Author page: staff

རྒྱ་ནག་དབང་སྒྱུར་གྲལ་རིམ་གྱི་བོད་ས་བཅད་བགོས་ལྟར་ན་ད་ལྟའི་ཟི་ཁྲོན་ཞིང་ཆེན་ཨ་མདོ་རྔ་བ་ཁུལ་རྔ་བ་རྫོང་ཀིརྟི་དགོན་པ་ནས་ཡིན་པའི་དགེ་འདུན་པ་བློ་བཟང་བསོད་ནམས་ལ་ལོ་༦ཡི་ཁྲིམས་ཐག་བཅད་དེ་མེན་ཡྰང་བཙོན་ཁང་དུ་བཅུག་ཡོད་འདུག འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་ཁུངས་ལྡན་གཏོང་འབྱོང་བྱུང་བར་བཞུགས་ན།   ༢༠༡༦ཟླ་༡༡ཚེས་༩ཉིན་རྔ་བ་ཁྲོ་ཆུ་རྫོང་གི་ཁྲིམས་ཁང་ཞིག་ནས་དགུང་ལོ་  ༢༣   ཡིན་པའི་དགེ་འདུན་པ་བློ་བཟང་བསོད་ནམས་ལ་ལོ་༦ཡི་ཁྲིམས་ཐག་བཅད་དེ་ད་ལྟ་ཁྲིན་ཏོའི་མེན་ཡྰང་བཙོན་ཁང་ལ་བཙོན་འཇུག་བྱས་ཡོད་འདུག དགེ་འདུན་པ་བློ་བཟང་བསོད་ནམས་སྔར་ལོ་༢༠༡༥ཟླ་༩ཚེས་༡༡ཉིན་རྔ་བ་རྫོང་མཁར་ནས་ཉེན་རྟོག་པས་འཇུ་བཟུང་བཀག་ཉར་བྱས་པ་ནས་ཉེ་ཆར་ཁྲིམས་ཐག་བཅད་ཟིན་པའི་གནས་ཚུལ་བརྡ་ལན་བྱས་པའི་བར།  ལོ་གཅིག་དང་ཟླ་ངོ་གཉིས་ལྷག་ཙམ་གར་སོང་ཆ་མེད་དུ་སོང་ནས། ནང་མིའི་ངོས་ནས་དགེ་འདུན་པ་ཁོང་གང་དུ་བཀག་ཉར་བྱས་ཡོད་མེད་དང་ཁྲིམས་ར་འཚོགས་ཡོད་མེད་སོགས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་མ་བྱུང་བར་ལྷག་འདུག གནས་ཚུལ་མཁོ་སྤྲོད་པས་རྒྱུས་ལོན་བྱས་པ་ལྟར་ན།  དགེ་འདུན་པ་བློ་བཟང་བསོད་ནམས་ཀྱིས་དྲ་ལམ་དུ་བོད་དོན་དང་འབྲེལ་བའི་པར་དང་ཡི་གེ་བསྐུར་བ་དང་། གནས་ཚུལ་ཁྱབ་བསྒྲགས་བྱས་པའི་ཉེས་མིང་འོག་འཇུ་བཟུང་བཀག་ཉར་བྱས་པ་ཡིན་པའི་ཡིད་ཆེས་བྱས་ཀྱི་ཡོད་འདུག རྒྱ་གཞུང་གི་<<ཉེས་དོན་ཞུ་གཏུགས་བཅའ་ཁྲིམས་>>ཀྱི་དོན་ཚན་༡༦༥ལྟར་ན།  དོགས་ཡོད་ཉེས་ཅན་པ་གང་ཞིག་བཀག་ཉར་དུས་ཡུན་ཉིན་ ༡༤ དང་།  དངོས་སུ་འཛིན་བཟུང་དང་མྱུལ་ཞིབ་ཀྱི་དུས་ཡུན་ཟླ་ ༢ ཡིན།(དོན་ཚན་ ༡༥༤ པ།) ཁྲིམས་ཁང་གིས་ཁྲིམས་བཤེར་ཐག་གཅོད་རིམ་པ་དང་པོའི་དུས་ཡུན་ཟླ་ ༢  ནང་ཡིན། (དོན་ཚན་ ༢༠༢ པ།) དེ་ལྟར་དམིགས་བསལ་གྱི་ཛ་དྲག་གནས་སྟངས་རིགས་ཕུད། སྤྱིར་བཏང་ཁྱོན་བསྡོམས་དུས་ཡུན་ཟླ་ ༥ དང་ཕྱེད་ཀའི་ནང་ཐོག་གཅོད་གྲུབ་དགོས་ཀྱི་ཡོད་པ་རེད།  ཡིན་ནའང། དགེ་འདུན་པ་བློ་བཟང་བསོད་ནམས་སྔར་ལོ་བཙན་ཁྲིད་བཀག་ཉར་བྱས་པ་ནས་བཟུང་།  ལོ་གཅིག་ལ་དང་ཟླ་བ་གཉིས་རིང་ལ་ནང་མི་ལ་འབྲེལ་ལམ་གང་ཡང་བྱུང་དུ་མ་བཅུག་པར་གར་སོང་ཆ་མེད་ཀྱི་གནས་སྟངས་འོག་བཞག་པའི་ཐད་ལ།  འདི་ག་ལྟེ་གནས་ཁང་གིས་བློ་འཚབ་ཆེན་པོ་བྱུང་ཐོག རྒྱ་གཞུང་གིས་དུས་རྒྱུན་གར་སོང་ཆ་མེད་ཀྱི་གནས་སྐབས་བཙོན་པར་མི་སྤྱོད་ལས་འདས་པའི་དྲག་རྡུང་དང་རྡུང་སྦྱོང་མནར་གཅོད་གཏོང་སྲོལ་ཡོད་པས། འདི་ག་ལྟེ་གནས་ཁང་གི་ངོས་ནས།   དགེ་འདུན་པ་བློ་བཟང་བསོད་ནམས་ཀྱི་གཟིགས་གཞི་གནས་བབ་ཅི་ལྟར་གྱུར་མིན་ཐད་ལ་དོགས་པ་ཆེན་པོ་ཡོད་པ་མ་ཟད།  དགེ་འདུན་པ་ཁོང་དང་ནང་མི་གང་མྱུར་ཐུག་འཕྲད་ཀྱིས་གནས་སྟངས་གསལ་ཁ་བཏོན་དགོས་པའི་འབོད་བསྐུལ་ཞུ་ཡི་ཡོད། ཁོང་ནི་རྔ་བ་རྫོང་རོང་མཁར་སར་ཡུལ་ཚོའི་རུ་ཆེན་གཉིས་པའི་ཕ་སྐལ་བཟང་དང་།   མ་ཚེ་རིང་སྒྲོལ་མ་གཉིས་ཀྱི་བུ་ཡིན་ཞིང་།  མིང་སྲིང་བཞིའི་ཆེ་ཤོས་ཡིན་པ་དང་། ཆུང་ཆུང་སྐབས་ནས་རྔ་བ་ཀིརྟི་དགོན་པར་གྲྭ་པ་བྱས་ཡོད་འདུག

Continue Reading

  ཨ་མདོ་རེབ་གོང་རྫོང་མདོ་བ་གྲོང་རྡལ་ཡོ་ལག་སྡེ་བའི་སྡེ་དཔོན་ཡིན་ཞིང་ད་ལྟ་དགུང་ལོ་༦༠བརྒལ་བའི་ཨ་ཁུ་རྒྱ་སྟག་ཞེས་པར་ཁྲིམས་ཐག་དུས་ཡུན་ལོ་༤ཚང་ནས་ཉེན་རྟོག་པས་ཚུར་ཁྱིམ་དུ་བསྐྱལ་འདུག  ས་གནས་སྲིད་གཞུང་གིས་ཁོང་གི་ནང་མི་ལ་རྒྱ་སྟག་གློད་གྲོལ་དང་འབྲེལ་བའི་གནས་ཚུལ་ཕྱི་ལ་གཏོང་མི་ཆོག་པའི་བཙན་བཀའ་བཏང་འདུག་ཐོག  གལ་སྲིད་གཏོང་ཚེ་ཉེས་ཆད་གཅོད་ངེས་ཞེས་ཉེན་བརྡའང་གཏོང་བ་བཞིན།    ནང་མི་ངོས་ནས་ད་ལྟའི་ཆར་གནས་ཚུལ་དེ་གསང་རྒྱ་བྱེད་བཞིན་འདུག་ཅེས་ས་གནས་ནས་མི་ཞིག་གིས་གསུང་བྱུང་། ༢༠༡༢ལོར་རེབ་གོང་མི་མང་གི་ངོས་ནས་རྒྱ་གཞུང་ལ་གཞི་རྒྱ་ཆེ་བའི་ངོ་རྒོལ་གནང་བ་ལ་བསྟུན་ནས་རྒྱ་གཞུང་གིས་བོད་མི་འབོར་ཆེན་འཇུ་བཟུང་བྱས་ཡོད་ཀྱང་།    ཕྱི་ཕྱོགས་ལ་དེའི་ཐད་ཀྱི་གནས་ཚུལ་རག་པ་དང་མ་རག་པ་ཅི་རིགས་སུ་ཡོད་གྲས་སུ་ཨ་ཁུ་རྒྱ་སྟག་ནི་སྐབས་དེར་བཀག་ཉར་བཙོན་འཇུག་བྱས་པ་ཞིག་ཆགས་ཡོད།   ཕྱི་ལོ་༢༠༡༢ཟླ་༡༡་ཚེས་༩ཉིན།  རེབ་གོང་གི་ས་གནས་སྲིད་གཞུང་གིས་ངོས་ནས་རང་ལུས་མེར་སྲེག་བསྟུད་མར་བྱུང་བའི་དོན་རྐྱེན་ལ་ཚ་རྡུང་དང་བཙན་ཤེད་བྱས་པའི་ཐད་ལ།   ཁུལ་དེའི་སློབ་ཕྲུག་སྟོང་ཕྲག་མང་བོ་ལྡེབ་གཅིག་ཡར་ལངས་ཀྱི་ཞི་བའི་ངོརྒོལ་དང་སྐད་འབོད་བྱས་ཡོད་ལ།    ལྷག་པར་༢༠༡༢ཟླ་༡༡ཚེས་༨ཉིན།  མདོ་བ་ཞང་གི་སློབ་གྲྭའི་སློབ་མའི་ངོས་ནས་སློབ་གྲྭའི་ཐོག་ཁང་སྟེང་ཡོད་པའི་རྒྱ་མིའི་རྒྱ་དར་དང་ཞང་ས་གནས་སྲིད་གཞུང་གི་ལས་ཁུངས་ཀྱི་སྟེང་དུ་བཙུགས་པའི་རྒྱ་མིའི་རྒྱ་དར་མར་ཕབ་པ་དང་།  ཡང་༢༠༡༢ལོ་གཅིག་པུར་བོད་ཁུལ་དུ་རང་ལུས་མེར་སྲེག་གི་གྲངས་འབོར་༨༠ བྱུང་བ་སོགས་ཆབ་སྲིད་ཀྱིས་མི་བསད་པའི་ལོ་ཐོ་ཚབས་ཆེན་ཞིག་ཏུ་གྱུར་ཡོད། ཨ་ཁུ་རྒྱ་སྟག་ཁྲིམས་ཐག་བཅད་པའི་ཐད་ལ་རྒྱ་ནག་གཞུང་གཉེར་གསར་ཁང་ཁག་ནས་གནས་ཚུལ་བཏོན་པའི་ནང་དུ། ཁོང་གིས་རང་ལུས་མེར་སྲེག་གནང་མཁན་གྱི་ནང་མིར་འཚམས་གཟིགས་དང་སེམས་གསོ་བྱས་པ་སོགས་ཁ་བྲལ་ལ་ངན་སྐུལ་བྱས་འདུག་ཅེས་ཉེས་པར་བསྒྲགས་འདུག་ལ།  ཡང་རྨ་ལྷོ་འབྲོང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་ཁོང་གིས་ལོ་དེའི་ཕྱི་ཟླ་༡༡་ཡས་མས་ནས་”བོད་རང་བཙན་དང་འབྲེལ་བའི་བསམ་བློ་ཁྱབ་སྤེལ་བྱས་འདུག་”ཅེས་ཁྲིམས་ཆད་བཏང་འདུག  ཡང་གཞུང་གཉེར་གསར་ཁང་བརྒྱུད་ལམ་ནས། རྒྱ་སྟག་ལ་ཁྲིམས་བཤེར་བྱས་པའི་སྐབས་སུ། རྒྱ་སྟག་གི་གཉེན་ཉེ་ཚུད་པའི་བོད་མི་བརྒྱ་ལྷག་ཙམ་ཁྲིམས་རར་ཟུར་ཉན་དུ་ཡོང་འདུག་ཅེས་སྐབས་དེར་བཤད་ཡོད།  དེ་ནི་དུས་རྒྱུན་བོད་མི་གང་མང་གང་བྱུང་འཇུ་བཟུང་བཀག་ཉར་དང་།  སྡུག་སྦྱོང་མནར་གཅོད།  ཁྲིམས་མཐུན་གྱི་ཁེ་དབང་གང་མང་མེད་པར་ཁྲིམས་ཐག་བཅད་པའི་གནས་བབ་དེ་དང་ལྡོག་ནས། རྒྱ་སྟག་ལ་ཁྲིམས་ལུགས་ལྟར་ཐག་གཅོད་བྱས་ཡོད་མདོག་བསྟན་ཡོད།

