༧གོང་ས་མཆོག་གི་སྐུ་པར་ཉར་བའི་རྐྱེན་གྱིས་རྫ་དབོན་པོ་ནས་སྐྱ་སེར་དྲུག་ཅུ་ཙམ་འཇུ་བཟུང་བྱས་པ།

འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དུ་ཁུངས་ལྡན་གྱི་གནས་ཚུལ་འབྱོར་བ་ལྟར་ན་བོད་ཁམས་ཕྱོགས་རྫ་ཆུ་ཁ་དབོན་པོ་སྡེ་པ་རུ་ཁ་སྔོན་ཕྱི་ཚེས་༢༢ ཀྱི་སྔ་དགོང་གཉིས་ཀར་རྒྱ་ནག་གི་དམག་མི་ཕོན་ཆེན་སླེབས་ནས་ཚེས་ ༢༣ དང་ ༢༤ བར་འདྲི་རྩད་བྱ་རྒྱུ་ཡིན་ཚུལ་བཤད་དེ་སྐྱ་སེར་མི་གྲངས་དྲུག་ཅུ་ཙམ་སྤྱི་ལེ་ ༧༠ ཡས་མས་ཀྱི་ས་ན་ཡོད་པའི་སེར་ཤུལ་རྫོང་ཐོག་ཏུ་འཇུ་བཟུང་བཀག་ཉར་བྱས་ཡོད་པ་རེད། ད་ལྟའི་ཆར་དབོན་པོ་ཡུལ་ཚོར་དམ་དྲག་ནན་མོ་བྱས་ཏེ་དམག་མིས་མི་ཚང་རེ་རེ་བཞིན་བསྔོག་བཤེར་བྱེད་བཞིན་ཡོད་པ་དང་ཁ་སང་ཚེས་༢༥ཉིན་རྒྱལ་ཁབ་ཀྱི་ཁྲིམས་ངོ་སྤྲོད་བྱེད་ཀྱི་ཡིན་ཟེར་ནས་དམངས་ཚོགས་འདུ་སྐོང་བྱས་ཏེ་༧གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་མི་ཆོག་པ་དང་ཕྱི་ཕྱོགས་སུ་འབྲེལ་བ་བྱེད་མི་ཆོག་སོགས་ནན་བརྗོད་བྱས་ཡོད་པ་རེད།

རྫ་དབོན་པོ་ནས་འཇུ་བཟུང་བཀག་ཉར་བྱས་པའི་བོད་མི་ཚོའི་ཁྲོད་དུ་རླངས་འཁོར་གྱི་གནད་དོན་དང་འབྲེལ་བའི་མི་རེ་ཟུང་ཞིག་ཡོད་པ་མ་གཏོགས་དེ་མིན་ཕལ་ཆེ་བ་༧གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་བྱས་པའི་རྐྱེན་གྱིས་འཇུ་བཟུང་བྱས་པ་རེད་འདུག 

གནས་ཚུལ་མཁོ་སྤྲོད་གནང་མཁན་གྱིས་གནས་ཚུལ་འདིའི་འབྱུང་རྐྱེན་སྐོར་འགྲེལ་བརྗོད་གནང་དོན་ལྟར་ན་རྒྱ་ནག་གཞུང་གིས་འབྲོག་པ་གྲོང་བསྒྱུར་གྱི་ལས་གཞིའི་ཁྲོད་དུ་བོད་ཀྱི་འབྲོག་པ་ཚོའི་སྲོལ་རྒྱུན་གྱི་འཚོ་བར་བརྡབ་གསིག་ཚབས་ཆེན་བཏང་ཡོད། ལྷག་པར་དུ་ཉེ་བའི་ལོ་ཤས་རིང་དབོན་པོ་ཡུལ་ཚོ་སོགས་ལ་དབུལ་པོ་ཕྱུག་གྱུར་ཟེར་བའི་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་བའི་ནང་ཡུལ་མི་སྐྱོ་པོ་ཚོར་གཞན་གྱི་ས་ནས་ཁྱིམ་ཆས་སོགས་གཡར་ཏེ་པར་བླངས་ནས་ཁོང་ཚོའི་འཚོ་བ་ཇེ་ལེགས་སུ་བཏང་ཡོད་ཚུལ་གྱི་ཁྱབ་བསྒྲགས་བྱས་པ་དང་ཡུལ་མི་ཚོར་གུང་ཁྲན་ཏང་བཀའ་དྲིན་ཆེན་པོ་ཡིན་ཚུལ་ཤོད་དགོས་པའི་སྐུལ་མ་བཏང་བར་སུས་ཀྱང་ཉན་འཇོག་མ་བྱས་པར་བརྟེན་མཐར་མི་ཚང་ཉམ་ཆུང་རེ་ཟུང་ལ་མགོ་སྐོར་བཏང་སྟེ་དེ་འདྲ་བཤད་བཅུགས་ནས་བརྙན་ཐུང་ཁྱབ་བསྒྲགས་བྱས་ཡོད་པ་རེད།

