རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་སུ་འབོད་པའི་ཁོངས་གཏོགས་སུ། འབྲི་རུ་རྫོང་ནི་དམིགས་བསལ་དམ་དྲག་བྱེད་བཞིན་པའི་ས་ཁུལ་ཞིག་ཆགས་ཡོད་སྟབས། དེ་གར་བྱུང་བཞིན་པའི་གནས་ཚུལ་མང་པོ་ཞིག་དུས་ཐོག་ཕྱི་ཕྱོགས་སུ་འབྱོར་ཐུབ་ཀྱི་མེད་པ་རེད། ཉེ་ཆར་ཤེས་རྟོགས་བྱུང་བ་ལྟར་ན་ས་གནས་དེ་གར་དགོན་པའི་ནང་བཙན་མ་ཕྱིར་འབུད་དང་། མང་ཚོགས་ཀྱི་ཁང་ཁྱིམ་དང་ས་ཞིང་བཙན་འཕྲོག་སོགས་ས་གནས་མང་ཚོགས་ལ་གཉའ་གནོན་གྱི་སྲིད་ཇུས་སྣ་ཚོགས་ཤིག་སྤེལ་བཞིན་ཡོད་འདུག
འདས་པའི་ལོ་འགའི་ནང་རྒྱ་གཞུང་གིས་འབྲི་རུ་རྫོང་ཁོངས་ཀྱི་དགོན་སྡེ་ཁག་མང་པོ་ཞིག་ནང་གྲྭ་བཙུན་རྣམས་ཕྱིར་འབུད་དང་། བོད་ཀྱི་ས་ཁུལ་གཞན་ནང་ཆོས་སློབ་གཉེར་ཆེད་བསྐྱོད་མཁན་གྲྭ་བཙུན་ཚོར་ཉེས་ཆད་དང་། བསམ་བཞིན་ཁོང་ཚོའི་ནང་མིའི་འཚོ་གནས་ལ་དཀའ་ངལ་བཟོ་བཞིན་ཡོད་པ་ལྟར། ཉེ་ཆར་འདི་ག་ལྟེ་གནས་ཁང་ལ་བསྐྱར་དུ་དེའི་སྐོར་གྱི་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༢༧ ཉིན་ (བོད་ཟླ་ ༨ ཚེས་ ༡༤ ཉིན) ནས་མགོ་བཙུགས་ཏེ་ཉིན་གསུམ་རིང་། འབྲི་རུ་རྫོང་དཔོན་སངས་རྒྱས་བཀྲ་ཤིས་ཟེར་བ་དེ་རྒྱ་ཤོད་བན་དཀར་ཤང་གི་ཁོངས་སུ་ཡོད་པའི་བྱ་མདའ་དགའ་ལྡན་མཁའ་སྤྱོད་གླིང་བཙུན་དགོན་དུ་སླེབས་ནས། དགོན་པ་དེ་གར་བཙུན་མ་ ༢༠༠ ཙམ་ཡོད་པའི་གྲས་ནས། བཙུན་མ་ ༡༠༠ སླར་ཡང་ཕྱིར་ཕུད་བཏང་ཡོད་པ་དང་། དེར་མ་ཟད། ད་ལྟའི་ཆར་ཤུལ་དུ་བཙུན་མ་བརྒྱ་ཙམ་ཡོད་པའི་གྲས་ནས་ཀྱང་། རྒྱ་གཞུང་གི་ཆོག་མཆད་སྤྲད་དེ་སྒྲིག་མཐུན་སྒོ་ནས་དགོན་པར་ཚོགས་ཞུགས་ཆོག་པའི་བཙུན་མའི་ཞལ་གྲངས་ ༤༩ ལ་ཚད་བཀག་བཟོས་ནས། དེ་འཕྲོས་ཀྱི་བཙུན་མ་ ༥༡ རྣམས་ཚོགས་ཞུགས་ཀྱིས་ཆོས་སློབ་གཉེར་གྱི་ཐོབ་ཐང་མེད་པར་དགོན་པའི་འཛིན་སྐྱོང་ཁྱབ་ཁོངས་ཀྱི་ཚོང་ཁང་དང་མགྲོན་ཁང་སོགས་སུ་ངལ་རྩོལ་གྱི་ལས་ཀ་བྱེད་འཇུག་གིན་ཡོད་པ་རེད། ད་དུང་། རྒྱ་གཞུང་གི་ཆོག་མཆན་གཞིར་བཟུང་དགོན་པའི་ཚོགས་ཞུགས་ཁོང་སུ་ཡོད་པའི་བཙུན་མ་རྣམས་ཀྱང་། རང་ལོ་ལྔ་བཅུ་ལ་སོན་རྗེས་མུ་མཐུད་དགོན་པ་ནས་བཞུགས་མི་ཆོག་པར། ཐད་ཀར་རྒས་གསོ་ཁང་དུ་བསྐྱོད་དགོས་པའི་སྒྲིག་གཞི་བཟོ་ཡོད་འདུག