Continue Reading

རྒྱ་ནག་དབང་གྱུར་གྲལ་རིམ་གྱི་བོད་ས་བཅད་བགོས་ལྟར་ན།  ཟི་ཁྲོན་ཞིང་ཆེན་རྔ་བ་ཁུལ་རྔ་བ་རྫོང་ནས་ཡིན་པའི་བོད་མི་བཅུ་སྔར་ལོའི་གྱ་སྟོན་དང་འབྲེལ་ནས་རྒྱ་གཞུང་གིས་འཇུ་བཟུང་བཀག་ཉར་གྱི་ད་ལྟ་དངོས་སུ་ཁྲིམས་ཐག་དུས་ཡུན་ལོ་༦ནས་༡༤་བར་མ་འདྲ་བ་བཅད་ཡོད་འདུག འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་གསལ་ལྟར་ན། ཁྲིམས་ཐག་བཅད་པའི་བོད་མིའི་ཁྲོད་དུ། དགེ་འདུན་པ་བཞི་དང་། གྲྭ་ཟུར་གཉིས།  བུད་མེད་གཉིས། སྐྱེས་པ་གཉིས་བཅས་ལ་འབར་ཁམས་འབྲིང་རིམ་མི་དམངས་ཁྲིམས་ཁང་ཞེས་པ་ནས་ཁྲིམས་ཐག་བཅད་འདུག  ཁོང་ཚོ་ད་ལྟའི་བར་གསང་བའི་ངང་བཀག་ཉར་གྱིས་ནང་མི་གཉེན་ཉེ་ལ་འབྲེལ་བ་བྱུང་མི་འདུག་ཅིང་། ནང་མི་རྣམས་ཀྱི་ངོས་ནས་ཁོང་ཚོའི་གང་དུ་འཇུ་བཟུང་བྱས་ཡོད་མེད་དང་ཅི་ཕྱིར་བཟུང་མིན་སོགས་ཀྱི་གནས་སྟངས་མ་ཤེས་པར་ཟླ་བ་མང་བོར་ལྷག་འདུག བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་༢༠༡༤ཟླ་༦ཚེས་༢༡ཉིན་(ནུབ་ཕྱོགས་ཀྱི་རྩིས་སྟངས་ལྟར་ནཟླ་༧ཚེས་༦)ཉིན་དགུང་གྲངས་༨༠སོན་པ་དང་།  བོད་ས་ཁྱོན་ཡོངས་དང་ལྷག་པར་རྒྱལ་སྤྱིའི་རྒྱལ་ཁབ་གང་མང་ནས་༧གོང་ས་མཆོག་གི་དགུང་གྲངས་༨༠ཡི་གྱ་སྟོན་གྱི་དགའ་སྟོན་སྲུང་རྩིས་ཤུགས་ཆེར་བྱས་ཡོད།  བོད་ཀྱི་སྲོལ་རྒྱུན་ལྟར་ན། དགུང་ལོ་༨༠སོན་པ་ནི་མི་གཅིག་གི་མི་ཚེ་ནང་གི་གལ་འགངས་ཆེ་བའི་ལོ་ཚིགས་ཤིག་དང་རྟེན་འབྲེལ་གྱི་དགའ་སྟོན་བྱེད་སྲོལ་ཡོད་པ་ཡིན། གོང་དུ་མི་གྲངས་༡༠ཁྲོད་༦ནི་རྒྱ་གཞུང་གིས་དེ་སྔ་འཇུ་བཟུང་བཙོན་འཇུག་བྱས་པའི་ཆབ་སྲིད་བཙོན་ཟུར་རེད་འདུག་པ་འདི་ཡིས།   རྒྱ་གཞུང་གིས་དུས་རྒྱུན་བོད་མིའི་སྟེང་བཙད་ཤེད་ཀྱི་སྒོ་ནས་རྒྱ་གཞུང་གི་ཁ་ཉན་ཚིག་བརྩི་དང་བློ་གཏད་འགྱུར་མེད་ཡོང་ཐབས་ལ་ཤུགས་སྣོན་ཅི་ཙམ་བྱས་ཀྱང་། ཡོང་ཐབས་མེད་པའི་སྲིད་ཇུས་དང་ཕམ་ཉེས་བྱུང་བ་བྱེད་ཐབས་ཞིག་ཡིན་པ་མཚོན་ཐོག  ཡང་ཁོང་ཚོར་སླར་ཡང་ཁྲིམས་ཐག་ལྕི་མོ་བཅད་པ་འདི་ཡིས་རྒྱ་གཞུང་གིས་མུ་མཐུད་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཡར་རྒྱས་གོང་འཕེལ་གཏོང་འདུན་མེད་པར་དམ་དྲག་བྱེད་བཞིན་པ་བསྟན་ཡོད། འབྲུག་སྒྲ།  དགུང་ལོ་༥༠ཡིན་པ་ལོ་༡༤ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཅིང་། དེ་ནི་ཁོང་གིས་གོང་ས་མཆོག་གི་གྱ་སྟོན་སྐབས་ཨ་མདོ་རྔ་བར་མི་མང་གི་སྤྲོ་སྐྱིད་སོགས་གོ་སྒྲིག་བྱས་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་པ་རེད་འདུག  ཁོང་ནི་ལོ་སྔོན་མའི་ཕྱི་ཟླ་༡༡ ཟླ་མཇུག་ཙམ་གྱི་མཚན་མོ་ཞིག་ལ་ཀིརྟི་དགོན་པའི་ནང་གི་གྲྭ་ཤག་ནས་འཛིན་བཟུང་བཙན་ཁྲིད་བྱས་ཤིང་། དེ་སྔ་༢༠༠༨ ལོར་ཁོང་འཛིན་བཟུང་གིས་ལོ་༡ དང་ཟླ་བ་༤ ལ་བཙོན་འཇུག་ཁྲིམས་ཐག་བཅད་པའི་ཆབ་སྲིད་བཙོན་ཟུར་ཞིག་ཡིན་པ་དང། ཁོང་ནི་རྔ་བ་རྫོང་སོ་རུ་མ་ནས་རེད་འདུག བོན་ཁོ་སྐྱིད། རང་ལོ་༤༨ ཡིན་པ་ཁོང་མོར་ལོ་༧ གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག་ལ། ཁོང་མོ་སྔར་ལོ་༢༠༡༥་ཟླ་༡༡ ཚེས་༢༠ཡས་མས་ཤིག་ལ་འཛིན་བཟུང་བཙན་ཁྲིད་བྱས་འདུག་ལ། ཁོང་གིས་ཀྱང༸གོང་ས་མཆོག་གི་གྱ་སྟོན་སྐབས་ཨ་མདོ་རྔ་བར་མི་མང་གི་སྤྲོ་སྐྱིད་སོགས་གོ་སྒྲིག་བྱས་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་པ་རེད་འདུག་ཁོང་མོ་དེ་སྔོན་ཕྱི་ལོ་༢༠༡༡ དང་༢༠༡༢ ལོ་སོ་སོར་འཛིན་བཟུང་གིས་ཟླ་བ་ཁ་ཤས་རེ་བཀག་ཉར་བྱས་པ་དང་།  འབྲེལ་ཡོད་གཉེན་ཉེ་ཐབས་ཤེས་སྣ་ཚོགས་བྱས་ཏེ་གློད་གྲོལ་ཐུབ་ཙམ་བྱུང་ཡོད་ཅིང་། རྒྱུན་དུ་ལྟ་སྲུང་འོག་གནས་དགོས་གྱུར་ཡོད།  ཁོང་མོ་ནི་རྔ་བ་རྫོང་ལྷ་སྡེ་འགབ་མ་ནས་ཡིན་ཞིང་ཕ་མིང་ལ་ཡར་འཕེལ་ཡིན་འདུག ཡང་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་མཁས་གྲུབ། རང་ལོ་༤༤ ཡིན་པ་ཁོང་ལ་ལོ་༡༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག ཁོང་ནི་ལོ་སྔར་༢༠༡༥ཟླ་༡༢ཡས་མས་ཙམ་ལ་འཛིན་བཟུང་བཀག་ཉར་བྱས་ཤིང་། ཁོང་ལ་༸གོང་ས་མཆོག་གི་གྱ་སྟོན་སྐབས་སྐད་འཕྲིན་ནང་ ༸གོང་ས་མཆོག་ལ་ཞབས་བརྟན་བསྒྲུབས་ཐོ་ལེན་སའི་ཚོགས་པ་བཙུགས་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་འདུག   ཁོང་དེ་སྔོན་ཕྱི་ལོ་༢༠༡༡ ལོར་འཛིན་བཟུང་གིས་ལོ་༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་ནའང་། བཙོན་ཁང་ནང་དུ་ནད་མནར་དྲག་པོས་རང་མགོ་མི་ཐོན་པར་གྱུར་པས་ལོ་དུས་མ་ཚང་གོང་གློད་གྲོལ་བྱས་འདུག་ལ། ནང་མི་དང་འབྲེལ་ཡོད་སོགས་ཀྱིས་འགྲོ་གྲོན་བཏང་སྟེ་ཡུན་རིང་སྨན་བཅོས་བྱས་མཐར་ཅུང་ཙམ་དྲག་བསྐྱེད་བྱུང་ཡོད་འདུག  ཁོང་ཆུང་དུས་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་ཀྱིས་བསྡུས་རྟགས་ནས་བཟུང་སྟེ་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་མཐར་ཕྱིན་པ་གནང་ནས་དགེ་བཤེས་གྲྭ་སྐོར་བྱེད་ལ་ཉེ་བར་ཡོད་འདུག    ཁོང་གི་ཕ་ཡུལ་ནི་རྔ་པ་རྫོང་ཕྱུགས་ལས་འགབ་མའི་ཡིན་པ་དང་། ཕ་མིང་ལ་ཐོས་ལི་རེད་འདུག   རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་དགེ་འཕེལ། རང་ལོ་༢༩ ཡིན་པ་ཁོང་ལ་ལོ་༡༢ ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག་ལ། ཁོང་ནི་༢༠༡༥ལོའི་ཟླ་༡༡ ཚེས་༣༠ མཚན་མོ་དགོན་པའི་ནང་གི་གྲྭ་ཤག་ནས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་ཅིང་། ཁོང་དེ་སྔོན་ཕྱི་ལོ་༢༠༡༡ ཟླ་༥…

Continue Reading

དེ་སྔ་རང་ལུས་མེར་བསྲེགས་མཁན་ཞིག་གི་སྐུ་ཕུང་རླངས་འཁོར་ནང་་བཅུག་པ་ལ་བརྟེན་ནས།  རྒྱ་གཞུང་གིས་མི་བསད་པའི་ནག་ཉེས་བཙུགས་ནས་ལོ་གསུམ་གྱི་ཁྲིམས་ཐག་བཅད་པའི་སྒྲོལ་མ་མཚོ་དང་དཀོན་མཆོག་བློ་གྲོས་གཉིས་ཟླ་འདིའི་ཕྱི་ཚེས་༤ཉིན་ཁྲིམས་ཐག་དུས་ཡུན་ཚང་ནས་གློད་གྲོལ་བཏང་འདུག འདིའང་ད་ལྟ་ཨོ་སི་ཀྲོ་ལེ་ཡར་བཞུགས་པའི་སྒྲོལ་མ་མཚོའི་ཕུ་བོ་རྨེའུ་དཀོན་རྒྱམ་ལགས་ཀྱིས་འདི་ག་ལྟེ་གནས་ཁང་དུ་གཏོང་འབྱོར་ལྟར་ན།  དེ་ཡང་ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༤ ཉིན་གྱི་མཚན་མོའི་ཆུ་ཚོད་༩ཡས་མས་སུ་རྔ་བ་རྫོང་རྨེའུ་རུ་མའི་རུ་ཆེན་གསུམ་པའི་དགེ་རིག་ཚང་གི་སྒྲོལ་མ་མཚོར་རྒྱ་གཞུང་གིས་ལོ་ངོ་གསུམ་ལ་ཁྲིམས་ཐག་བཅད་པའི་བཙོན་དུས་ཚང་ནས་རང་ཁྱིམ་དུ་བསྐྱལ་འདུག  སྐབས་དེར་སྒྲོལ་མ་མཚོ་ལ་གཉེན་ཉེ་དང་ཡུལ་མི། བོད་མི་ཉིས་བརྒྱ་ལྷག་གིས་ཁ་བཏགས་གཡོགས་ནས་ཕེབས་བསུ་བྱས་འདུག ཡང་རྨེའུ་དཀོན་རྒྱམ་གྱིས་” དཀོན་མཆོག་བློ་གྲོས་ཀྱང་ཉིན་མ་དེ་ག་རང་ལ་གློད་འདུག་ལ། ཕལ་ཆེར་སྒྲོལ་མ་མཚོ་དངོས་སུ་མ་གློད་གྲོལ་གྱི་ཆུ་ཚོད་ཁ་ཤས་ཤིག་གི་སྔོན་དེར་ཡིན་འདུག”ཅེས་བཤད་བྱུང་། འདི་ག་ལྟེ་གནས་ཁང་གིས་དེ་སྔ་གནས་ཚུལ་འདོན་པ་ལྟར་ན།   རྒྱ་གཞུང་གིས་མི་གསོད་ཉེས་མིང་འོག་ལོ་༣ ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཅིང་ད་ལྟ་དགུང་ལོ་༣༠  བོད་རིགས་བུད་མེད་སྒྲོལ་མ་མཚོ་ནི།     རྔ་བ་རྫོང་རྨེའུ་རུ་མའི་རུ་ཆེན་གསུམ་པའི་དགེ་རིག་ཚང་གི་ཡིན་པ་དང་།  ༢༠༡༣ཟླ་༡༢ཚེས་༣ཉིན་རྨེའུ་རུ་མའི་བོད་མི་དཀོན་མཆོག་ཚེ་བརྟན་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱི་རྒྱ་གཞུང་ལ་ངོ་རྒོལ་གྱིས་འདས་གྲོངས་སྐབས།  ཁོ་མོས་ཁོང་གི་སྐུ་ཕུང་རླངས་འཁོར་ནང་འཇོག་རོགས་བྱས་པར་བརྟེན་ནས། རྒྱ་གཞུང་གིས་མི་གསོད་ཀྱི་ཉེས་མིང་བཀལ་ཏེ་འཇུ་བཟུང་བཀག་ཉར་བྱས་འདུག་དང།   ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༣ ཉིན་གྱི་བོད་ནང་གི་ཆུ་ཚོད་ ༩ དང་ཕྱེད་ཀའི་ཐོག རྔ་བ་རྫོང་མི་དམངས་ཁྲིམས་ཁང་ཟེར་བས་ཁྲིམས་ར་འཚོགས་ཏེ་མི་བསད་ཀྱི་ཉེས་འཛུགས་འོག་སྒྲོལ་མ་མཚོར་ལོ་ ༣ ཡི་ཁྲིམས་ཐག་བཅད་ནས་།  རྒྱ་ནག་དབང་སྒྱུར་གྲལ་རིམ་གྱི་བོད་ས་བཅད་བགོས་ལྟར་ན། སི་ཁྲོན་མེ་ཡན་བཙོན་ཁང་ནང་དུ་བཅུག་ཡོད་འདུག གནས་ཚུལ་མཁོ་སྒྲུབ་པས་བཤད་གསལ་ལ།   ཕྱི་ལོ་  ༢༠༡༥ ཟླ་ ༡༢ ནང་ལ་ཁྲིམས་ཁང་ནས་ཡི་གེ་སྔ་ཕྱི་གཉིས་ཁྱིམ་བདག་ཚོར་འབྱོར་ནས་སྒྲོལ་མ་མཚོར་ཛ་དྲག་གི་གཤག་བཅོས་གཏོང་དགོས་སྐོར་བྲིས་ཤིང་ཁྱིམ་བདག་ཚོའི་མིང་རྟགས་འགོད་ཚུལ་བཙན་བཀའ་གཏོང་སྐབས།    ཁྱིམ་བདག་ཚོས་ཁྲིམས་ཁང་ལ་ཁ་པར་བཏང་སྟེ་སྒྲོལ་མ་མཚོ་ལ་དངོས་སུ་ཐུག་བཅུག་ན་སྒྲོལ་མ་མཚོའི་གནས་བབ་གང་ཞིག་ཡིན་པ་ཤེས་རྟོགས་ཡོང་བས།    དངོས་སུ་ཐུག་འཇུག་པའི་རེ་འདུན་བཏོན་ཀྱང་ཐུག་བཅུག་མི་འདུག སྐབས་དེའི་གཡས་གཡོན་ཞིག་ལ།  སྒྲོལ་མ་མཚོས་ཁྲིམས་ཁང་བརྒྱུད་ཁྱིམ་བདག་ཚོར་སྐར་མ་ལྔའི་རིང་ཁ་པར་བཏང་སྟེ་”བཙོན་སྲུང་བ་ཚོས་ང་ལ་ན་ཚ་ཞིག་ཡོད་པས་བཙན་གྱིས་གཤག་བཅོས་གཏོང་དགོས་པའི་བཙན་སྐུལ་ཡང་ཡང་བྱས་རུང་།  ངའི་ངོས་ནས་ཁས་ལེན་རྩ་བ་ནས་བྱས་མེད།   ཁྱོད་ཚོས་ཀྱང་ཁས་ལེན་རྩ་བ་ནས་མ་བྱེད་”ཅེས་བརྗོད་ཡོད་འདུག གློད་གྲོལ་བྱུང་བའི་སྒྲོལ་མ་མཚོའི་ད་ལྟའི་གཟུགས་གཞིའི་གནས་སྟངས་ཐད་གནས་ཚུལ་མཁོ་སྒྲུབ་པས་གསུང་གསལ་ལྟར་ན། ཁོང་མོའི་མགོ་ཡུ་འཁོར་བ།   གཉིད་མི་ཡོང་བ། གཟུགས་པོ་སྐྱོ་བོ་ཆགས་པ་མ་ཟད།  དེ་སྔ་རྩེ་དགོད་ལ་དགའ་བའི་ཁོང་མོའི་གཤིས་ཀ་འགྱུར་ནས་སྙིང་ཁམས་མི་བདེ་བའང་ཆགས་འདུག་ཐོག  ཁོང་མོས་”བཙོན་ཁང་གིས་མི་སྤྱོད་ལས་འདས་པའི་མནར་སྤྱོད་དང་སྡུག་སྦྱོང་གིས་ང་སྨྱོན་གྲབས་བྱས་སོང་་”ཅེས་བཤད་འདུག  ཁོང་མོའི་ད་ལྟའི་འཕྲོད་བསྟེན་ཐད་ལ་ནང་མི་ངོས་ནས་སེམས་ཁྲལ་ཆེན་པོ་གནང་གི་ཡོད་འདུག སྒྲོལ་མ་མཚོ་ནི། རྔ་བ་རྫོང་རྨེའུ་རུ་མའི་དགེ་ཚང་གི་ཡིན་ཞིང་། ཕ་དགེ་རིག་དང་མ་དོན་ཁོ་གཉིས་ཡིན་འདུག ཁོང་མོ་ལ་ལོ་ ༡༤ ཅན་གྱི་བུ་མོ་ཚུལ་ཁྲིམས་སྒྲོལ་མ་ཟེར་བ་ཞིག་ཡོད་འདུག འདི་ག་ལྟེ་གནས་ཁང་གིས་དེ་སྔ་གནས་ཚུལ་བཏོན་པའི་ནང་དུ།   རྒྱ་གཞུང་གིས་དཀོན་མཆོག་ཚེ་བརྟན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བ་དེར་རྐྱེན་བྱས་ཏེ་རྨེའུ་རུ་མའི་ཡུལ་མི་ ༢༠ ལྷག་འཇུ་བཟུང་བཀག་ཉར་བྱས་ཡོད་ཀྱང་།    མི་ཁག་ཅིག་ཉིན་བཅུ་གྲངས་འགའ་ཤས་རིང་བཀག་ཉར་གཅར་རྡུང་བྱས་མཐར་རིམ་པར་གློད་ཡོད་ཀྱང་།  དེའི་ཁྲོད་ནས་སྒྲོལ་མ་མཚོ་དང་དཀོན་མཆོག་བློ་གྲོས། དགེ་འདུན་འཕེལ་རྒྱས།  གྲྭ་བློ་བཟང་རྒྱ་མཚོ།  གྲྭ་བསྟན་པ་བཅས་མི་ ༡༠  ལ་ནག་ཉེས་ལྕི་མོ་བཀལ་ཏེ་ཟླ་༡༡་བཀག་ཉར་བྱས་མཐར།     ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༣ ཉིན་གྱི་བོད་ནང་གི་ཆུ་ཚོད་ ༩ དང་ཕྱེད་ཀའི་ཐོག རྔ་བ་རྫོང་མི་དམངས་ཁྲིམས་ཁང་ཟེར་བས་ཁྲིམས་ར་འཚོགས་ཏེ་མི་བསད་ཀྱི་ཉེས་འཛུགས་འོག སྒྲོལ་མ་མཚོར་ལོ་ ༣ དང་།   དཀོན་མཆོག་བློ་གྲོས་ལ་ལོ་ ༣ །     དགེ་འདུན་འཕེལ་རྒྱས་ལ་ལོ་ ༢ བཅས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་བཅད་ཡོད་འདུག་པ་བཞིན།   དངོས་སུ་ཁྲིམས་ཐག་བཅད་པའི་དགེ་འདུན་འཕེལ་རྒྱས་གློད་གྲོལ་བྱུང་ཡོད་མེད་གསལ་བོ་ཤེས་རྟོགས་ཐུབ་མེད། དཀོན་མཆོག་བློ་གྲོས་ནི་རྔ་བ་རྫོང་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་གཉིས་པའི་གོ་ཚེ་གི་ཡིན་པ་དང་།    དགེ་འདུན་འཕེལ་རྒྱས་ནི་རྔ་བ་རྫོང་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་བཞི་བའི་མར་ལི་ཚང་གི་རེད་འདུག

