མི་སྒེར་ཁེར་རྐྱང་གིས་ཞི་བའི་ངོ་རྒོལ་གོམ་བགྲོན་མཁན་གྲྭ་བློ་བཟང་བསྟན་པ་ལགས། ཉེ་ཆར་ལོ་གཉིས་ཀྱི་བཙོན་དུས་གཙང་སྟེ་ཟི་ཁྲོན་ཁྲིན་ཏུའུ་ནར་མ་སོན་པའི་ན་གཞོན་གྱི་བཙོན་ཁང་ཞིག་ནས་གློད་གྲོལ་བཏང་ཡོད་འདུག
ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༥ ཉིན། བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་བསྟན་པ་ལགས། ལོ་གཉིས་ཀྱི་བཙོན་འཇུག་དུས་ཡུན་གཙང་སྟེ་ཕྱིར་གློད་ཡོད་འདུག ཉེ་སྔོན་བོད་ནང་མི་སྒེར་རྐྱང་པས་ལག་ཏུ་༧གོང་ས་མཆོག་གི་སྐུ་པར་འཕྱར་བཞིན་ཁྲོམ་གཞུང་དུ་ཞི་བའི་ངོ་རྒོལ་གོམ་བགྲོད་བྱེད་མཁན་མང་པོ་བྱུང་དང་འབྱུང་བཞིན་པ་ལྟར། ཁོང་གིས་ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༢༦ ཉིན་རྔ་པ་རྫོང་མཁར་གྱི་གཞུང་ལམ་སྟེང་། ལག་གཉིས་ཀྱིས་༧གོང་ས་མཆོག་གི་སྐུ་པར་མགོ་ལ་འཕྱར་ཏེ་༼བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས།༽ ཞེས་ཞི་བའི་ངོ་རྒོལ་གོམ་བགྲོད་བྱས་པར་བརྟེན་ནས། རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བཙན་འཁྲིད་ཀྱིས་ཡུན་རིང་གར་སོང་ཆ་མེད་ཀྱི་གནས་སྟངས་ཆགས་མཐར། ལོ་དེའི་ཕྱི་ཟ་ ༡༡ ཚེས་ ༧ ཉིན་གྱི་སྔ་དྲོ་རྔ་པ་རང་སྐྱོང་ཁུལ་གྱི་སྲིད་འཛིན་ལྟེ་གནས་གྲོང་ཁྱེར་འབར་ཁམས་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། ༼རྒྱལ་ཁབ་ལ་ངོ་ལོག་གི་བྱ་སྤྱོད་སྤེལ་བའི་༽ཉེས་མིང་འོག་ལོ་ ༢ ཀྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་རེད། སྐབས་དེར་ནང་མིར་བརྡ་བརྒྱབ་སྟེ་ཁྲིམས་རར་ཟུར་ཉན་དུ་ཡོང་བཅུག་ཡོད་པ་ཙམ་ལས། སོ་སོ་སྒེར་དང་ནང་མིའི་ངོས་ནས་ཁྲིམས་རྩོད་པ་གླས་ཏེ་ཉེས་པ་དག་འབུལ་གྱི་གོ་སྐབས་གང་ཡང་སྤྲད་མེད་པ་རེད།