་གཅིག་སྒྲིལ་གྱིས་ཕྱིར་བཤོལ་མཛད་རྒྱུ་མེད་པའི་སློབ་གསོ་གནང་། མཐར་ལོ་དེའི་ཟླ་ ༥ ཚེས་ ༡༤ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ནག་ཆུ་ལྷ་རི་རྫོང་ཁོངས་སྐྱེད་བྱེད་དཀོན་མཆོག་ཕུན་ཚོགས་དང་། སྐྱེད་མ་བདེ་ཆེན་ཆོས་སྒྲོན་ཟུང་གི་ཁྱིའུ་དགེ་འདུན་ཆོས་ཀྱི་ཉི་མ་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་གསལ་བསྒྲགས་བསྐྱངས་པའི་གཏམ་བཟང་ཨ་རིའི་རྒྱུང་འཕྲིན་བརྒྱུད་ནས་བོད་ཀྱི་ས་གནས་གང་སར་བསྒྲགས། ཉིན་དེ་རང་དུ་རྒྱ་ནག་གཞུང་གིས་དགེ་འདུན་ཆོས་ཀྱི་ཉི་མ་དང་ཡབ་ཡུམ་སྐུ་འཁོར་བཅས་པར་དམ་དྲག་བྱས་པ་དང་། ཚེས་༡༥ ཉིན་བྱ་བྲལ་རིན་པོ་ཆེ་དང་ཁོང་གི་དྲུང་ཡིག་བྱམ་པ་ཅུང་ལགས། ཞབས་ཞུ་བ་བཀྲིས་བཅས་ཁྲན་ཏུའུ་གནམ་ཐང་དུ་འཇུ་བཟུང་བྱས་པ་དང་། བོད་ས་ཡོངས་སུ་དམ་དྲག་གི་བསྐངས། གཞིས་རྩེ་དང་། ལྷ་ས། ནག་ཆུ་བཅས་སུ་མི་གསུམ་ལྷག་འཛོམས་མི་ཆོག་པའི་བཀོད་ཁྱབ་བསྒྲགས། ཚེས་ ༡༧ ཉིན་ནས་བཟུང་གཞིས་རྩེ་ས་གནས་སྲིད་འཛིན་ལས་ཁུངས་དང་། ཆོས་དོན་ལས་ཁུངས། འཐབ་ཕྱོགས་གཅིག་གྱུར་ལས་ཁུངས། བདེ་འཇགས་ལས་ཁུངས། ཉེན་རྟོག་ལས་ཁུངས་བཅས་ཀྱི་ལས་དོན་རུ་ཁག་གི་མི་སྣ་དང་། བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་རག་སྡིས་དང་རྒྱལ་མཚན་ནོར་བུ་བཀྲིས་ལྷུན་པོའི་དགོན་པར་ཡོང་ནས་༸གོང་ས་མཆོག་ནས་དགེ་འདུན་ཆོས་ཀྱི་ཉི་མ་པན་ཆེན་གྱི་ཡང་སྲིད་དུ་ངོས་འཛིན་གནང་བ་ཁྲིམས་འགལ་ཡིན་པས་རྩིས་མེད་གཏོང་དགོས་པའི་སློབ་གསོ་བསྟུད་མར་སྤེལ་བ་དང་། ཉེན་རྟོག་པ་དང་གསང་ལས་མི་སྣས་མཚན་མོ་གྲྭ་ཤག་ནང་འཛུལ་ནས་དགེ་འདུན་པ་ ༢༧ འཇུ་བཟུང་བཙོན་འཇུག་བྱས་ཡོད། དུས་དེ་ནས་བཟུང་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་དང་། ཡབ་ཡུམ་སྐུ་འཁོར་ལྷན་རྒྱས་འཇིག་རྟེན་འདི་ནས་ཁ་བྲལ་བ་ལྟར་གར་སོང་ཆ་མེད་དུ་སོང་ནས་ད་བར་མི་ལོ་ཧྲིལ་པོ་ ༣༠ འདས་ཟིན། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་གར་སོང་ཆ་མེད་དུ་གྱུར་བ་ནི་བོད་རྒྱུད་ནང་བསྟན་གྱི་ཡང་སྲིད་ངོས་འཛིན་བྱེད་དབང་བཙན་འཕྲོག་བྱས་པའི་དཔེ་མཚོན་གལ་ཆེན་ཞིག་ཡིན་པ་མ་ཟད། བོད་མིའི་ཆོས་དད་རང་དབང་ལ་བཙན་གནོན་ཇི་ཙམ་གཏོང་གི་ཡོད་པའི་དཔང་རྟགས་གསོན་པོ་ཞིག་ཀྱང་ཆགས་ཡོད་ལ། དགེ་འདུན་ཆོས་ཀྱི་ཉི་མ་དང་ཡབ་ཡུམ་སྐུ་འཁོར་དང་བཅས་པའི་མི་ལུས་རང་དབང་བཙན་འཕྲོག་བྱས་པའི་ནག་ཉེས་ཆེན