Continue Reading

བཙན་བྱོལ་གྱི་རྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་༢༠༡༣ཟླ་༣ཚེས་༢༤་ཉིན་འཛམ་ཐང་ནས་རང་ལོ་༣༠ཡིན་པའི་སྐལ་སྐྱིད་ཀྱིས་རང་ལུས་མེར་བསྲེགས་གནང་བ་དང་བསྟུན། རྒྱ་གཞུང་གིས་སྐལ་སྐྱིད་དང་འབྲེལ་བར་བསྙད་ནས། རྒྱ་གཞུང་གིས་སྐལ་སྐྱིད་ཀྱི་གཉེན་ཉེ་ཆོས་འཛིན་ཞེས་པའི་བོད་མི་ཞིག་འཇུ་བཟུང་བཀག་ཉར་དང་། ཟི་ཁྲོན་མེན་ཡེང་བཙོན་ཁང་དུ་བཙོན་འཇུག་གིས། ཁྲིམས་ཆད་ལོ་༣བྱས་ནས་ཟླ་འདིའི་ཚེས་༢༧ཉིན་གློད་གྲོལ་བཏང་ཡོད་འདུག འབྲེལ་བ་ཡོད་རབས་ཀྱི་བཙོན་འཇུག་ཁྲིམས་ཆད་བྱས་པ་འདི་ནི་རྒྱ་གཞུང་གིས་བོད་མི་རང་ལུས་མེར་བསྲེགས་གཏོང་མཁན་མ་ལུས་པ་ཁྲིམས་འགལ་ཞིག་ཏུ་བརྩིས་པ་མཚོན་པ་མ་ཟད། འབྲེལ་བ་ཡོད་མཁན་ཚང་མ་ལ་༼བསམ་བཞིན་མི་གསོད་པའི་ནག་ཉེས་དང་བརྒྱུད་སྐུལ་བསླུ་བྲིད་བྱས་ནས་མི་བསད་པའི་ནག་ཉེས་༽ ཞེས་ཉེས་འགལ་ཞིག་ཏུ་དྲངས་ཀྱི་ཡོད་པ་བསྟན་ཡོད། དེ་བས་འདི་ག་ལྟེ་གནས་ཁང་གི་ཆབ་སྲིད་བཙོན་པའི་མིང་གཞུང་ཐོ་འགོད་སྡེ་ཚན་གྱིས། བོད་ནང་དུ་ཕྱི་ལོ་༢༠༠༩ནས་ད་ལྟའི་བར་(༢༠༡༦།༩།༣༠)རང་ལུས་མེར་བསྲེགས་གནང་མཁན་༡༤༥དང་། རང་ལུས་མེར་བསྲེགས་གནང་མཁན་ལ་ངན་སྐུལ་དང་། རང་ལུས་མེར་བསྲེགས་གནང་མཁན་གྱི་གནས་ཚུལ་ཕྱི་བསྒྲགས་བྱས་སོང་སོགས་རྒྱ་གཞུང་གིས་མ་ཉེས་ཁ་གཡོག་འོག བོད་མི་༨༧་ལྷག་བཙོན་འཇུག་ཁྲིམས་ཆད་བྱས་ཡོད་པ་ཐོ་བཀོད་བྱས་འདུག དེ་ནི་འདི་ག་ལྟེ་གནས་ཁང་གིས་བོད་ནང་དུ་གོང་འཁོད་ལག་སོན་བྱུང་པའི་གྲངས་ཀ་ཙམ་ལས། འདི་ལས་མང་བ་ཞིག་གི་གནས་ཚུལ་ཕྱི་ཕྱོགས་སུ་མཁོ་སྤྲོད་མ་ཐུབ་པར་ལྷག་ཡོད་པའི་ཡིད་ཆེས་བྱེད་ཀྱི་ཡོད། རྒྱ་གཞུང་གི་<<ཉེས་ཁྲིམས་>>གྱི་དོན་ཚན་༢༣༢ནང་དུ། གང་ཟག་སུ་ཞིག་ཕ་རོལ་བོ་ཤི་རྨས་གང་བྱུང་གི་གནས་ཚུལ་ལྷག་པ་དང་འབྲེལ་བ་བྱུང་ཚེ། དེ་ལ་བསམ་བཞིན་མི་བསད་པའི་ནག་ཉེས་དང་ཀུན་སློང་ཡོད་བཞིན་དུ་ངན་སྐུལ་དང་བརྒྱུད་སྐུལ་ཞེས། ཁྲིམས་ཆད་དུས་ཡུན་ཀྱི་དུས་བཀག་ནི། སྲོག་ཐོག་ཁྲིམས་ཆད་དང་ཚེ་བཙོན། ཡང་ན་ལོ་བཅུ། ཉུང་ཤོས་ལོ་གསུམ་གཅོད་ངེས་ཞེས་གསལ་ཡོད་པ་བཞིན། གོང་འཁོད་རང་ལུས་མེར་བསྲེགས་དང་འབྲེལ་བར་བསྙད་ནས་ཁྲིམས་ཆད་ཁུར་བའི་བོད་མི་༨༧ཁྲོད། སྲོག་ཐོག་ཁྲིམས་གཅོད་བྱུང་བ་༡་དང་། ཉུང་ཤོས་བདུན་ཕྲག་༣དང་ཉིན་༥བཀག་ཉར་བྱས་པ་སོགས་སྣ་ཚོགས་ཡོད་པས། འདས་པོ་སྐལ་སྐྱིད་དང་འབྲེལ་བ་ཡོད་པར་བསྙད་པའི་ཆོས་འཛིན་ལགས། སྐལ་སྐྱིད་ཀྱི་གནས་ཚུལ་དང་གནད་དོན་གང་ཐད་ལ་འབྲེལ་བ་ཡོད་རབས་ཀྱི་མ་ཉེས་ཁ་གཡོག་གང་བྱས་ཁག་ད་ལྟའི་བར་ཤེས་རྟོགས་མ་བྱུང་རུང་། རྒྱ་གཞུང་གིས་ཆོས་འཛིན་བཞིན་གྱི་འབྲེལ་བར་བསྙད་ནས་བཙོན་འཇུག་ཁྲིམས་ཆད་ལོ་༣བྱས་པའི་བོད་མི་ད་ལྟའི་བར་༡༣ བྱུང་ཡོད། འདི་ཟླ་༩ཚེས་༢༧ཉིན། རྒྱ་གཞུང་གིས་ཆོས་འཛིན་གློད་གྲོལ་བྱས་པའི་གནས་ཚུལ་ནང་མི་གཉེན་ཉེ་རྣམས་ཀྱིས་ཐོས་འཕྲལ། ནང་མི་རྣམས་ཟི་ཁྲོན་མེན་ཡེང་བཙོན་ཁང་དུ་ཆོས་འཛིན་སྣེ་ལེན་བསུ་མར་བཅར་ཡང་།…

