རྫ་དབོན་པོ་ནས་ཡང་བསྐྱར་བོད་མི་ ༥༣ ཙམ་འཇུ་བཟུང་བྱས་འདུག

འདི་ག་ལྟེ་གནས་ཁང་དུ་ཁུངས་ལྡན་གྱི་གནས་ཚུལ་འབྱོར་བ་ལྟར་ན་ཉེ་ཆར་བོད་ཁམས་ཕྱོགས་རྫ་ཆུ་ཁ་དབོན་པོ་སྡེ་པ་ནས་ཁ་པར་དང་ཁང་ཁྱིམ་སོགས་སུ་༧གོང་ས་མཆོག་གི་སྐུ་པར་ཉར་ཚགས་བྱས་པའི་རྐྱེན་གྱིས་ཟླ་འདིའི་ཚེས་༢༣ དང་ ༢༤ ཉིན་གཉིས་ཀྱི་ནང་བོད་མི་སྐྱ་སེར་ ༦༠ ཙམ་འཇུ་བཟུང་བཀག་ཉར་བྱས་པའི་གནས་ཚུལ་བྱུང་ཡོད་པ་དང་རྒྱ་ནག་གཞུང་གིས་དོན་མེད་བཙན་ཁྲིད་བྱས་པའི་བོད་མི་དེ་དག་གློད་གྲོལ་གཏོང་རྒྱུའི་ཚབ་ལ་ཚེས་ ༢༥ ནས་བཟུང་བོད་མི་ཚོའི་ཁ་པར་དང་ཁང་ཁྱིམ་རེ་རེ་བཞིན་བསྔོག་བཤེར་བྱས་ཏེ་ཉིན་གྲངས་ལྔ་ཙམ་གྱི་རིང་ལ་ཡང་བསྐྱར་སྐྱ་སེར་ ༥༣ ཙམ་བཙན་ཁྲིད་ཀྱིས་ཁྱོན་བསྡོམས་བདུན་ཕྲག་གཅིག་གི་ནང་ཚུན་ལ་མི་གྲངས་ ༡༡༣ ཙམ་འཇུ་བཟུང་བཀག་ཉར་བྱས་ཡོད་པ་རེད།   

འཇུ་བཟུང་བྱས་པའི་བོད་མི་རྣམས་བརྒྱ་ཆ་ ༩༩% ༧གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་བྱས་པ་དང་ཕྱི་ཕྱོགས་སུ་འབྲེལ་བ་བྱས་པའི་རྐྱེན་གྱི་ཡིན་པ་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་པས་འགྲེལ་བརྗོད་གནང་སོང་།  ཁ་སང་ཚེས་ ༣༡ ཉིན་དགེ་འདུན་པ་ཞིག་དང་བུད་མེད་ཅིག་གློད་གྲོལ་བཏང་ཡོད་པའི་གནས་ཚུལ་གོ་ཐོས་བྱུང་འདུག་ཅིང་དེ་མིན་འཇུ་བཟུང་བྱས་པའི་སྐྱ་སེར་རྣམས་ཉུང་མཐར་ཟླ་བ་གཅིག་ལ་བཀག་ཉར་བྱ་རྒྱུ་ཡིན་པའི་གནས་ཚུལ་ཞིག་སྤྱི་ཚོགས་སུ་ཁྱབ་ཡོད་པ་རེད། 

ཁ་སང་ཚེས་ ༣༡ ནས་བཟུང་རྫ་སྨད་ས་གནས་སྲིད་གཞུང་ལས་ཁུངས་སུ་རྫ་དབོན་པོ་དགོན་པར་དོ་དམ་ཆེད་བཙུགས་པའི་གཞུང་ལས་ཁང་ཟེར་བའི་འགན་ཁུར་འོག་ཉིན་ལྟར་ལོ་ན་ ༡༨ ཡན་གྱི་གྲྭ་བཙུན་ ༢༠ ཙམ་བཙན་གྱིས་འབོད་འགུག་བྱས་ཏེ་སོ་སོར་ནག་ཉེས་མེད་པ་དང་ཕྱི་ཕྱོགས་སུ་འབྲེལ་བ་བྱེད་མྱོང་མེད་པ། ཁ་པར་ནང་ནས་ཆབ་སྲིད་ཀྱི་སྐད་ཆ་བཤད་མྱོང་མེད་པ། རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་མེད་པ་སོགས་རང་རང་དག་འབུད་བྱེད་བཅུག་པ་དང་ཕྱིན་ཆད་དེ་རིགས་མི་བྱེད་པའི་ཁས་ལེན་བྱེད་བཅུག་གི་ཡོད་པ་རེད།  

