བོད་མདོ་ཁམས་རྟའུ་རྫོང་ཁང་སར་ཞང་དུ་བོད་མི་བསྟན་འཛིན་རྒྱ་མཚོ་ལགས་ཀྱིས་རྒྱ་གཞུང་གི་དྲག་གནོན་ལ་ཞི་བའི་ངོ་རྒོལ་གྱིས་ཞི་བའི་རང་ལུས་མེར་བསྲེགས་གནང་སྟེ་འདས་གྲོངས་སུ་གྱུར་ཡོད་འདུག
འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༢༠ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༨ ཙམ་ལ། བོད་མདོ་ཁམས་རྟའུ་རྫོང་ཁང་སར་ཞང་ཐོག་ཏུ་བོད་མི་བསྟན་འཛིན་རྒྱ་མཚོ་ལགས་ཀྱིས། རྒྱ་གཞུང་གིས་བོད་ནང་དྲག་གནོན་དབང་བསྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ཞི་བའི་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་འདས་གྲོངས་ཕྱིན་ཡོད་འདུག
བསྟན་འཛིན་རྒྱ་མཚོ་ལགས་ཀྱིས་ས་གནས་ཁང་སར་ཞང་ས་གནས་རྒྱ་གཞུང་གི་ཚོགས་ཁང་ཞིག་ཡོད་པ་དེའི་ཉེ་འགྲམ་ནས་རང་ལུས་མེར་བསྲེགས་གནང་ཡོད་པ་དང་། སྐབས་དེར་ས་གནས་མང་ཚོགས་མང་པོ་འདུ་འཛོམས་ཀྱིས་ཞི་བའི་སྐད་འབོད་ཀྱང་བྱས་ཡོད་འདུག ཡིན་ནའང་། དེ་མ་དག་རྒྱ་གཞུང་ཉེན་རྟོག་པ་དང་དྲག་ཆས་དམག་མི་ཕོན་ཆེན་འབྱོར་ཏེ་གང་བྱུང་མང་ཚོགས་ལ་གཅར་རྡུང་བྱེད་བཞིན། ཁོང་གི་སྐུ་ཕུང་ཉེན་རྟོག་པས་བཙན་འཕྲོག་གྱིས་ཁྱེར་ཡོད་པ་མ་ཟད། སྔ་ཕྱིར་དེ་གར་འདུ་འཛོམས་དང་ཞི་བའི་སྐད་འབོད་གནང་མཁན་མང་ཚོགས་མང་པོ་འཇུ་བཟུང་བཀག་ཉར་བྱས་ཡོད་འདུག
དེ་རིང་ཕྱི་ཚེས་ ༢༡ ཉིན་ས་གནས་རྒྱ་གཞུང་གིས་བསྟན་འཛིན་རྒྱ་མཚོ་ལགས་ཀྱི་ནང་མིར་བརྡ་བཏང་སྟེ། བསྟན་འཛིན་རྒྱ་མཚོ་ལགས་ད་ལྟ་གྲོངས་ཟིན་ཡོད་པ་དང་། ནང་མི་གཉིས་དར་རྩེ་མདོ་རུ་ཡོང་དགོས་སྐོར་བརྗོད་འདུག དེ་སྔོན་རྟའུ་རྫོང་དུ་བཙུན་མ་དབང་ཆེན་སྒྲོལ་མས་རང་ལུས་མེར་བསྲེགས་སྐབས། རྒྱ་གཞུང་གིས་ཁོང་གི་སྐུ་ཕུང་ནང་མིར་རྩིས་སྤྲོད་མ་བྱས་པར་གློག་གི་པུར་སྒམ་ནང་མེར་བསྲེགས་བཏང་ཡོད་པ་ལྟར། བསྟན་འཛིན་རྒྱ་མཚོ་ལགས་ཀྱི་སྐུ་ཕུང་ཡང་དེ་ལྟར་མེར་བསྲེགས་ཀྱིས་ནང་མིར་རྩིས་སྤྲོད་བྱེད་མི་སྲིད་པར་ས་གནས་མང་ཚོགས་ཀྱིས་ཚོད་དཔག་བྱེད་ཀྱིན་ཡོད་འདུག