Continue Reading

རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་སུ་ཚད་མཐོའི་གནོད་སྐྱོན་ཅན་གྱི་གྲོང་ཚོར་ལྟ་རྟོག་རུ་ཁག་སྐོར་དྲུག་པ་དེ་ཉིད་སྤེལ་འགོ་ཚུགས་ཤིང་། ལས་རིམ་དེར་ལོ་རེ་བཞིན་རྒྱ་གཞུང་གི་ཏང་ཡོན་མི་སྣ་སྟོང་ཕྲག་མང་བོ་བོད་ཁུལ་གྱི་གྲོང་ཚོ་དང་།  དགོན་སྡེ། དུད་སྤྲེལ་གྲོང་རྡལ་ཁག་བཅས་ལ་གཏོང་ནས་ཡུལ་མིར་ལྟ་རྟོག་དང་དོ་དམ་བྱ་རྒྱུ་མཚོན།    ༧གོང་ས་མཆོག་ལ་ངོ་རྒོལ་ལས་འགུལ་གོ་སྒྲིག་སོགས་ཀྱི་ཆབ་སྲིད་གོ་རྟོགས་སྤེལ་བའི་སྒོ་ནས། རྒྱ་གཞུང་གི་དམར་པོའི་ལྟ་བ་བོད་དུ་ཤུགས་རྐྱེན་ཇེ་ཆེར་ཇེ་བརྟན་དུ་གཏོང་རྒྱུ་བཅས་རེད་འདུག རྒྱ་གཞུང་གི་གཞུང་འབྲེལ་དྲ་ཚིགས་ཤིག་གིས་ཉེ་ལམ་གནས་ཚུལ་བཏོན་གསལ་ལྟར་ན། ལོ་འདིའི་ཟླ་༡༡ཚེས་༢༥ཉིན།  ལྷ་ས་རུ་གྲོང་ཚོར་བཅའ་སྡོད་རུ་ཁག་སྐོར་དྲུག་པའི་འདེམས་གཏོང་གསལ་བསྒྲགས་དང་སྐབས་ལྔ་བའི་ལས་དོན་གྲུབ་འབྲས་གཟེངས་ཐོན་ཅན་ལ་བྱ་དགའ་སྤྲད་པའི་་ཚོགས་འདུ་སྐོང་ཚོགས་བྱས་འདུག  གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་སྐོར་དྲུག་པར་ཁྱོན་བསྡོམས་ལས་བྱེད་པ་མི་གྲངས་22000འདེམས་གཏོང་གནང་ཡོད་ཅིང་།    དེའི་ཁྲོད་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་མི་སྣ2408དང་། ས་ཁུལ་དང་ཐིང་རིམ་པའི་ལས་བྱེད་པ55ཡིས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གྱི་འགན་ཁུར་དང་། ཁོང་ཚོ་བོད་རང་སྐྱོང་ལྗོངས་ཀྱི་་སྲིད་འཛིན་གྲོང་ཚོ་དང་གྲོང་མི་ཨུ་ལྷན5467ལ་ཕྱིན་ནས་གྲོང་ཚོ་དང་དགོན་སྡེ་བཅའ་སྡོད་ལས་དོན་སྤེལ་རྒྱུ་རེད་འདུག རྒྱ་གཞུང་གིས་ཕྱི་ལོ་༢༠༡༡ནས་བཟུང་།    གཞུང་འབྲེལ་ལས་བྱེད་དང་ཏང་ཡོན་མི་སྣ་བོད་ཀྱི་གཞི་རིམ་ས་ཁུལ་དུ་གཏོང་ནས་༼ཆུ་མ་ཡོང་གོང་གི་རགས་༽ཞེས།  བོད་ཁུལ་དུ་བསྐྱར་དུ་༢༠༠༨ལྟ་བུ་ཟིང་འཁྲུག་མ་ཡོང་བའི་ཆེད་དུ་གཞུང་ལ་བློ་དཀར་གཞུང་དྲང་མིན་པ་དང་།  ཡང་ན་གཞུང་ལ་སྐྱོན་བརྗོད་བྱེད་མཁན་ཞེས་དོགས་ཡོད་ལ་ལྟ་རྟོག་ནན་ཏན་བྱ་རྒྱུ་དེ་རེད་འདུག རྒྱ་གཞུང་གིས་མངགས་གཏོང་བྱས་པའི་བློ་མཐུན་ལས་བྱེད་དེ་དག་གིས་བོད་ཁུལ་དུ་ “སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོ་”ཞེས་བོད་མིའི་འཚོ་གནས་ཡར་རྒྱས་ལ་ཕན་ཐོགས་དང་འགྲུབ་འབྲས་རླབས་ཆེན་བླངས་ཡོད་ལུགས་དྲིལ་བསྒྲགས་ཤུགས་ཆེར་བྱས་མིན་ལ་མ་ལྟས་པར།    འདི་ནི་བོད་ཁུལ་དུ་ལྟ་རྟོག་བྱ་ར་བྱེད་སྟངས་སྣ་ཚོགས་ལག་བསྟེར་བྱས་ཀྱི་ཡོད་ཁྲོད་ཀྱི་རིགས་གཅིག་ཡིན་པར་ཐེ་ཚོམ་གང་ཡང་མི་དགོས་ཤིག་ཡིན། ༢༠༡༡ལོར་གྲོང་ཚོར་བཅའ་སྡོད་ལྟ་རྟོག་ལས་དོན་ལས་རིམ་འདི་ཉིད་ཐོག་མར་ལག་བསྟེར་གྱིས་མུ་མཐུད་ལོ་༣འགོར་རྗེས་ཀྱི།  ཕྱི་ལོ་༢༠༡༤ཟླ་༡༢བསྐྱར་དུ་ལས་དོན་འདི་ཉིད་འགོ་བཙུགས་གསལ་བསྒྲགས་ཀྱི་སྐབས་སུ། བོད་རང་སྐྱོང་ལྗོངས་ཀྱི་འགོ་གཙོ་དཔོན་རིགས་རྣམས་ཀྱིས་ལས་དོན་༼སྲ་བརྟན་དང་གྲུབ་འབྲས་དབྱར་དུ་ཟ་བ་༽འདི་ཉིད་མུ་མཐུད་རྒྱུན་འཁྱོངས་བྱས་འོས་ལུགས་བཤད་ཡོད།  བཤད་སྟངས་འདི་བརྒྱུད་བོད་རང་ལྗོངས་ས་ཁུལ་གྱི་བོད་མིའི་ཉིན་རེར་འཚོ་བར་ལྟ་རྟོག་བྱ་ར་བྱ་རྒྱུ་ནི་སྒྲིག་གཞི་ཞིག་དང་གཡོལ་ཐབས་མེད་པ་ལྟ་བུ་ངོས་བཟུང་བ་བསྟན་ཡོད་པ་མ་ཚད།  གཞུང་འབྲེལ་གྱི་ཐལ་དྲགས་དོ་དམ་དང་དོགས་ཟོན་བརྒྱུད་ནས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་གཞི་རིམ་རང་དབང་ལ་བཀག་སྡོམ་དང་དམ་དྲག་འཐེབ་ཟིན་པ་མཚོན་ཡོད། དེའི་ཐད་ལ་འདི་ག་ལྟེ་གནས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཟླ་བ་ལགས་ཀྱིས་“ ཕྱི་ལོ་༢༠༡༡ནས་ལྟ་རྟོག་ལས་དོན་ལས་རིམ་འདི་ཉིད་ལག་བསྟར་བྱས་པས་ཚད་མཐོའི་དམ་དྲག་དང་གནོད་འཚབ་ཆེན་པོ་བྱུང་ཡོད།   དེ་ནི་ལས་དོན་མི་སྣ་དེ་དག་གིས་ས་གནས་བོད་མིའི་སྟེང་དུ་བསམ་བློ་སྟངས་འཛིན་བྱེད་མཁན་གྱི་ཉེན་རྟོག་པ་ལྟ་བུ་བྱས་ཐལ་དྲག་ཡོད།  གང་ཡིན་ཞེ་ན། ལས་དོན་རུ་ཁག་མི་སྣ་དེ་དག་ས་གནས་བོད་མིའི་ཁྱིམ་དུ་གང་བྱུང་འཛུལ་ནས་ཆབ་སྲིད་དང་འབྲེལ་བའི་གནས་ཚུལ་བསྡུ་རུབ་དང་། བཙན་ཤེད་ཀྱི་སྒོ་ནས་ཆབ་སྲིད་སློབ་སྦྱོང་གི་ལས་རིལ་དུ་ཞུགས་སུ་བཅུག་པ།  བོད་མི་ངོས་ནས་དེ་དག་དང་མཉམ་རུབ་གཞོགས་འདེགས་བྱ་རྒྱུ་ལས།     དེ་མིན་ཐོ་གཞུང་ནག་པོའི་ནང་དུ་བླུག་ཉེན་ཡོད་པ་རེད།”  དང་།    ཡང་”བོད་ཁུལ་དུ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་བརྩི་མེད་རྡོག་རོལ་གཏོང་བ་ནི་རྒྱུན་ལྡན་ལྟ་བུ་དང་།     ལས་དོན་རུ་ཁག་དེ་བརྒྱུད་བོད་མི་ནང་ཁུལ་མ་འཆམ་པ་དང་དཀའ་ངལ་འདྲ་མིན་འཕྲད་ཀྱི་ཡོད་འདུག” ཡང་བོད་ཁུལ་གྱི་ཞིང་གྲོང་ས་ཁུལ་དུ།  ཡང་གྲོང་ཚོར་བཅའ་སྡོད་ལས་དོན་ཞེས་པའི་འདི་བརྒྱུད་ནས་དྲ་མིག་ཅན་སྤྱི་ཚོགས་དོ་དམ་ལམ་ལུགས་ཞེས་པ་ཞིག་ལག་བསྟར་དུས་མཉམ་དུ་བྱས་ཡོད།    ལོ་འདིའི་ཕྱི་ཟླ་༤ནང་།   ལྷ་ས་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་ཆོས་བཀྲ་ལགས་ཞེས་པས།  དྲ་མིག་ཅན་སྤྱི་ཚོགས་དོ་དམ་ལས་དོན་འདིས་ལྷ་ས་གྲོང་ཁྱེར་གྱི་་”བརྟན་ལྷིང་ཞི་འཇགས་”ལ་བྱས་རྗེས་བཞག་ཡོད་པའི་ཡི་རངས་བསྔགས་བརྗོད་བྱས་འདུག ཡང་ཆོས་ལགས་ཀྱིས་”མི་དམངས་རང་ཉིད་ཀྱིས་དོ་དམ་དང་རང་ཉིད་ལ་ཞབས་འདེགས་བྱ་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ཤིག་ཡིན་”ཞེས་བཤད་ཡོད།    ཆོས་ལགས་ཀྱིས་སྐད་ཆ་འདི་བརྒྱུད་ནས་ང་ཚོས་བོད་ཁུལ་ལ་ལྟ་རྟོག་ལས་དོན་འདིས་སྤྱི་ཚོགས་བརྟན་ལྷིང་བཅོས་མ་ཞིག་སྣ་འདྲེན་བྱས་ཡོད་པ་དང་། བོད་མིའི་ནང་ཁུལ་ལ་དོགས་ཟོན་དང་འཇིགས་ངོམ།  བོད་མིའི་ནང་ཁུལ་ཞིབ་བཤེར་དང་བཀག་སྡོམ་འཐེབ་ཀྱི་ཡོད་པ་མཚོན་ཡོད། བོད་ཀྱི་ས་ཁུལ་གཞན།   དཔེར་ན། ཟི་ཁྲོན་དང་མཚོ་སྔོན། ཀན་ལྷོ་མཚོན་པའི་ཤིན་ཅིང་དུའང་གྲོང་ཚོ་བཅའ་སྡོད་ལྟ་རྟོག་ལས་དོན་དང་ཕྱོགས་མཚུངས་པའི་ལས་དོན་”བརྟན་ལྷིང་བདེ་འཇགས་”ཞེས་པའི་མིང་བྱང་འོག་ནས་ལས་དོན་ཆེ་ཁག་ལྔ་ལག་བསྟར་བྱས་ཀྱི་ཡོད་ཐོག་འདུག་ལ།   ལྷག་པར་ཀྰ་ཤི་གྷར་ས་གནས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་མི་སྣ་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་དུ་ལྟ་སྐོར་ལ་ཕྱིན་པ་ལྟར་ན། བོད་རང་སྐྱོང་ལྗོངས་ཀྱིི་དམར་ཕྱོགས་དྲུང་ཆེ་ཁྲེན་གོ་ཆིན་གྱི་ལས་དུས་རིང་དུ་ལག་བསྟར་དོན་འཁྱོངས་བྱས་པའི་ལས་དོན་ཆེན་མོ་དྲུག་ནི། ༡ དྲ་མིག་ཅན་སྤྱི་ཚོགས་དོ་དམ་ལམ་ལུགས་དང། ༢ དམངས་བདེ་ཉེན་རྟོག་ས་ཚུགས། ༣ དགོན་པར་བཅའ་སྡོད་ལས་དོན་རུ་ཁག ༤གྲོང་ཚོར་བཅའ་སྡོན་རུ་ཁག། ༥ རྨང་བརྟན་མང་ཕན་ལས་འགུལ།  ༦དུད་སྤྲེལ་དོ་དམ་བཅས་སོ། དུད་སྦྲེལ་དྲ་མིག་ཅན་དོ་དམ་འདི་ལ་ད་དུང་ཆ་རིགས་གཉིས་ལྡན་དུད་སྦྲེལ་ཟེར་ལ།  དེ་ནི་སྲིད་གཞུང་གི་ལྟ་རྟོག་ལས་རིམ་ཚད་གཞི་དམའ་ཤོས་ཀྱི་སྡེ་ཁག་ཅིག་ཡིན།  ཡང་ལས་རིམ་འདིའི་ཐད་རྒྱ་གཞུང་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་དྲིལ་བསྒྲགས་བྱས་པ་ལྟར་ན།    དབུལ་སྒྲོལ་འགག་སྒྲོལ་ཞེས་ལས་དོན་རུ་ཁག་གི་མི་སྣས་ཁྱིམ་ཚང་དབུལ་བོར་ཁག་ལ་རོགས་རམ་གྱི་ཕྱུག་འགྱུར་ལམ་ཀར་འཁྲིད་ནས་ཕྱུག་པར་འགྱུར་དུ་བཅུག་གི་ཡོད་རབས་གསལ། ཕྱི་ལོ་༢༠༡༣ཟླ་༧ཚེས་༢༥ཉིན།  རྒྱ་གཞུང་གི་གཞུང་འབྲེལ་གསར་ཁང་ཞིག་གིས། བོད་རང་ལྗོངས་ཀྱི་ཏང་ཡོན་ཚོགས་མི་དང་རང་སྐྱོང་ལྗོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་འགོ་གཙོ་ཆོས་གྲགས་ཞེས་པ་ཁོང་གི་སྐད་ཆ་ལུང་འདྲེན་བྱས་པའི་ནང་དུ།  ཁོང་གིས་དྲ་མིག་ཅན་དོ་དམ་ལས་དོན་གྱི་དམིགས་ཡུལ་ནི་” བོད་ཁུལ་གྱི་ཏཱ་ལིའི་བླ་མ་དང་ཕྱི་བསྡོད་བོད་མི། ཕྱི་རྒྱལ་བཅས་ཀྱི་ཤུགས་རྐྱེན་ལ་ཁ་གཏད་ངོ་རྒོལ་བྱ་རྒྱུ་དེ་ཡིན་” ཡང་ཁོང་གིས་བོད་ཁུལ་དམངས་སེམས་བརྟན་ལྷིང་བྱས་པའི་སྒོ་ནས་ཕུགས་རྒྱང་རིང་བའི་བདེ་འཇགས་ལེགས་གྲུབ་དང་། དྲ་མིག་ཅན་གྱི་སྤྱི་ཚོགས་དོ་དམ་གྱི་རྨང་བརྟན་སྲ་ཚུགས་གྱི་གནས་རིམ་དུ་སླེབས་པ་བྱེད་རྒྱུ་དེ་ཡིན་ཞེས་བཤད་ཡོད།