རྒྱ་ནག་གཞུང་གིས་རྒྱུན་དུ་དྲིལ་བསྒྲགས་སྣ་ཚོགས་ཀྱི་ལམ་ནས་བོད་དུ་བདེ་སྐྱིད་ཡོད་པ་དང་བོད་མི་རྣམས་ལ་རང་དབང་ཡོད་ཚུལ་འགྲེལ་བརྗོད་བྱེད་ཀྱིན་ཡོད་མོད།  འོན་ཀྱང་དོན་ངོ་མར་བོད་ནང་གི་བོད་མི་ཚོར་འགྲོ་འདུག་དང་སྨྲ་བརྗོད་སོགས་ཀྱི་རང་དབང་ཡོད་པ་ཕར་ཞོག་མཐའ་ན་སོ་སོའི་དད་མོས་ཞུ་སའི་རྩ་བའི་བླ་མའི་སྐུ་པར་ཞིག་ཉར་ནའང་འདི་ལྟར་མནར་གཅོད་མྱོང་དགོས་འཁེལ་གྱི་ཡོད་པ་རེད།  གནས་ཚུལ་མཁོ་སྤྲོད་པའི་གསུང་པ་ལྟར་ན་༧གོང་ས་མཆོག་གི་སྐུ་པར་ལ་དམ་དྲག་བྱེད་པའི་གནས་ཚུལ་ནི་དབོན་པོ་སྡེ་པ་ཙམ་མ་ཡིན་པར་སེར་ཤུལ་རྫོང་ཁོངས་ཀྱི་སྡེ་པ་ཡོངས་ལ་འབྱུང་བཞིན་ཡོད་པ་དང་སྡེ་པ་གཞན་དག་ནས་ཀྱང་མི་འཇུ་བཟུང་བྱས་པའི་གནས་ཚུལ་ཐོན་གྱི་ཡོད་འདུག  

རྫ་དབོན་པོ་དགོན་གྲོང་གཉིས་ལ་རྒྱ་གཞུང་གིས་འདི་ལྟར་དམ་དྲག་བྱེད་དགོས་པའི་འབྱུང་རྩ་ནི་ཁ་སྔོན་ལྟེ་གནས་ཁང་གི་དྲྭ་ཚིགས་སུ་བཀོད་པ་ལྟར་ཕྱི་ལོ་ ༢༠༡༩ ལོའི་ས་གནས་བོད་མི་བདུན་གྱིས་རྒྱ་གཞུང་གི་གཡོ་སྒྱུ་ལ་འུ་ཐུག་ནས་ངོ་རྒོལ་བྱས་པ་དང་ ༢༠༢༡ ལོའི་འགོ་སྟོད་དུ་ཆབ་སྲིད་བཙོན་པ་གྲྭ་རྟ་མེ་ལགས་བཙོན་ཁང་གི་མནར་གཅོད་འོག་འདས་གྲོངས་སུ་གྱུར་བ་དང་དེར་ས་གནས་དམངས་ཚོགས་ནས་གདུང་སེམས་མཉམ་བསྐྱེད་ཀྱི་རྣམ་འགྱུར་ཤུགས་ཆེར་བསྟན་པ་སོགས་ཀྱི་རྒྱུ་མཚན་ལ་ཐུག་ཡོད་པ་རེད།  

རྒྱ་ནག་གཞུང་གིས་ཉེ་སྔོན་བོད་མི་སྐྱ་སེར་ ༦༠ ཙམ་དོན་མེད་དུ་འཇུ་བཟུང་བྱས་པ་རྣམས་གློད་གྲོལ་གཏོང་རྒྱུའི་ཚབ་ལ་སླར་ཡང་སྐྱ་སེར་ ༥༣ ཙམ་འཇུ་བཟུང་བྱས་པས་བྱ་སྤྱོད་འདི་ནི་ནམ་ཡང་ངོས་ལེན་བྱ་ཐབས་བྲལ་བ་ཡིན། འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་ནས་ཁང་ནས་ངོ་རྒོལ་དྲག་པོ་དང་བཅས་ཉེས་མེད་བོད་མི་དེ་དག་འཕྲལ་དུ་གློད་གྲོལ་གཏོང་དགོས་པ་དང་བོད་ནང་གི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་ངེས་པར་དུ་བརྩི་འཇོག་བྱེད་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན། 

to top