རྒྱ་ནག་གཞུང་གི་དངོས་བདེན་མ་ཡིན་པའི་དྲིལ་བསྒྲགས་དང་མགོ་སྐོར་བསླུ་བྲིད་རིགས་ལ་ས་གནས་བོད་མི་ཚོ་འུ་ཐུག་ནས་ཕྱི་ལོ་ ༢༠༡༩ ལོ་མཇུག་ཏུ་དབོན་པོ་ཡུལ་ཚོའི་ཐོག་བོད་མི་སྐྱ་སེར་བདུན་གྱིས་བོད་རང་བཙན་དགོས་པའི་ཡིག་ཆ་བཀྲམས་པ་དང་སྐད་འབོད་བྱས་ཡོད་པ་རེད། ཁོང་རྣམས་འཛིན་བཟུང་བྱས་ཏེ་རྡུང་རྡེག་དྲག་པོ་བཏང་མཐར་ལོ་གཅིག་ནས་ལྔ་བར་གྱི་བཙོན་འཇུག་ཁྲིམས་ཆད་བཏང་ཡོད། དེའི་ནང་ནས་གྲྭ་བསྟན་འཛིན་ཉི་མའམ་རྟ་མེ་ལགས་ལ་བཙོན་ཁང་དུ་མནར་གཅོད་དྲག་པོ་ཐེབས་པའི་རྐྱེན་གྱིས་འདི་ལོའི་ཕྱི་ཟླ་དང་པོའི་ཚེས་ ༡༩ ཉིན་འདས་གྲོངས་སུ་གྱུར་བ་རེད། གྲྭ་རྟ་མེ་ལགས་གྲོངས་རྗེས་ས་གནས་ཡུལ་མི་མང་པོས་དྲྭ་ལམ་དུ་རྩོམ་ཡིག་བྲིས་པ་སོགས་བྱས་ནས་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་འགྱུར་ཤུགས་ཆེར་བསྟན་པས་ཕྱི་ཟླ་གསུམ་པའི་ནང་སླར་ཡང་རྒྱ་ནག་གཞུང་གིས་དམག་མི་ཕོན་ཆེན་བཏང་སྟེ་དབོན་པོ་དགོན་གྲོང་གཉིས་ལ་དམ་དྲག་ནན་པོ་བྱས་པ་མ་ཟད་གྲྭ་བཙུན་བཞི་བཅུ་ཡས་མས་ཤིག་འབོད་འགུག་གིས་ཉིན་གྲངས་མང་པོར་སློབ་གསོ་གཏོང་བ་དང་ཡུལ་ཚོའི་སྟེང་༧གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་མི་ཆོག་པ་དང་ཏང་གི་བཀའ་དྲིན་ཚོར་དགོས་པ་སོགས་འཁོད་པའི་དོན་ཚང་ལྔ་ཅན་གྱི་ཡིག་ཆ་ཞིག་ལ་བཙན་ཤེད་ཀྱིས་མིང་རྟགས་འགོད་དུ་བཅུག་ཡོད། མ་ཟད་སྐབས་དེར་བོད་མི་ཚོའི་ཁང་ཁྱིམ་དང་ཁ་པར་སོགས་སུ་བསྔོག་བཤེར་བྱས་ནས་༧གོང་ས་མཆོག་གི་སྐུ་པར་ཉར་མཁན་ཚོའི་ཐོ་གཞུང་བསྡུས་ཡོད་པ་རེད། 

ཁ་སྔོན་འཇུ་བཟུང་བཀག་ཉར་བྱས་པའི་སྐྱ་སེར་ཕལ་ཆེ་བ་ནི་དེ་སྔོན་ཕྱི་ཟླ་གསུམ་པའི་ནང་དམ་དྲག་བྱེད་སྐབས་ཁ་པར་དང་ཁང་ཁྱིམ་སོགས་སུ་༧གོང་ས་མཆོག་གི་སྐུ་པར་ཉར་ཚགས་བྱེད་མཁན་ཚོ་ཡིན་ཞིང་དེའི་ནང་ཆབ་སྲིད་བཙོན་ཟུར་གྲྭ་ཆོས་མཆོག་སོགས་ཀྱང་ཡོད་པ་རེད།

རྒྱ་ནག་གཞུང་གིས་རྒྱུན་དུ་བོད་མི་ཚོའི་དངོས་ཡོད་གནས་སྟངས་ཐད་དྲིལ་བསྒྲགས་ལོག་པ་བྱེད་པ་དང་བོད་མི་ཚོའི་ཆོས་དད་རང་དབང་དང་བསམ་བློའི་རང་དབང་སོགས་ལ་བརྩི་བཀུར་རྩ་ནས་མེད་པར་བོད་ཀྱི་ཆོས་ཕྱོགས་ཀྱི་དབུ་ཁྲིད་མཐོ་ཤོས་༧གོང་ས་མཆོག་གི་སྐུ་པར་ཉར་བར་ཉེས་ཆད་གཏོང་བ་དང་། བཙན་དབང་དང་བསླུ་བྲིད་ཀྱིས་གུང་ཁྲན་ཏང་བཀའ་དྲིན་ཆེ་རབས་ཤོད་བཅུགས་པ།  བོད་མི་ཚོའི་གསང་རྒྱའི་ཐོབ་ཐང་ལ་བརྩི་བཀུར་མི་བྱེད་པར་ཁང་ཁྱིམ་དང་ཁ་པར་སོགས་སུ་གང་བྱུང་བསྔོག་བཤེར་གཏོང་བ་བཅས་ནི་འགྲོ་བ་མིའི་ཐོབ་ཐང་དང་ཡོངས་སུ་འགལ་བ་ཡིན་པས་འདི་རིགས་ཀྱི་བྱ་སྤྱོད་མཐའ་དག་འཕྲལ་དུ་མཚམས་འཇོག་དགོས་པ་དང་ད་ལན་འཇུ་བཟུང་བཀག་ཉར་བྱས་པའི་རྫ་དབོན་པོའི་སྐྱ་སེར་རྣམས་འཕྲལ་དུ་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན། 

to top