་པོ་ཞིག་ཆགས་ཡོད། གྱོད་གཞི་འདི་ནི་གནད་དོན་གཅིག་གི་སྟེང་ནས་ཆོས་དད་དང་། ཆབ་སྲིད། འགྲོ་བ་མིའི་ཐོབ་ཐང་དང་བཅས་པ་ཡོད་ཚད་བཙན་འཕྲོག་བྱས་པའི་དཔེ་མཚོན་ཞིག་ཆགས་ཡོད། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་ལུགས་ལ་འདི་ལྟ་བུའི་ཐེ་ཇུས་བྱེད་དགོས་དོན་ནི། ཆབ་སྲིད་ཀྱི་དམིགས་ཡུལ་གསལ་པོ་ཡོད་པ་སྟེ། དེ་ཡང་རྒྱ་ནག་གཞུང་གིས་སྤྲུལ་སྐུ་གཅིག་ཁ་ལོ་བསྒྱུར་ཐུབ་ན་དགོན་པ་གཅིག་ཁ་ལོ་བསྒྱུར་ཐུབ་པ་དང་། དགོན་པ་གཅིག་ཁ་ལོ་བསྒྱུར་ཐུབ་ན་ལུང་པ་གཅིག་ཁ་ལོ་བསྒྱུར་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད། ཆབ་སྲིད་ཀྱི་དམིགས་ཡུལ་དེ་འདྲ་ཞིག་གི་ཆེད་རྒྱ་ནག་གཞུང་གིས་བོད་ཀྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ལ་ཕྱོགས་ཡོངས་ནས་དམར་ཤོག་ཚོགས་པས་སྟངས་འཛིན་བྱེད་ཀྱི་ཡོད། དེའི་ནང་དུའང་སྤྲུལ་སྐུ་ཆེ་འབྲིང་ཆུང་གསུམ་གྱི་རིམ་པ་དབྱེ་བ་ཕྱེ་ཡོད་པ་དང་། རྒྱལ་བ་ཡབ་སྲས་ལྟ་བུའི་རིམ་པ་མཐོ་ཤོས་རྣམས་ཐད་དཀར་རྒྱ་ནག་དབུས་གཞུང་ནས་སྟངས་འཛིན་བྱེད་པ་དང་། རིམ་པ་འབྲིང་བ་རྣམས་ཞིང་ཆེན་དང་རང་སྐྱོང་ལྗོངས་སོ་སོས་སྟངས་འཛིན་བྱེད་ཀྱི་ཡོད། འདས་པའི་མི་ལོ་གསུམ་བཅུའི་རིང་འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་གཞུང་། གྲོས་ཚོགས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་དགེ་འདུན་ཆོས་ཀྱི་ཉི་མ་དང་བཅས་པའི་གནས་སྟངས་ཁ་གསལ་ཡོང་ཆེད་རྣམ་པ་འདྲ་མིན་གྱི་ལས་འགུལ་སྤེལ་བ་མ་ཟད། རྒྱ་ནག་གཞུང་ལའང་དེ་དོན་འབོད་སྐུལ་རིམ་པ་ཞུས་ཡོད་ཀྱང་ད་བར་དོན་སྙིང་ལྡན་པའི་གྲུབ་འབྲས་ཤིག་ཐོན་མེད། དཔེར་ན། ཉེ་ལམ་ཟླ་ ༥ ཚེས་ ༨ ཉིན་ཡོ་རོབ་གྲོས་ཚོགས་ནས་བོད་དོན་དང་འབྲེལ་བའི་གྲོས་ཆོད་གཅིག་བཞག་ཡོད་པ་དེའི་ནང་དུའང་དགེ་འདུན་ཆོས་ཀྱི་ཉི་མའི་སྐོར་གླེང་སློང་ཁ་གསལ་གནང་ཡོད་། འདི་ག་ལྟེ་གནས་ཁང་གི་ངོས་ནས་ཚོར་ཤུག་དྲག་པོས་རྒྱལ་སྤྱིའི་སྤྱི་ཚོགས་དང་འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་གཞུང་ནས་སྔར་ལས་ལྷག་པའི་སྒོ་ནས་དགེ་འདུན་ཆོས་ཀྱི་ཉི་མ་དང་ཡབ་ཡུམ་སྐུ་འཁོར་ལྷན་རྒྱས་གང་དུ་ཡོད་པ་དང་། གནས་སྟངས་གང་འདྲ་ཡིན་པ་རྒྱ་ནག་གཞུང་གིས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གསལ་ཁ་གཏོད་དགོས་པའི་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད།