Continue Reading

  རྒྱ་གཞུང་གིས་གཞི་རྒྱ་ཆེ་བའི་ཡར་རྒྱས་འཛུགས་སྐྲུན་གྱི་ལས་གཞི་བརྒྱུད་ནས་གྲོང་གསེབ་བོད་མིའི་གཞི་རྩའི་འཚོ་གནས་དང་བདེ་འཇགས་ལ་སྣང་ཆུང་བྱས་རྐྱེན།   བོད་ཁུལ་གྱི་ས་ཆ་གང་མང་ལ་རང་བྱུང་ཐོན་ཁུངས་ཕྱུག་ཀྱང་ས་གཤིས་དང་སྐྱེས་ཁམས་ལ་གནོད་སྐྱོན་འཚབ་ཆེན་འཐེབ་རྐྱེན་ད་ལྟའི་ཆར་བོད་མིའི་འཚོ་བ་མུ་མཐུད་ཉམས་ཞན་དང་སྐྱོ་བའི་ཕྱོགས་སུ་འཕེལ་བཞིན་ཡོད་འདུག ཟླ་འདིའི་ཕྱི་ཚེས་༡༧ཉིན། རྒྱ་ནག་དབང་སྒྱུར་གྲལ་རིམ་གྱི་ས་བཅད་ལྟར་ན། ཡུན་ནན་ཞིང་ཆེན་གྱི་བདེ་ཆེན་རྫོང་། ཡོང་ལིན་ཞང་གི་གཡང་བྲེ་སྡེ་བའི་ཡུལ་མི་རྣམས་ཀྱིས། རྒྱ་གཞུང་གིས་ཁོང་ཚོའི་ས་ཞིང་བཙན་འཕྲོག་དང་གཙང་བོའི་ཁུག་བཅད་ཀྱི་དབང་གིས་འཐུང་ཆུའི་མཁོ་འདོན་ལ་དཀའ་ངལ་འཕྲད་རྐྱེན་ངོ་རྒོལ་སྐད་འབོད་བྱས་པར། རྒྱ་མི་ཉེན་རྟོག་པ་དང་དྲག་ཆོས་ཉེན་རྟོག་པ།  དམིགས་བསལ་ཉེན་རྟོག་དཔུང་སྡེ་འབོར་ཆེན་སླེབས་ནས་བོད་མི་ཞི་རྒོལ་བའི་སྟེང་གང་བྱུང་བཅར་རྡུང་དང་བཀག་ཉར་བྱས་འདུག  གཡང་བྲེ་སྡེ་བ་ནི་རོང་མ་བྲོག་གི་ས་ཁུལ་ཞིག་ཡིན་པས་ཁོང་ཚོའི་འཚོ་གནས་ནི་ཞིང་ཁ་དང་རྩ་ས། ནགས་ཚུལ་གྱི་ཐོན་སྐྱེད་བཅས་ལ་བསྟེན་ཡོད། ཉིན་དེར་ཕལ་ཆེར་མི་གྲངས་༢༠ཙམ་བཀག་ཉར་འཐེབ་པ་རྣམས་ཀྱི་སྟེང་དུ་དངོས་སུ་དྲག་རྡུང་བྱས་འདུག སྐབས་དེར་བརྙན་དུ་ཕབ་པའི་བརྙན་ཐུང་ཞིག་སྤྱི་ཚོགས་དྲ་རྒྱ་ཁག་ཏུ་འགྲོ་བཞིན་པ་ལྟར་ན།    ཉེན་རྟོག་པས་ཞི་རྒོལ་བ་རེ་འགའ་འདྲུད་ཀྱི་ཡོད་པ་དང་།  ཁ་ཤས་ཡར་མར་ཕུད་རྒྱག་བཏང་གི་ཡོད་པ་གསལ་བ་མ་ཟད། བུད་མེད་ཅིག་གིས་དྲག་ཆས་ཉེན་རྟོག་པས་ཞི་རྒོལ་བ་གཅར་རྡུང་བྱེད་ཀྱི་འདུག་ཅེས་ངུ་འབོད་བྱས་ཀྱི་ཡོད་པ་གོ་ཐུབ། དེ་ནས་ད་ལྟའི་བར་བརྒྱུད་ལམ་ཁག་ལ་དམ་དྲག་ཤུགས་དྲག་བྱས་རྐྱེན་བོད་མི་བཀག་ཉར་བྱས་པ་རྣམས་ཀྱི་གནས་སྟངས་ཤེས་རྟོགས་བྱུང་ཐབས་མེད་པར་ལྷག་ཡོད། ཕྱི་ཚེས་༡༧ཉིན་བོད་མི་རྣམས་ཀྱིས་ངོ་རྒོལ་བྱས་དོན་ནི།   རྒྱ་གཞུང་གིས་ལོ་ངོ་ཁ་ཤས་ཤིག་གི་སྔོན་ནས་བཟུང་ས་ཁུལ་དེ་བརྒྱུད་ནས་མྱུར་ལམ་རྒྱག་བཞིན་པའི་ལས་གཞི་ཞིག་འགྲོ་བསྡད་པ་དང་།  མྱུར་ལམ་གྱི་ས་ཐིག་གི་རྐྱེན་པགཡང་བྲེ་སྡེ་བའི་ས་ཞིང་བཅད་བཏུབ་དང་།  བྲག་རི་འབར་རྫས་ཀྱི་གས་གཏོར་བྱས་པ། ནགས་ཚལ་རྩ་རྫོགས་བྱས་པ་སོགས་ཀྱི་ཐད་དོ་དམ་དང་ལྟ་རྟོག་བྱེད་མཁན་སུ་ཡང་མ་བྱུང་བས།     བོད་མི་རྣམས་ཐབས་ཟད་འུ་ཐུག་གིས་ངོ་རྒོལ་བྱས་པ་རེད་འདུག ཡང་གཡང་བྲེ་སྡེ་བའི་ཕ་མེས་ཡང་མེས་ཀྱི་མཆོད་བཀུར་བྱེད་བསྡད་པའི་ཡུལ་དེའི་གནས་རི་གས་གཏོར་གནོད་པ་བྱས་པར་ཡུལ་མི་ཁོང་ཁྲོ་ཚད་མེད་སློང་ཐོག དམིགས་ཡུལ་གང་ཡིན་མ་ཤེས་པར་ཡ་ཆུ་ཞེས་པའི་གཙང་བོ་ཁ་སྒྱུར་བྱས་པ་ལ་བརྟེན་ནས་ཞིང་ཁ་སྐམ་ནས་སྟོན་ཐོག་འདེབས་ས་མི་འགྲོ་བ་བཟོས་ཡོད་འདུག ཡང་བདེ་ཆེན་ལ་ཐད་ཀར་འབྲེལ་བ་ཡོད་ཅིང་མིང་བརྗོད་འདོད་མེད་པ་ཞིག་གིས་བརྗོད་གསལ་ལྟར་ན། མྱུར་ལམ་རྒྱག་པའི་ལས་གཞི་ལ་བརྟེན་ནས་ཁོར་ཡུག་གཏོར་སྐྱོན་བྱས་རྐྱེན། ས་ཁུལ་དེའི་གནམ་གཤིས་ཀྱང་དུས་རྒྱུན་ལྟར་མ་ཡིན་པར།  ཆར་ཆུ་དཀོན་དུ་སོང་ནས་ལོ་ཏོག་རིགས་ལ་ཐམ་པ་བསྟུད་མར་བྱུང་རྐྱེན། ཉམ་ཆུང་བོད་མི་ལྷག་པའི་འདེམས་ཀ་ནི་རྒྱུག་ཆུ་སྐམ་ཟིན་པའི་ཆུ་གཞོང་ནས་བྱེ་མ་འོར་འདྲེན་དང་ཚོང་སྒྱུར་གྱི་སྒོ་ནས་ཡོང་བབ་ཏོག་ཙམ་ལེན་ནས་འཚོ་ཐབས་བྱ་རྒྱུ་དེ་ཡིན་ཡང་།   གོ་སྐབས་དེའང་རིང་བོ་མ་འགོར་བར་ས་གནས་སྲིད་གཞུང་གིས་དེ་དག་གི་ལག་ནས་འཕྲོག་སྟེ་གཞུང་འབྲེལ་ཚོང་སྒྱུར་ས་ཚིགས་སུ་བཟོས་འདུག ལོ་ཤས་སྔོན་དུ་མྱུར་ལམ་བཟོ་སྐྲུན་གྱི་ལས་གཞི་གསར་དུ་གསལ་བསྒྲགས་སྐྱོང་སྐབས་སུ་ས་གནས་སྲིད་གཞུང་གིས་ཁུལ་དེའི་ཡུལ་མི་ལ། ལས་གཞི་དེས་ཡུལ་མི་ལ་ལས་ཀའི་གོ་སྐབས་དང་དཔལ་འབྱོར་ལོངས་སྤྱོད་ཁུར་ཡོང་ངེས་སོགས་བཤད་ཡོད།  སྲིད་གཞུང་གིས་དེ་ལྟར་ཁས་ལེན་སྣ་མང་ཞིག་བྱས་མིན་ལ་མ་ལྟོས་པར། ཡོང་ལིན་ཞང་གི་ཡུལ་མིས་འབྱུང་འགྱུར་གྱི་གནས་བབ་ཅི་འགྱུར་གསལ་ཁ་མེད་པའི་ཐད་ལ་ཁྲིམས་མཐུན་གྱི་ལམ་ཁ་གང་ཡང་མཁོ་སྒྲུབ་བྱུང་མེད་ཐོག  རྒྱ་གཞུང་གིས་བོད་ཁུལ་དུ་འཛུགས་སྐྲུན་ཆེ་ཆུང་འདྲ་མིན་ཁུར་ཡོང་བ་ལྷན་དུ།  བོད་མིའི་སྟེང་དུ་ཚད་ལས་འདས་པའི་དོགས་ཟོན་ཡང་དུས་མཉམ་དུ་ཁུར་ཡོང་བ་ལྟ་བུ།   བོད་མིས་ཐ་ན་རང་ཉིད་ཀྱི་འཚོ་གནས་དང་ཁོར་ཡུག་ཐད་དྲང་སྙོམས་ཡོང་སླད་ཁྲིམས་ཁ་བརྒྱུད་ཀྱང་རུང་། ཕྱི་རུ་ཐོན་ནས་ངོ་རྒོལ་བྱས་ཀྱང་རུང་།   བོད་མིས་གང་བྱས་ཐམས་ཅད་ལ་རྒྱ་གཞུང་གིས་དེ་ནི་རྒྱལ་ཁབ་ཀྱི་བདེ་འཇིགས་ལ་ཉེན་ཁ་དང་། རྒྱ་ནག་དང་ཁ་བྲལ་ལ་ངོས་འཛིན་ཞུ་ཡི་ཡོད།  བོད་མིའི་གྲོང་པ་བཙན་ཤེད་ཀྱིས་གནས་སྤོ་བྱེད་དུ་བཅུག་པ། ཡོང་ལིན་སྡེ་བ་གཅིག་པུ་དཀའ་ངལ་ལ་འཕྲད་པ་ཙམ་མ་ཡིན་པར།  འདི་ག་ལྟེ་གནས་ཁང་ལ་བརྡ་སྦྱོར་ཡི་གེ་ཞིག་ལག་སོན་བྱུང་བ་ལྟར་ན། ཟླ་སྔོན་མར།     བདེ་ཆེན་རྫོང་གི་ཡན་མེན་ཞང་ཞེས་པ་དེའང་གནས་སྤོ་དགོས་པའི་བཙན་བཀའ་བཏང་འདུག་པ་གསལ།   དེའང་ཕྱི་ཟླ་༡༠ཚེས་༡༨ཉིན། སྲིད་གཞུང་གིས་<< བོའུ་ནང་ལུང་ཆུ་གློག་ས་ཚིགས་>>ཞེས་རྫ་ཆུའི་ཁུག་སོ་རུ་ཆུ་ཤུགས་༩༩༠ཅན་གྱི་ཆུ་མཛོད་རྒྱག་སླད་དུ།  ཡ་མེན་ཞང་གི་ཁང་ཁྱིམ་༢༠༠ཙམ་གནས་སྤོར་དགོས་པའི་བརྡ་ཡིག་བཀྲམས་འདུག་པ་མ་ཟད།  ལས་གཞི་དེ་ཉིད་ཕྱི་ལོ་༢༠༡༠་འགོ་བཙུགས་ཀྱིས་ཕྱི་ལོ་༢༠༡༨བར་ལེགས་གྲུབ་ཟིན་དགོས་པ་ཡིན་འདུག་ཀྱང་།  ཡན་མིན་ནི་ཆུ་བཀག་ནས་ཆུ་མཛོད་རྒྱབ་སའི་ས་ཁུལ་དང་ཁ་ཐག་ཉེ་ཕྱིར།  ཡན་མེན་ཞང་ལ་ལས་གཞི་གྲུབ་མཚམས་ལོ་རེར་གྲུབ་རྗེས་ཆུ་ལོག་གི་གནོད་པ་འབྱུང་གི་ཡོད་འདུག ཡང་སྲིད་གཞུང་གི་ངོས་ནས་ཡན་མིན་ཞང་ལ་ས་ཆའི་སྐྱིན་གསབ་ལོག་ཀར་མི་སྤྲོད་པར།  དེ་བས་ས་གནས་དེའི་བྱང་ཕྱོགས་སུ་ཡོད་པའི་མཚོ་བྲག་(Ch: Cizhong)ཞེས་པའི་སྡེ་བར་དུད་སྤྲེལ་བྱེད་དུ་བཅུག་འཆར་ཡོད་འདུག ཆུ་མཛོད་ཀྱི་རྐྱེན་པའི་ཉེན་ཡོལ་འོང་བའི་ཡན་མིན་ཡུལ་མི་རྣམས་ལ་སྡོད་གནས་མཉམ་སྤྱོད་གནང་དགོས་པའི་མཚོ་བྲག་ཡུལ་ཚོ་ནི།  དེ་སྔ་ནས་ཡེ་ཤེས་ཆོས་ལུགས་བྱེད་མཁན་གྱི་ས་ཁུལ་ཞིག་དང་། ཁོང་ཚོར་མཚོན་ན་ཁོང་ཚོའི་ས་ཤུན་ཡག་པོ་ཡོད་པའི་ཞིང་སའི་ཆ་ཤས་ཤིག་བློས་གཏོང་བྱས་དགོས་པ་ཞིག་ཆགས་པ་མ་ཟད།  རྒྱ་གཞུང་གིས་གྲོང་ཁྱེར་ཅན་འཛུགས་སྐྲུན་གྱི་སྲིད་ཇུས་མུ་མཐུད་སྤེལ་བཞིན་པའི་ཉར་ལེན་གྱིས།  ཡན་མིན་དང་མཚོ་བྲག་ཡུལ་མི་རྣམས་ཀྱིས་ཀྱང་གྲོང་ཁྱེར་གྱི་ཐེམ་ཐོ་ཐོ་འགོད་བྱ་དགོས་ཤིང་སླད་ཕྱིན་ཞིང་ལས་བྱ་རྒྱུའི་གོ་སྐབས་འཕྲོག་སོང་བ་ཡིན། འདི་ལོའི་ཕྱི་ཟླ་༩ནང་།  ཡོ་རོབ་མཉམ་འབྲེལ་རྒྱ་ནག་ཉམས་ཞིབ་འབྲེལ་མཐུད་ཁང་གིས་ཉམས་ཞིབ་གྲུབ་དོན་<<འཇིགས་དངངས་ཀྱི་སྐད་གསེང་>>(voiced their fears )ཞེས། རྒྱ་གཞུང་གིས་ཡན་མིན་ས་ཁུལ་དུ་ཆུ་མཛོད་རྒྱག་པའི་ལས་གཞི་བརྩམས་པ་ལ་བརྟེན་ནས།  ས་ཁུལ་དེའི་བོད་མིའི་ཕ་མེས་ཡང་མེས་ཀྱི་ས་ཆ་གཞུང་བཞེས་གཏོང་རྗེས། ངེས་གཏན་མེད་པའི་འབྱུང་འགྱུར་དང་འཚོ་ཐབས་ལ་སེམས་ཁྲལ་དང་དངངས་སྐྲག་ཡོད་པ་བསྟན་པའི་སྙན་ཐོ་འདོན་ཡོད།      ཡང་<<བོའུ་ནང་ལུང་ཆུ་གློག་ས་ཚིགས་>>ཀྱི་ཆུ་གློག་ནི་རྒྱ་གཞུང་གི་གྲོང་ཁྱེར་ཆེ་ཁག་གི་ཕུན་ཚོགས་ལོངས་སྤྱོད་ཙམ་ལས། ཡན་མིན་དང་མཚོ་བྲག་བོད་མིའི་ཆེད་དུ་རེད་མི་འདུག རྒྱ་གཞུང་གི་ཁྲིམས་སྒྲིག་ཁག་གིས་ས་ཆ་གཞུང་བཞེས་གཏོང་བའི་ཀུན་གསབ་ཁྲིམ་རའི་གོང་ཚད་ལྟར་སྤྲོད་རྒྱུར་འགན་ལེན་བྱས་ཡོད་ཀྱང་།  ས་གནས་སྲིད་གཞུང་གི་དཔོན་པོ་རྣམས་ཀྱིས་གོང་རིམ་དང་ལས་གཞིའི་སྦྱིན་བདག་གིས་སྤྲད་པའི་སྐྱིན་གསབ་སྒོར་མོ་ལྐོག་ཟ་བྱས་པ་ལས་ཏག་ཏག་ཅིག་བགོ་བཤའ་རྒྱག་མ་ཐུབ་པ་དང་། ཡང་སྲིད་གཞུང་གི་ཀུན་གསེབ་སྒྲིག་གཞིའི་ངོས་ནས་བོད་མིའི་ནང་ཁུལ་གྱི་སྲོལ་རྒྱུན་གྱི་ས་ཆ་བེད་སྤྱོད་ལམ་ལུགས་དང་བབ་བསྟུན་མ་ཐུབ་པ་བཅས།  རང་བྱུང་ཕུན་སུམ་ཚོགས་པའི་བོད་མི་འདུས་སྡོད་ས་ཁུལ་དུ་ག་དུས་ཡིན་ཡང་སྐྱིན་གསབ་དྲང་སྙོམས་ཤིག་ཡོང་གི་མེད། ས་ཁྱོན་ཆེ་བའི་བོད་ཀྱི་ས་ཁུལ་དུ་དེ་སྔ་ནས་”ནོར་གནག་ལ་རྩ་ཟ་སའི་རྩ་ས་དང་། ཁྲོམ་རར་ཚོང་སྒྱུར་བྱེད་འོས་པའི་ཐོན་སྐྱེན་དཔེར་ན།     ཤ་མོག་དང་དབྱེར་རྩ་དགུ་འབུ་སོགས་ནགས་ཚལ་དང་རྩ་ས་ནས་ཐུས་པའམ་སྒྲུག་པ་”སོགས་ས་ཆ་ནི་སྤྱི་བར་དབང་པའི་སྤྱི་རྫས་ཡིན་པས།  རྒྱ་ནག་སྐམ་པ་ལྟར་དེ་མུར་ཁྲོམ་རའི་གོང་ཚད་ལ་ཕབ་སྒྱུར་བྱས་རྒྱུར་སྟབས་བདེ་མེད།  རྒྱ་ནག་ཏུ་ས་ཆ་གཞུང་བཞེས་དང་།  ས་གནས་གནས་སྤོ་ཡི་དབང་གིས་གནོད་འཐེབ་ཚོགས་སྡེ་དང་སྒེར་བ་ལ་དགོས་ངེས་ཀྱི་སྐྱིན་གསབ་ནི་ས་གནས་སྲིད་གཞུང་གིས་གནོད་འཐེབ་འབྲེལ་ཡོད་ལ་དོ་ཁུར་དང་བཀའ་འདྲི་མེད་པའི་ཐོག་སྐྱིན་གསབ་སྒྲིག་གཞི་དང་ཐག་གཅོད་བྱེད་སྐྱོང་བྱས་ཀྱི་ཡོད།  བོད་མིས་གནས་སྤོ་བཀའ་རྒྱ་ལ་གདེང་ལེན། ཕྱི་ཟླ་༡༠ཚེས་༣༠ཉིན།  བདེ་ཆེན་རྫོང་གི་ཧཱ་ཧྥིན་ཕན་(ཕན་བདེ་)གྲོང་བ་ཞིག་ལ་གོང་རིམ་ནས་གནས་སྤོ་དགོས་སྐོར་གྱི་བཀའ་རྒྱ་ཞིག་ཟླ་བ་དེའི་ཕྱི་ཚེས་༡༨ཉིན་སླེབས་པ་ལ་བརྟེན་ནས།  ཡུལ་མི་རྣམས་ཀྱིས་མོས་མཐུན་མེད་པའི་ཞུ་གཏུག་རྒྱབ་པའི་ཡིག་ཆ་ལྟར་ན།     ས་གནས་སྲིད་གཞུང་གི་ངོས་ནས་ཡུལ་མི་རྣམས་ལ་གནས་སྤོ་ཐད་བསམ་འཆར་བསྡུ་ལེན་མ་བྱས་པ་གསལ། ཧཱ་ཧྥིན་ཕན་(ཕན་བདེ་)གྲོང་བའི་ཡུལ་མི་རྣམས་ཀྱི་འཚོ་བའི་ཡོང་བབ་ནི་སྟར་ཀ་དང་ཞིང་ལས་ཐོན་འབྲས་གཞན་དག་རེད།  གནས་སྤོ་ཡིས་ཐད་ཀར་དེ་དག་གི་སྟར་ཀ་སྡོང་བོ་དང་ཕ་མེས་ཡང་མེས་ཀྱི་ས་ཐོབ་ཀྱི་རིན་གོང་དོ་མཉམ་གྱི་སྐྱིན་གསབ་མེད་པར་གཞུང་བཞེས་ཤིག་ཏུ་གྱུར་ཡོད། ཞུ་གཏུག་ཡིག་ཆ་དེས་ད་དུང་ས་གནས་སྲིད་གཞུང་དང་། ལྷག་པར་གནས་སྤོ་ཐད་འགན་དབང་ཡོད་པའི་མི་སྣ་སླེབས་ནས།  མི་མང་ཚོགས་འདུ་སྐོང་ནས་གནས་སྤོ་སྐྱིན་གསབ་ཐོབ་ཐང་དང་། སྡོད་གནས་དང་འཚོ་རྟན་བཅས་ཀྱི་ཐད་ལ་གྲོས་བསྡུར་དགོས་པའི་དགོས་འདུན་འདོན་འདུག ཡང་ཞུ་གཏུག་ཡིག་ཆ་དེའི་ནང་དུ་”གནས་སྤོ་མི་དམངས་གནས་སྤོ་བྱེད་ཡུལ་དུ་སྤོར་རྗེས་འཚོ་བའི་མཐུན་རྐྱེན་ཤུགས་ཆེན་པོས་ཇེ་ཞན་དུ་འགྲོ་རྒྱུ་ཡིན་པ་དང་།  རང་སྡེ་བའི་ཁང་བའི་ཆ་རྐྱེན་དང་སྐྱིན་གསབ་གནང་པའི་གནས་སྤོ་ཡུལ་གྱི་ཁང་པའི་པར་ཁྱད་པར་ཆེན་པོ་ཡོད་པ་དང་།  ཁང་བ་ཡི་ཆེད་དུ་སྡེ་དམངས་བུ་ལོན་ནང་ལྷུང་རྒྱུ་ཡིན་པ་དང་།  དམིགས་བསལ་དུད་ཁྱིམ་གྱི་ཁང་པ་སྐྲུན་མི་ཐུབ་པས་སྡོད་གནས་མེད་པར་འགྱུར།  གནས་སྤོ་པར་ཆུ་གློག་ས་ཚིགས་ནས་གནང་པའི་སྐྱིན་གསབ་ཀྱིས་སྡེ་དམངས་ཀྱི་ཟས་གོས་གནད་དོན་ཡང་ཐག་གཅོད་བྱེད་མི་ཐུབ།  སྡེ་དམངས་ནས་འབྲེལ་ཡོད་ལས་ཁུངས་ལ་ཞུ་འབོད་ཀྱིས་ཐག་གཅོད་གནང་པར་མཁྱེན།  གལ་ཏེ་ཐག་གཅོད་ཡག་པོ་མ་བྱུང་ན་སྡེ་དམངས་འབྲེལ་ཡོད་ལས་ཁུངས་དང་མཉམ་འབྲེལ་གྱིས་གནས་སྤོ་ལས་གཞི་ལག་བསྟར་བྱེད་མི་ཐུབ།  ཡིག་ཆ་འདི་འགྲེམ་སྤེལ་བྱེད་པ་ལ་ཧྭ་ཧྥིན་ཕན་སྡེ་དམངས་དང་མཐུན་སྦྱོར་གྲོས་མོལ་བྱས་མེད། དེ་མ་ཟད་སྡེ་བའི་ཚོགས་འདུ་སྐབས་སུ་གནས་སྤོ་ལས་གཞི་འགན་ཁུར་ཡོད་པའི་འགོ་ཁྲིད་གཅིག་ཀྱང་ཚོགས་འདུའི་ཐོག་ཡོང་མེད།  ཚོགས་འདུ་ནས་གནད་དོན་གཅིག་ཀྱང་ཐག་གཅོད་བྱེད་ཐུབ་མེད།  དེ་བས་གནས་སྤོ་ལས་གཞི་འགན་ཁུར་ཡོད་པའི་འགོ་ཁྲིད་གཙོ་བོ་དངོས་སུ་ཡོང་ནས་ཧྭ་ཧྥིན་ཕན་སྡེ་དམངས་དང་ལྷན་དུ་གྲོས་མོལ་ཐོག་འབྲེལ་ཡོད་གནད་དོན་ལ་འགྲེལ་བརྗོད་དང་ལན་འདེབས་ཐག་གཅོད་གནང་དགོས་ “ཞེས་གསལ།   གོང་གི་ཞུ་གཏུག་ནང་དོན་བརྒྱུད་ང་ཚོས་གནས་སྤོ་ཐག་གཅོད་འདི་ནི་ཐད་ཀར་སེནོ་ཆུ་གློག་བཟོ་གྲྭ་Sinohydro Power Company, ཞེས་རྒྱ་གཞུང་གི་གཞུང་འབྲེལ་ཆུ་མཛོད་རྒྱག་པའི་བཟོ་གྲྭ་ཆེན་པོ་དེའི་དབང་ཚད་སྦྱད་པ་ཞིག་ཡིན་པ་ཤེས་རྟོགས་བྱུང་ལ།  སེནོ་ཆུ་གློག་བཟོ་གྲྭ་ནི་འཛམ་གླིང་གི་ཆུ་མཛོད་རྒྱག་མཁན་བཟོ་གྲྭ་ཆེ་ཤོས་དེ་ཡིན་ལ།  བཟོ་གྲྭ་དེས་ད་ལྟའི་བར་འཛམ་གླིང་གི་ཆུ་མཛོད་ཁྲོམ་རའི་མ་དངུལ་བརྒྱ་ཆ་༥༠་མཉམ་འཇོག་བྱེད་མཁན་ཞིག་ཡོད་ཆགས་ཡོད། རྒྱ་གཞུང་གི་ཆུ་མཛོད་དང་འཛུགས་སྐྲུན་ལས་གཞི་གཞན་དག་བཞིན།    <<བོའུ་ནང་ལུང་ཆུ་གློག་ས་ཚིགས་>སམ་ཆུ་མཛོད་རྒྱབ་པའི་གོ་རིམ་དུ་ཁོར་ཡུག་ལ་ཤུགས་ཆེན་ཅི་འཐེབ་ཀྱི་སྔོན་འགྲོ་ཞིབ་འཇུག་བྱས་མེད། དེའི་རྒྱལ་སྤྱིའི་གཙང་བོོ་བདག་སྐྱོང་ཚོགས་པ་ཞེས་ཆུ་མཛོད་ལས་གཞི་ཡིས་གནོད་འཐེབ་ལ་ངོ་རྒོལ་བྱེད་བཞིན་པའི་ཚོགས་པ་དེས།   “ཁོར་ཡུག་ལ་ཤུགས་རྐྱེན་ཅི་འཐེབ་སྔོན་འགྲོ་ཞིབ་འཇུག་ནི་རྒྱ་གཞུང་གི་འཛུགས་སྐྲུན་པར་མཚོན་ན་སྒམ་ཆུང་ཞིག་ལས་ལྟ་རྟོག་མི་དགོས་”ཞེས་ཐེར་འདོན་བྱས་ཡོད།…

Continue Reading

བདུན་ཕྲག་སྔོན་མའི་ནང་དུ། བལ་ཡུལ་ནས་རྒྱ་གར་དུ་གནས་མཇལ་དུ་ཡོང་བཞིན་པའི་བོད་མི་༤༡་ལ་རྒྱ་གར་དུ་ཡོང་ཆོག་པའི་ཡིག་ཆ་ཏག་ཏག་མེད་པའི་དབང་གིས། བལ་རྒྱ་གཉིས་ཀྱི་ས་མཚམས་དང་རྒྱ་གར་གྱི་གནས་ཆེན་ཁག་ཏུ་སླེབས་རྒྱུར་སྤྱི་ལེ་༡༠ཡོད་པའི་ས་ཆ་རྡེན་གྷ་ཏི་ཞེས་པ་ནས་བལ་ཡུལ་གྱི་ཉེན་རྟོག་པས་འཇུ་བཟུང་བཀག་ཉར་བྱས་འདུག སྤྱི་ཚེས་༡༤ནས་ཕྱི་ཚེས་༡༦བར་ཉིན་གསུམ་རིང་བཀག་ཉར་འཐེབ་པའི་བོད་མི་༤༡ཁྲོད་དུ། མི་གྲངས་༣༩ཡིས་རྒྱ་གཞུང་གི་ཕྱི་སྐྱོད་ལག་ཁྱེར་ཁུར་མཁན་དང་རྒྱ་གར་གྱི་སྡོད་གནས་ལག་ཁྱེར་ཡོད་མཁན་བོད་མི་༢་བཅས། སྔ་ཕྱི་བལ་ཡུལ་གཞུང་དང་གནས་སྤོ་འགྲོ་འོང་ལས་ཁུངས་(Department of Immigration. )ངོས་ནས་ཡར་མར་རྩིས་སྤྲོད་ཀྱི་སྒོ་ནས་ཚང་མ་དངོས་སུ་གློད་གྲོལ་བྱུང་འདུག བལ་ཡུལ་དུ་འཛིན་བཟུང་བྱས་པའི་སྔ་ཕྱི་རུ་བོད་མི་གནས་མཇལ་བ་རྣམས་ཀྱི་དཀའ་ངལ་སྣ་མང་ཞིག་འཕྲད་འདུག རྒྱ་གཞུང་གིས་བོད་མི་རྒྱ་གར་དུ་གནས་མཇལ་དང་ལྷག་པར་དུས་འཁོར་དབང་ཆེན་ལ་ཡོང་རྒྱུར་ལ་བསྟུད་མར་དམ་དྲག་དང་སུན་གཙེར་ཇེ་ཆེར་འགྲོ་མུས་ཡོད། ༧གོང་ས་མཆོག་གི་རྒྱ་གར་གྱི་པྷེ་ཧར་ཞེས་པའི་བྱང་ཤར་དུ་ཡོད་པའི་རྡོ་རྗེ་གདན་དུ་ཡོང་འགྱུར་གྱི་ལོ་༢༠༡༧ཟླ་༡པའི་ཚེས་༣ནས་༡༤བར་དུས་དབང་གནང་གི་ཡོད། བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཧོར་རན་(HURON )ནས་རྒྱུས་ལོ་བྱས་པ་ལྟར་ན། རྒྱ་གཞུང་གིས་གལ་སྲིད་བོད་མི་རྣམས་ལ་རྒྱ་གར་དུ་སོང་ཆོག་པའི་ཕྱི་སྐྱོད་ལག་ཁྱེར་ཡོད་པ་ཤེས་རྟོགས་བྱུང་ཚེ། ཕར་ལོག་རྗེས་ཁྲིམས་ཆད་ཟླ་༦ནས་ལོ་༥ གཅོད་ངེས་རེད་ཅེས་བཤད་འདུག བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཧོར་རན་(HURON )ངོས་ནས་ཀ་ཐི་མན་ཌུ་རུ་ཡོད་པའི་གནས་སྤོས་འགྲོ་འོང་ལས་ཁུངས་ལ་བོད་མི་རྣམས་བཀག་ཉར་ཁང་དུ་མངགས་གཏོང་མི་ཡོང་བའི་རེ་བསྐུལ་ཞུས་མིན་ལ་མ་ལྟས་པར། ཕྱི་ཚེས་༡༥་ཉིན་རྒྱབ་ཆུ་ཚོད་བཞི་དང་ཕྱེད་ཀའི་སྟེང་། འགྲོ་འོང་ལས་ཁུངས་ཀྱི་ངོས་ནས་བོད་མི་གནས་མཇལ་བའི་ཁྲོད་ནས་སྐྱེས་པ་༢༤ རྡ་ལི་པྰ་ཛེར་སྰ་ཀྲོག་ཧོར་( Dilibazar Sadakhor)བཀག་ཉར་ཁང་དུ་བསྐྱལ་ཞིང་། དེའི་ཁྲོད་ཀྱི་བུད་མེད་༡༧་འགྲོ་འོང་ལས་ཁུངས་སུ་བཀག་ནས་བཞག་འདུག ཟླ་འདིའི་ཕྱི་ཚེས་༡༦ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༦དང་སྐར་མ་༡༥ སྟེང་། བོད་ནས་ཡོང་བའི་བོད་མི་༣༩རྣམས་བལ་ཡུལ་གྱི་རྒྱ་མིའི་གཞུང་ཚབ་ཁང་གི་འབྲེལ་ཡོད་ལས་བྱེད་ཡོང་ནས་ལག་ཁྱེར་ར་འཕྲོད་ཀྱིས་གློད་གྲོལ་བྱས་འདུག་ལ། ཕྱི་ཚེས་༡༧ཉིན་རྒྱ་གར་གྱི་གཞུང་ཚབ་མི་སྣས་རྒྱ་གར་གྱི་ལག་ཁྱེར་ཁྱེར་བའི་བོད་མི་གཉིས་ར་འཕྲོད་ཁག་ཐེག་སྒོ་ནས་གློད་གྲོལ་བྱུང་འདུག དེའང་བལ་ཡུལ་གཞུང་ལ་རྒྱ་ནག་གི་ཤུགས་རྐྱེན་བསྟུད་མར་ཇེ་ཆེ་རུ་འགྲོ་བཞིན་པ་དང་། ལྷག་པར་བལ་བོད་ས་མཚམས་ཀྱི་བདེ་འཇགས་ས་ཚིགས་ལྟ་སྲུང་ཁང་གང་རྒྱག་ལ་རྒྱ་གཞུང་ངོས་ནས་འགྲོ་གྲོན་ལྷུག་གཏོང་བྱས་དབང་གིས། སྔ་ཕྱི་རུ་བོད་མི་༧གོང་ས་མཆོག་མཇལ་བཅར་དུ་ཡོང་མཁན་ཆོས་ཞུ་བ་དང་གནས་མཇལ་བ། སློབ་སྦྱོང་བྱེད་དུ་འོང་བ་སུ་ཡིན་ལ་བལ་ཡུལ་བརྒྱུད་རྒྱ་གར་དུ་ཡོང་མཁན་རྣམས་བལ་དམག་གིས་འཇུ་བཟུང་གིས་ཕར་རྒྱ་མིར་རྩིས་སྤྲོད་བྱས་པ་བྱུང་ཡོད་ལ།…

Continue Reading

རྒྱ་གར་དུ་གནས་མཇལ་དུ་ཡོང་བཞིན་པའི་བོད་མི་༤༡། ལམ་བར་གྱི་ཇ་ཁང་ཞིག་ཏུ་ཇ་འཐུང་བཞིན་པའི་སྐབས་སུ། རྡན་ག་ཏི་ས་གནས་ཉེན་རྟོག་པས་བཀག་ཉར་བྱས་འདུག ༢༠༡༦ཟླ་༡༡ཚེས་༡༤ཉིན་ནས་ཕྱི་ཚེས་༡༦བར་བཀག་ཉར་འཐེབ་པའི་བོད་མི་༤༡ཁྲོད་དུ། མི་གྲངས་༣༩ཡིས་རྒྱ་གཞུང་གི་ཕྱི་སྐྱོད་ལག་ཁྱེར་ཁུར་མཁན་དང་རྒྱ་གར་གྱི་སྡོད་གནས་ལག་ཁྱེར་ཡོད་མཁན་བོད་མི་༢་བཅས། ཚང་མ་དངོས་སུ་གློད་གྲོལ་བྱུང་འདུག འདི་ག་ལྟེ་གནས་ཁང་དུ་བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་(HURON )ཟླ་འདིའི་ཕྱི་ཚེས་༡༦ཉིན་བརྡ་ལན་བྱས་པ་ལྟར་ན། རྡེན་གྷ་ཏི་ས་གནས་ཉེན་རྟོག་པས་བོད་མི་འཇུ་བཟུང་བ་རྣམས་ཆུ་ཚོད་༢ རྗེས་ཀ་ལི་ལ་ས་གནས་གནས་སྤོས་འགྲོ་འོང་ལས་ཁུངས་(Department of Immigration. )རྩིས་སྤྲོད་དང་། ས་གནས་གནས་སྤོས་ལས་ཁུངས་དེས་ཀ་ཐི་མན་ཌུ་རུ་(Kathmandu )ཡོད་པའི་གནས་སྤོས་འགྲོ་འོང་ལས་ཁུངས་སུ་རྩིས་སྤྲོད་བྱས་འདུག རྒྱ་གར་དུ་གནས་མཇལ་དུ་ཡོང་བཞིན་པའི་བོད་མི་རྣམས་ཀྱིས་རང་རང་གི་ཕྱི་སྐྱོད་ལག་ཁྱེར་བལ་ཡུལ་གྱི་ངོ་ཤེས་ཤིག་ཏུ་བཅོལ་བ་ལས་ཁྱེར་མེད་པའི་ཐད། བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཧོར་རན་(HURON )ནས་རྒྱུས་ལོ་བྱས་པ་ལྟར་ན། རྒྱ་གཞུང་གིས་གལ་སྲིད་བོད་མི་རྣམས་ལ་རྒྱ་གར་དུ་སོང་ཆོག་པའི་ཕྱི་སྐྱོད་ལག་ཁྱེར་ཡོད་པ་ཤེས་རྟོགས་བྱུང་ཚེ། ཕར་ལོག་རྗེས་ཁྲིམས་ཆད་ཟླ་༦ནས་ལོ་༥ གཅོད་ངེས་རེད་ཅེས་བཤད་འདུག བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཧོར་རན་(HURON )ངོས་ནས་ཀ་ཐི་མན་ཌུ་རུ་ཡོད་པའི་གནས་སྤོས་འགྲོ་འོང་ལས་ཁུངས་ལ་བོད་མི་རྣམས་བཀག་ཉར་ཁང་དུ་མངགས་གཏོང་མི་ཡོང་བའི་རེ་བསྐུལ་ཞུས་མིན་ལ་མ་ལྟས་པར། ཕྱི་ཚེས་༡༥་ཉིན་རྒྱབ་ཆུ་ཚོད་བཞི་དང་ཕྱེད་ཀའི་སྟེང་། འགྲོ་འོང་ལས་ཁུངས་ཀྱི་ངོས་ནས་བོད་མི་གནས་མཇལ་བའི་ཁྲོད་ནས་སྐྱེས་པ་༢༤ རྡ་ལི་པྰ་ཛེར་སྰ་ཀྲོག་ཧོར་( Dilibazar Sadakhor)བཀག་ཉར་ཁང་དུ་བསྐྱལ་ཞིང་། དེའི་ཁྲོད་ཀྱི་བུད་མེད་༡༧་འགྲོ་འོང་ལས་ཁུངས་སུ་བཀག་ནས་བཞག་འདུག ཟླ་འདིའི་ཕྱི་ཚེས་༡༦ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༦དང་སྐར་མ་༡༥ སྟེང་། བོད་ནས་ཡོང་བའི་བོད་མི་༣༩རྣམས་བལ་ཡུལ་གྱི་རྒྱ་མིའི་གཞུང་ཚབ་ཁང་གི་འབྲེལ་ཡོད་ལས་བྱེད་ཡོང་ནས་ལག་ཁྱེར་ར་འཕྲོད་ཀྱིས་གློད་གྲོལ་བྱས་འདུག་ལ། ཕྱི་ཚེས་༡༧ཉིན་རྒྱ་གར་གྱི་གཞུང་ཚབ་མི་སྣས་རྒྱ་གར་གྱི་ལག་ཁྱེར་ཁྱེར་བའི་བོད་མི་གཉིས་ར་འཕྲོད་ཁག་ཐེག་སྒོ་ནས་གློད་གྲོལ་བྱུང་འདུག…

Continue Reading

ཟླ་འདིའི་ཕྱི་ཚེས་༡༢ཉིན། ཨ་མདོ་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་སངས་རྒྱས་ལགས་མེན་ཡང་བཙོན་ཁང་ནས་བཙོན་གྲོལ་ཐོབ་ཀྱང་དང་ཕྱིར་ལོག་སྣེ་ལེན་སོགས་གནང་མ་བཅུག་པར་བཀག་སྡོམ་བྱས་འདུག དགེ་འདུན་པ་བློ་བཟང་སངས་རྒྱས་གློད་གྲོལ་རྗེས་སྒྲོན་པའི་པར་དང་དེ་སྔ་འཛིན་བཟུང་སྐབས་ཀྱི་པར་གཉིས་བསྡུར་ན། དེ་སྔ་དང་མི་འདྲ་བར། དགེ་འདུན་པ་ཁོང་སྐུ་ཤ་སྐམ་རིད་ཆགས་ཐོག་མིག་ཤེལ་གྱོན་པ་གསལ་ལ། བརྒྱུད་ལམ་ཁག་ལྟར་ན་ཁོང་གི་དྲན་པའང་མི་གསལ་པའི་གནས་ཚུལ་ཐོན་འདུག འདི་ག་ལྟེ་གནས་ཁང་གི་དེ་སྔ་གནས་ཚུལ་བཏོན་གསལ་ལྟར་ན། དགེ་འདུན་པ་ཁོང་ནི་ཕྱི་ལོ་༢༠༡༢ཟླ་༨ཚེས་༢༧ཉིན་རང་ལུས་མེ་བསྲེགས་གནང་མཁན་དགེ་འདུན་པ་བློ་བཟང་སྐལ་བཟང་དང་འབྲེལ་ནས། རྒྱ་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་པ་རེད་འདུག ཡང་བཙན་བྱོལ་གྱི་བརྒྱུད་ལམ་ཁག་ལྟར་ན། རྒྱ་གཞུང་གིས་དེ་སྔ་དགེ་འདུན་པ་བློ་བཟང་སངས་རྒྱས་ཐེངས་མང་འཛིན་བཟུང་བྱས་མྱངས་འདུག་ལ། ཁོང་གིས་༧གོང་ས་མཆོག་གི་སྐུ་པར་དང་བཀའ་སློབ་སོགས་བསྐྱར་པར་གྱིས་འགྲེམས་སྤེལ་དང་ཚོང་སྒྱུར་བྱས་པའི་དབང་གིས་སླར་ཡང་འཛིན་བཟུང་བཀག་ཉར་གྱིས་ཁྲིམས་ཐག་བཅད་པ་རེད་ཅེས་ཁུལ་དེའི་ཡུལ་མིས་ཚོད་དཔག་བྱེད་ཀྱི་ཡོད་པ་གསལ་འདུག རྒྱ་གཞུང་གིས་བོད་མིའི་སྟེང་དུས་རྒྱུན་ཤུགས་ཆེར་དམ་དྲག་དང་། ལྷག་པར་ཕྱི་ཕྱོགས་ལ་གནས་ཚུལ་མཁོ་འདོན་གྱི་དྲ་རྒྱའི་དོན་དམ་ཤུགས་དྲག་བྱས་རྐྱེན་གྱིས། ཕྱི་ལོ་༢༠༡༢ཟླ་༨ཚེས་༢༨ཉིན། དགེ་འདུན་པ་བློ་བཟང་སངས་རྒྱས་ལགས་འཛིན་བཟུང་བཀག་ཉར་བྱས་པ་ནས་ད་ལྟའི་བར་ལོ་ངོ་༤ཕྱིན་ཞིང་། དགེ་འདུན་པ་ཁོང་ལ་ཁྲིམས་འགལ་ཉེས་ཆད་ཅི་ཞིག་བཅད་མིན་དང་། ཁྲིམས་ཐག་བཅད་པའི་དུས་ཚོད་སོགས་གསལ་ཁ་གང་ཡང་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད། དེ་བས་འདི་ག་ལྟེ་གནས་ཁང་གི་ཆབ་སྲིད་བཙོན་པའི་མིང་གཞུང་ཐོ་འགོད་སྡེ་ཚན་གྱིས། བོད་ནང་དུ་ཕྱི་ལོ་༢༠༠༩ནས་ད་ལྟའི་བར་(༢༠༡༦།༡༡།༡༧)རང་ལུས་མེར་བསྲེགས་གནང་མཁན་༡༤༥དང་། རང་ལུས་མེར་བསྲེགས་གནང་མཁན་ལ་ངན་སྐུལ་དང་། རང་ལུས་མེར་བསྲེགས་གནང་མཁན་གྱི་གནས་ཚུལ་ཕྱི་བསྒྲགས་བྱས་སོང་སོགས་རྒྱ་གཞུང་གིས་མ་ཉེས་ཁ་གཡོག་འོག བོད་མི་༨༧་ལྷག་བཙོན་འཇུག་ཁྲིམས་ཆད་བྱས་ཡོད་པ་ཐོ་བཀོད་བྱས་འདུག ལྷག་པར་ཕྱི་ལོ་༢༠༡༢ནང་གཅིག་པུ་རང་ལུས་མེ་བསྲེགས་གནང་མཁན་གྲངས་༨༥་བྱུང་ཡོད། དེ་ནི་འདི་ག་ལྟེ་གནས་ཁང་གིས་བོད་ནང་ནས་ལག་སོན་བྱུང་པའི་གྲངས་ཀ་ཙམ་ལས། འདི་ལས་མང་བའི་གནས་ཚུལ་ཕྱི་ཕྱོགས་སུ་མཁོ་སྤྲོད་མ་ཐུབ་པར་ལྷག་ཡོད་པའི་ཡིད་ཆེས་བྱེད་ཀྱི་ཡོད། དགེ་འདུན་པ་བློ་བཟང་སངས་རྒྱས་ནི་རྒྱ་ནག་དབང་སྒྱུར་གྲལ་རིམ་གྱིས་བཙན་འཛུལ་ས་བགོས་ལྟར་ན་དེང་གི་ཟི་ཁྲོན་ཞིང་ཆེན་རྔ་བ་རྫོང་རྔ་བ་ཀིརྟིའི་དགོན་པ་ནས་རེད་འདུག བཙོན་གྲོལ་བྱུང་རྗེས་སྔར་གནས་གྲྭ་ཤག་ཏུ་ལོག་ཡོད་འདུག

Continue Reading

༢༠༡༦ཟླ་༡༠ཚེས་༢༦ཉིན་གྱི་བོད་ནང་གི་དགོང་དྲོའི་ཆུ་ཚོད་༨ཡས་མས་སུ།  བླ་བྲང་བཀྲ་ཤིས་འཁྱིལ་ནས་ཡིན་པའི་དགེ་འདུན་པ་འཇིགས་མེད་རྒྱ་མཚོའམ།   ཡོངས་གྲགས་སུ་ཨ་ཁུ་འཇིགས་མེད་མགོ་རིལ་འབོད་པ་ཁོང་གློད་གྲོལ་གྱི་ཕྱིར་རང་ཁྱིམ་དུ་ལོག་འབྱོར་བྱུང་འདུག  འདི་ག་ལྟེ་གནས་ཁང་དུ་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན།     ༢༠༡༦ཟླ་༡༠ཚེས་༢༦ཉིན་དགེ་འདུན་པ་འཇིགས་མེད་རྒྱ་མཚོ།  ཀན་སུའི་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་གྱི་ཅན་ཡས་་(兰州大砂坪监狱 ) བཙོན་ཁང་ནས་གློད་གྲོལ་བཏང་འདུག    ཉིན་དེའི་ཞོགས་པར་བཙོན་ཁང་གི་འབྲེལ་ཡོད་ལས་བྱེད་ནས་འཇིགས་མེད་རྒྱ་མཚོ་ཡི་ནང་མིར་ཁ་པར་སླེབས་སྟེ།  ཉིན་དེའི་ཞོགས་པའི་ཆུ་ཚོད་བརྒྱད་དང་ཕྱེད་ཀའི་སྟེང་ཁོང་གློད་གྲོལ་བྱ་རྒྱུ་ཡིན་པས་ནང་མི་ལེན་དུ་ཤོག་ཅེས་ལན་བྱས་ཀྱང་།    ཡང་རྗེས་ནས་ནང་མི་ལན་ཀྲོ་རུ་ཡོང་རྒྱུར་བཀག་སྡོམ་དང་། ཡང་དགེ་འདུན་པ་འཇིགས་མེད་རྒྱ་མཚོ་ཕྱིར་ཁྱིམ་དུ་འབྱོར་སྐབས་ཁ་བཏགས་འཐེན་པ་དང་བརྙན་ལེན་པ།     ཁྱབ་བསྒྲགས་རིགས་བྱ་མི་ཆོག་ཅེས་བཀའ་བཏང་འདུག་པ་མ་ཟད།  ཉིན་དེའི་ཕྱི་དྲོ་ས་རུབ་ནས་མུན་ནག་ཆགས་པ་ན་གཞི་ནས་ཉེན་རྟོག་པའི་དམ་དྲག་འོག་འཇིགས་མེད་རྒྱ་མཚོ་ཁོང་གི་སྐྱེས་ཡུལ་ཕུག་སྡེ་ཡོད་པའི་ཁྱིམ་དུ་བསྐྱལ་འདུག  གོང་རིམ་ནས་བཀའ་བཏང་མིན་ལ་མ་ལྟས་པར་ཁོང་གི་ནང་མི་རྣམས་ཀྱིས་ཁ་བཏགས་འཐེན་ནས་ཕེབས་བསུ་ཞུས་ཙམ་ལས་ཕྱི་མི་རྣམས་སྣེ་ལེན་ལ་མཉམ་ཞུགས་བྱེད་དུ་བཅུག་མི་འདུག  ཡང་གོང་རིམ་ནས་འཇིགས་མེད་རྒྱ་མཚོ་ལ་གྲྭ་ཆས་གོན་མི་ཆོག་པ་དང་དགོན་པར་ལོག་མི་ཆོག་ཅེས་བཙན་བཀའ་བཏང་འདུག  ཡིན་ན་འང་།  བོད་ཀྱི་སྐྱ་སེར་སུ་ཡིན་རུང་། ཆབ་སྲིད་བཙོན་ཟུར་ཚོ་ཆོས་ལུགས་ཀྱི་བྱེད་སྒོ་ཁག་ཏུ་མཉམ་ཞུགས་དང་མཉམ་ལེན་བྱ་མི་ཆོག་པའི་བྱེད་སྲོལ་འདི་ནི་དེ་སྔོན་ནས་ལག་བསྟར་བྱེད་མུས་སུ་ཡོད། དཔེར་ན།  ཕྱི་ལོ་༢༠༡༤ཟླ་༥ནང་། བོད་རང་སྐྱོང་ལྗོངས་ཀྱི་མངའ་ཡུལ་ས་ཁུལ་དུ་ཡོད་པའི་ཀརྨ་དགོན་པའི་མཁན་པོ་བློ་གྲོས་རབ་གསལ་ཡང་དེ་སྔ་བྷོ་མི་བཙོན་ཁང་ནས་བཙོན་གྲོལ་ཐོབ་རྗེས། གོང་བཞིན་གྲྭ་ཆོས་གྱོན་མི་ཆོག་པ་དང་དགོན་པར་ལོག་མི་ཆོག་པ་བྱས་འདུག ཡང་གནས་ཚུལ་རྒྱུས་ལོན་བྱས་པ་ལྟར་ན།  དགེ་འདུན་པ་འཇིགས་མེད་རྒྱ་མཚོ་ལ་ལོ་ལྔའི་ཁྲིམས་ཆད་དུས་ཡུན་ནི་༢༠༡༦ཕྱི་ཟླ༨ཚེས༢༠ཉིན་ཚང་ཡོད་ནའང་དུས་ལྟར་གློད་གྲོལ་བྱས་མི་འདུག་པ་མ་ཟད། བཙོན་ཁང་དུ་ཡོད་སྐབས་ངལ་རྩོལ་ལས་ཀ་བྱས་པའི་སྐར་མ་ཞེས་བསགས་འཇོག་གི་སྒོ་ནས་བཙོན་འཇུག་གི་དུས་ཡུན་ཉུང་འཕྲི་བྱེད་སྲོལ་ཡོད་པ་བཞིན།      བྱེད་སྲོལ་དེ་ཉིད་ལག་བསྟར་བྱས་ཚེ། འཇིགས་མེད་རྒྱ་མཚོ་སྔ་ལོ་༢༠༡༥ཟླ་༢ ནང་བཙོན་གྲོལ་བྱ་དགོས་ནའང་།   གོང་རིམ་ནས་དེ་ལས་ལྡོག་ཏེ།   ཁོང་ལ་ནག་ཉེས་དོན་ཚན་དགུ་ཅན་གྱི་ཡིག་ཆ་ཞིག་བསྟན་ཏེ་དེ་ལ་འཛུབ་ཐེལ་རྒྱག་ཚེ་ཁོང་ཉིད་དུས་དེར་གློད་གྲོལ་བཏང་ངེས་ཞེས་ཆ་རྐྱེན་དགོས་འདུན་བཏོན་པར།   དགེ་འདུན་པ་འཇིགས་མེད་རྒྱ་མཚོ་ཡིས་  ” ངས་ནག་ཉེས་དེ་དག་གང་ཡང་བསགས་མེད་པས་དོན་ཚན་དེ་དག་ལ་ངོས་ལེན་གཏན་ནས་བྱེད་ཐབས་མེད་ཚུལ་དང་།  ཡང་ང་ལ་ལོ་ལྔའི་ཁྲིམས་ཆད་འདི་ཡང་དྲང་བདེན་གང་ཡང་མིན་”ཞེས་ལན་བྱས་འདུག དགེ་འདུན་པ་འཇིགས་མེད་རྒྱ་མཚོ་ལ་༢༠༡༡ཟླ་༨ཚེས་ཚེས་ཉིན་འཛིན་བཟུང་ཐེངས་བཞི་བ་དེ་བྱས་རྗེས།     དེ་ནས་བཟུང་ལོ་གསུམ་རིང་ཁྲིམས་ཆད་མ་བཅད་པར་སྨན་ཁང་སོགས་སུ་གསང་བའི་སྒོ་ནས་བཀག་སྡོམ་བྱས་འདུག   ཕྱི་ལོ་༢༠༡༢ཟླ་༡ཡས་མས་ལ་ཁོང་འཛིན་བཟུང་བྱས་པའི་ཡིག་ཆ་ལག་སོན་བྱུང་བ་བརྒྱུད་ཁོང་ལ་༼རྒྱལ་ཁབ་ཁ་བྲལ་༽ཞེས་ཉེས་འཛུགས་བྱས་པ་ཤེས་རྟོགས་བྱུང་ཡོད། འདི་ལོ་༢༠༡༦ཟླ་༣་ཟླ་མགོར་ཙམ་ལ།  ཁོང་གི་ནང་མི་གློ་བུར་ཁ་པར་འབྱོར་ཏེ།   འཇིགས་མེད་རྒྱ་མཚོ་ལན་ཀྲོ་ཅས་ཡན་སྨན་ཁང་  兰州大厦平监狱医院ཞེས་བཙོན་པའི་སྨན་ཁང་དུ་ཁྲིད་ཡོད་པའི་གནས་ཚུལ་བཤད་འདུག་ལ།  སྐབས་དེར་ནང་མིས་ཁོང་ལ་ན་ཚ་ག་རེ་ཡོད་མེད་དྲིས་ཀྱང་ལན་དུ་ཛ་དྲག་མ་རེད་ཅེས་པ་ལས་ན་ཚ་ཅི་ཡིན་གསལ་བཤད་བྱས་མེད་པ་བཞིན། འདི་ག་ལྟེ་གནས་ཁང་གིས་ད་ལྟ་དངོས་སུ་གློད་གྲོལ་བྱུང་བའི་དགེ་འདུན་པ་འཇིགས་མེད་རྒྱ་མཚོ་ཡི་གཟུགས་གཞིའི་གནས་སྟངས་ལ་སེམས་འཚབ་བྱུང་བ་མ་ཟད།    ཁོང་གི་ནང་མི་ལ་བཀག་སྡོམ་དང་སུན་བཙེར་གང་ཡང་མེད་པའི་ཐོག་ནས་ཁོང་ལ་སྨན་བཅོས་བྱེད་དུ་འཇུག་དགོས་ལ།   བཙོན་ཁང་ནས་མནར་གཅོད་དང་སྡུག་སྦྱོང་བྱས་པ་བརྒྱུད་ནས་བྱུང་བའི་ནད་ཚ་གང་ཡོད་ལ་འགན་ལེན་དང་ཀུན་གསེབ་འབྲེལ་ཡོད་ལས་ཁུངས་ནས་ཁུར་བྱས་དགོས་ཞེས་འབོད་སྐུལ་ཞུས་ཐོག  རྒྱ་གཞུང་གིས་འཕྲལ་མྱུར་ཁོང་དགོན་པར་ལོག་ནས་མུ་མཐུད་ཆོས་ལུགས་ཀྱི་བྱེད་སྒོ་ཁག་གི་ཆ་ཤས་ལེན་དུ་འཇུག་དགོས་ཞེས་ནན་བསྐུལ་ཞུ་ཡི་ཡོད། དགེ་འདུན་པ་འཇིགས་མེད་རྒྱ་མཚོ་་དེ་སྔ་ཕྱི་ལོ་༢༠༠༦ལོར་ཁོང་རྒྱ་གར་དུ་ཡོང་ནས་དུས་འཁོར་ཞུས་ནས་ཕར་བླ་བྲང་དུ་ལོག་པ་ན། ཁོང་ས་གནས་ཉེན་རྟོག་པས་འཇུ་བཟུང་གིས་ཉིན་༤༠ལྷག་ལ་བཀག་ཉར་གྱིས་འདྲི་བརྩད་བྱས་ཡོད། ༢༠༠༨ལོར་དགེ་འདུན་པ་འཇིགས་མེད་རྒྱ་མཚོ་ཡིས་ཨ་རིའི་རླུང་འཕྲིན་ཁང་དུ།  རང་ཉིད་དང་འབྲེལ་བའི་བརྙན་རིས་ཞིག་བསྐུར་པ་དང་། བརྙན་དེའི་ནང་དུ་ཁོང་འཇུ་བཟུང་བྱས་སྐབས་རྒྱ་གཞུང་གིས་མནར་གཅོད་དྲག་པོ་བཏང་བའི་གནས་ཚུལ་སྐོར་བརྗོད་ཡོད་ལ།     སྐབས་དེར་བཙོན་ཁང་ནང་ཁོང་ལ་ལག་ལྕགས་བརྒྱབ་པ་དང་།  གནམ་འདེགས་བརྒྱབ་པ། ཉེས་རྡུང་དྲག་པོ་བཏང་བ། ཡུན་རིང་ཁེར་རྐྱང་དུ་བཀག་སྡོམ་མནར་གཅོད་བཏང་བ་མ་ཟད། ཉིན་གཉིས་རིང་ཆུ་དང་ཟས་གང་ཡང་མ་སྤྲད་པར་ལྟོག་སྐོམ་མྱངས་བཅུགས་ཡོད་པ་རེད།   དེ་བཞིན། འདྲི་གཅོད་སྐབས་སུའང་གཅར་རྡུང་དྲག་པོ་བཏང་སྟེ་སྔ་ཕྱིར་ཐེངས་གཉིས་ལ་དྲན་པ་བརྒྱལ་བཅུགས་ཡོད་པ་དང་།  དེའི་ཁྲོད་ཐེངས་གཉིས་པ་དྲན་པ་བརྒྱལ་བཅུགས་པའི་སྐབས་སུ་དུས་ཡུན་ཉིན་ ༦ རིང་དྲན་པ་འཐོར་ཡོད་པ་རེད།  མཐའ་མ་ཁོང་དྲན་པ་སོས་དུས་ཕྱིར་ནང་མིའི་སར་བསྐྱལ་ཟིན་ཡོད་འདུག་པ།        ཡང་བརྙན་རིས་དེའི་ནང་།  རྒྱ་གཞུང་གིས་དགོན་པའི་བླ་སྤྲུལ་དག་ཚུད་པའི་གྲྭ་བཙུན་ ༡༨༠ ལྷག་འཇུ་བཟུང་བྱས་པ་མ་ཟད།  འཇུ་བཟུང་བྱས་པའི་བླ་སྤྲུལ་དང་གྲྭ་བཙུན་ཚོར་མེ་མདའི་ཡུ་བས་ཉེས་རྡུང་དང་།  རྐང་པའི་མཛུབ་མོའི་རྩེར་ཡར་ལངས་བཅུག་སྟེ་མནར་གཅོད་བཏང་བ། དེ་བཞིན། གསར་འགོད་པར་གནས་ཚུལ་བརྗོད་མཁན་གྲྭ་པ་ཚོར་ཉེས་རྡུང་དྲག་པོ་བཏང་སྟེ་རྐང་ལག་བཅག་པ་དང་།  ཁོང་ཚོའི་མགོ་དང་ཁ་ནང་ལ་གློག་རྒྱུགས་བཙུགས་ཏེ་ཀླད་པ་ཐང་བོ་མེད་པའི་སྨྱོན་པ་བཟོ་གྲབས་བྱས་ཡོད་པའི་སྐོར།  འཇིགས་ཞུམ་བྲལ་བའི་སྒོ་ནས་བརྙན་རིས་དེ་བརྒྱུད་ནས་འཛམ་གླིང་མི་མང་ལ་གསལ་བརྗོད་པ་རེད། བརྙན་རིས་དེ་ཕྱི་ལོག་ཏུ་བཀྲམས་ཏེ་ཟླ་གཅིག་གི་རྗེས་ལ།  དགེ་འདུན་པ་འཇིགས་མེད་རྒྱ་མཚོ་ཁོང་བླ་བྲང་དགོན་པ་ནས་ཕྱིར་འབུད་བཏང་ཡོད་པར་མ་ཟད།  རྒྱ་གཞུང་ཉེན་རྟོག་དམག་མི་ ༧༠ ལྷག་གིས་བླ་བྲང་དགོན་པའི་མཐའ་སྐོར་ཏེ་ཁོང་འཇུ་བཟུང་བྱས་ཡོད་ཀྱང་།  འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ལིས་ཧྥང་པེན་དང་ཅཱང་ཐེན་ཡུང་གཉིས་ཀྱི་རོགས་སྐྱོར་ལ་བརྟེན་ནས།    ཟླ་དྲུག་རྗེས་སུ་ཁོང་ཕྱིར་གློད་ཡོད་པ་རེད། འོན་ཀྱང་། ༢༠༡༡ ཕྱི་ཟླ་ ༨ པའི་ནང་བསྐྱར་ཐེངས་བཞི་པ་འཇུ་བཟུང་ཡོད། སྐབས་དེར་ཉེན་རྟོག་དམག་མི་ ༤༠ ལྷག་གིས་ཁོ་རང་སྡོད་སའི་མགྲོན་ཁང་གི་མཐའ་སྐོར་ཏེ་འཇུ་བཟུང་བྱས་ཡོད་པ་རེད།  གྲྭ་འཇིགས་མེད་རྒྱ་མཚོ་འཇུ་བཟུང་སྐབས་དེར།  ཟ་ཁང་ནང་ཡོད་པའི་གྲྭ་པ་དང་སློབ་ཕྲུག་ཚོས།    ཁོང་ཅིའི་ཕྱིར་འཇུ་བཟུང་བྱེད་ཀྱིན་ཡོད་མེད་དོགས་འདྲི་བྱས་ཡོད་ཀྱང་། ཉེན་རྟོག་པས་དེར་ལན་གང་ཡང་སྤྲད་མེད་པ་མ་ཟད། འཇིགས་མེད་རྒྱ་མཚོ་ལགས་མགྲོན་ཁང་དེའི་ནང་ཡོད་པ་ངོས་ལེན་བྱས་མེད་པ་རེད། ཡིན་ནའང་།  གྲྭ་འཇིགས་མེད་རྒྱ་མཚོ་འཇུ་བཟུང་རྗེས་ཀྱི་ཉིན་དེར།     ཉེན་རྟོག་པ་ ༥༠ ཙམ་གྱིས་བླ་བྲང་དགོན་པར་ཡོད་པའི་ཁོང་གི་གྲྭ་ཤག་ལ་སྔོག་བཤེར་བྱས་ཏེ།      ༧གོང་ས་མཆོག་གི་སྐུ་པར་དང་འོད་སྡེར།  ཁོང་གི་གློག་ཀླད་སོགས་འཕྲོག་འཁྱེར་བྱས་ཡོད་རེད། དགེ་འདུན་པ་འཇིགས་མེད་རྒྱ་མཚོ་འཇུ་བཟུང་རྗེས་རྒྱ་ནག་གཞུང་ནས་ཁོང་གནས་ཚུལ་སྐོར་ཅི་ཡང་ཕྱིར་བསྒྲགས་མེད་པར་གསང་སྦོས་བྱས་ཡོད་སྟབས།    ཕ་མ་དང་གཉེན་ཉེ་ཚོས་རྒྱ་གཞུང་གིས་ཁོང་ལ་སྨན་བཅོས་མཐུན་རྐྱེན་སྦྱོར་གྱིན་མེད་པའི་སེམས་ཁྲལ་བྱེད་ཀྱིན་ཡོད་པ་རེད། དེ་བཞིན།  ནང་མིས་ངོས་ནས་གླས་པའི་པེ་ཅིན་གྱི་ཁྲིམས་རྩོད་པ་ཝང་ཡ་ཅོན་དང་ཀྲང་ཁའེ་གཉིས་ཀྱིས།       དགེ་འདུན་པ་འཇིགས་མེད་རྒྱ་མཚོར་ཐུག་འཕྲད་ཀྱི་དགོས་འདུན་བཏོན་ཡོང་ཀྱང་། ས་གནས་རྒྱ་གཞུང་མགོ་ཁྲིད་ཚོས་ཆོག་མཆན་སྤྲད་མེད་པ་རེད། རྗེས་སུ་ཁྲིམས་རྩོད་པའི་ཤེས་རྟོགས་བྱུང་དོན་ལྟར་ན།  འཇིགས་མེད་རྒྱ་མཚོ་ལགས་ལ་རྒྱ་ནག་ཁྲིམས་ཁང་གིས།  ༼རྒྱལ་ཁབ་བྲལ་གྱི་ལས་འགུལ་སྤེལ་བའི༽ནག་ཉེས་བཙུགས་ཡོད་པ་དང་།    ༢༠༡༤  ལོའི་ལོ་མགོར་ཁྲིམས་ཐག་བཅད་ཡོད་པ་ཤེས་རྟོགས་བྱུང་འདུག  ཡིན་ནའང་།   ཁྲིམས་རྩོད་པ་རྣམ་པའི་ངོས་ནས་རྒྱ་གཞུང་གིས་གྲྭ་འཇིགས་མེད་རྒྱ་མཚོ་ལགས་ལ།  སྨན་བཅོས་མཐུན་རྐྱེན་སྦྱར་ཡོད་མེད་ཀྱི་གནས་ཚུལ་སྐོར་ཅི་ཡང་ཤེས་རྟོགས་བྱུང་མེད་པ་རེད།  དེར་བརྟེན། ཁོང་གི་ནང་མི་རྣམས་ཐབས་ཟད་ཨུ་ཐུག་གི་གནས་སུ་ལྷུང་སྟེ། མཐའ་མ་དེར་མཉམ་འབྲེལ་རྒྱལ་ཚོགས་ལ་ཞུ་གཏུགས་མི་བྱེད་ཐབས་མེད་ཆགས་འདུག ཨ་རིའི་རླུང་འཕྲིན་ཁང་ལ་བཏང་འབྱོར་བྱུང་བའི་བརྙན་རིས་དེའི་ནང་། དགེ་འདུན་པ་འཇིགས་མེད་རྒྱ་མཚོ་ཡིས།  རྒྱལ་སྤྱིའི་གསར་འགོད་པ་དང་མཉམ་འབྲེལ་རྒྱལ་ཚོགས་གཉིས་ཀྱི་ངོས་ནས།   བོད་ནང་རྟོགས་ཞིབ་ཆེད་མི་སྣ་གཏོང་དགོས་པའི་རེ་འདུན་བཏོན་ཡོད་པ་རེད།    དེ་བཞིན། ༢༠༡༢ ལོའི་ཕྱི་ཟླ་ ༡༡  བར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ཁག་ནས།  སྔ་ཕྱིར་རྒྱ་གཞུང་ལ་བོད་ནང་གཟིགས་རྟོགས་ཡོང་བའི་འབོད་སྐུལ་ཐེངས་ ༡༢ ཞུས་ཡོད་ཀྱང།  རྒྱ་གཞུང་གི་ངོས་ནས་དེར་ལན་འདེབས་ཇི་ཡང་བྱས་མེད་པ་རེད།

Continue Reading

to top