བདུན་ཕྲག་སྔོན་མའི་ནང་དུ། བལ་ཡུལ་ནས་རྒྱ་གར་དུ་གནས་མཇལ་དུ་ཡོང་བཞིན་པའི་བོད་མི་༤༡་ལ་རྒྱ་གར་དུ་ཡོང་ཆོག་པའི་ཡིག་ཆ་ཏག་ཏག་མེད་པའི་དབང་གིས། བལ་རྒྱ་གཉིས་ཀྱི་ས་མཚམས་དང་རྒྱ་གར་གྱི་གནས་ཆེན་ཁག་ཏུ་སླེབས་རྒྱུར་སྤྱི་ལེ་༡༠ཡོད་པའི་ས་ཆ་རྡེན་གྷ་ཏི་ཞེས་པ་ནས་བལ་ཡུལ་གྱི་ཉེན་རྟོག་པས་འཇུ་བཟུང་བཀག་ཉར་བྱས་འདུག སྤྱི་ཚེས་༡༤ནས་ཕྱི་ཚེས་༡༦བར་ཉིན་གསུམ་རིང་བཀག་ཉར་འཐེབ་པའི་བོད་མི་༤༡ཁྲོད་དུ། མི་གྲངས་༣༩ཡིས་རྒྱ་གཞུང་གི་ཕྱི་སྐྱོད་ལག་ཁྱེར་ཁུར་མཁན་དང་རྒྱ་གར་གྱི་སྡོད་གནས་ལག་ཁྱེར་ཡོད་མཁན་བོད་མི་༢་བཅས། སྔ་ཕྱི་བལ་ཡུལ་གཞུང་དང་གནས་སྤོ་འགྲོ་འོང་ལས་ཁུངས་(Department of Immigration. )ངོས་ནས་ཡར་མར་རྩིས་སྤྲོད་ཀྱི་སྒོ་ནས་ཚང་མ་དངོས་སུ་གློད་གྲོལ་བྱུང་འདུག བལ་ཡུལ་དུ་འཛིན་བཟུང་བྱས་པའི་སྔ་ཕྱི་རུ་བོད་མི་གནས་མཇལ་བ་རྣམས་ཀྱི་དཀའ་ངལ་སྣ་མང་ཞིག་འཕྲད་འདུག རྒྱ་གཞུང་གིས་བོད་མི་རྒྱ་གར་དུ་གནས་མཇལ་དང་ལྷག་པར་དུས་འཁོར་དབང་ཆེན་ལ་ཡོང་རྒྱུར་ལ་བསྟུད་མར་དམ་དྲག་དང་སུན་གཙེར་ཇེ་ཆེར་འགྲོ་མུས་ཡོད། ༧གོང་ས་མཆོག་གི་རྒྱ་གར་གྱི་པྷེ་ཧར་ཞེས་པའི་བྱང་ཤར་དུ་ཡོད་པའི་རྡོ་རྗེ་གདན་དུ་ཡོང་འགྱུར་གྱི་ལོ་༢༠༡༧ཟླ་༡པའི་ཚེས་༣ནས་༡༤བར་དུས་དབང་གནང་གི་ཡོད། བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཧོར་རན་(HURON )ནས་རྒྱུས་ལོ་བྱས་པ་ལྟར་ན། རྒྱ་གཞུང་གིས་གལ་སྲིད་བོད་མི་རྣམས་ལ་རྒྱ་གར་དུ་སོང་ཆོག་པའི་ཕྱི་སྐྱོད་ལག་ཁྱེར་ཡོད་པ་ཤེས་རྟོགས་བྱུང་ཚེ། ཕར་ལོག་རྗེས་ཁྲིམས་ཆད་ཟླ་༦ནས་ལོ་༥ གཅོད་ངེས་རེད་ཅེས་བཤད་འདུག བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཧོར་རན་(HURON )ངོས་ནས་ཀ་ཐི་མན་ཌུ་རུ་ཡོད་པའི་གནས་སྤོས་འགྲོ་འོང་ལས་ཁུངས་ལ་བོད་མི་རྣམས་བཀག་ཉར་ཁང་དུ་མངགས་གཏོང་མི་ཡོང་བའི་རེ་བསྐུལ་ཞུས་མིན་ལ་མ་ལྟས་པར། ཕྱི་ཚེས་༡༥་ཉིན་རྒྱབ་ཆུ་ཚོད་བཞི་དང་ཕྱེད་ཀའི་སྟེང་། འགྲོ་འོང་ལས་ཁུངས་ཀྱི་ངོས་ནས་བོད་མི་གནས་མཇལ་བའི་ཁྲོད་ནས་སྐྱེས་པ་༢༤ རྡ་ལི་པྰ་ཛེར་སྰ་ཀྲོག་ཧོར་( Dilibazar Sadakhor)བཀག་ཉར་ཁང་དུ་བསྐྱལ་ཞིང་། དེའི་ཁྲོད་ཀྱི་བུད་མེད་༡༧་འགྲོ་འོང་ལས་ཁུངས་སུ་བཀག་ནས་བཞག་འདུག ཟླ་འདིའི་ཕྱི་ཚེས་༡༦ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༦དང་སྐར་མ་༡༥ སྟེང་། བོད་ནས་ཡོང་བའི་བོད་མི་༣༩རྣམས་བལ་ཡུལ་གྱི་རྒྱ་མིའི་གཞུང་ཚབ་ཁང་གི་འབྲེལ་ཡོད་ལས་བྱེད་ཡོང་ནས་ལག་ཁྱེར་ར་འཕྲོད་ཀྱིས་གློད་གྲོལ་བྱས་འདུག་ལ། ཕྱི་ཚེས་༡༧ཉིན་རྒྱ་གར་གྱི་གཞུང་ཚབ་མི་སྣས་རྒྱ་གར་གྱི་ལག་ཁྱེར་ཁྱེར་བའི་བོད་མི་གཉིས་ར་འཕྲོད་ཁག་ཐེག་སྒོ་ནས་གློད་གྲོལ་བྱུང་འདུག དེའང་བལ་ཡུལ་གཞུང་ལ་རྒྱ་ནག་གི་ཤུགས་རྐྱེན་བསྟུད་མར་ཇེ་ཆེ་རུ་འགྲོ་བཞིན་པ་དང་། ལྷག་པར་བལ་བོད་ས་མཚམས་ཀྱི་བདེ་འཇགས་ས་ཚིགས་ལྟ་སྲུང་ཁང་གང་རྒྱག་ལ་རྒྱ་གཞུང་ངོས་ནས་འགྲོ་གྲོན་ལྷུག་གཏོང་བྱས་དབང་གིས། སྔ་ཕྱི་རུ་བོད་མི་༧གོང་ས་མཆོག་མཇལ་བཅར་དུ་ཡོང་མཁན་ཆོས་ཞུ་བ་དང་གནས་མཇལ་བ། སློབ་སྦྱོང་བྱེད་དུ་འོང་བ་སུ་ཡིན་ལ་བལ་ཡུལ་བརྒྱུད་རྒྱ་གར་དུ་ཡོང་མཁན་རྣམས་བལ་དམག་གིས་འཇུ་བཟུང་གིས་ཕར་རྒྱ་མིར་རྩིས་སྤྲོད་བྱས་པ་བྱུང་ཡོད་ལ།…
རྒྱ་གར་དུ་གནས་མཇལ་དུ་ཡོང་བཞིན་པའི་བོད་མི་༤༡། ལམ་བར་གྱི་ཇ་ཁང་ཞིག་ཏུ་ཇ་འཐུང་བཞིན་པའི་སྐབས་སུ། རྡན་ག་ཏི་ས་གནས་ཉེན་རྟོག་པས་བཀག་ཉར་བྱས་འདུག ༢༠༡༦ཟླ་༡༡ཚེས་༡༤ཉིན་ནས་ཕྱི་ཚེས་༡༦བར་བཀག་ཉར་འཐེབ་པའི་བོད་མི་༤༡ཁྲོད་དུ། མི་གྲངས་༣༩ཡིས་རྒྱ་གཞུང་གི་ཕྱི་སྐྱོད་ལག་ཁྱེར་ཁུར་མཁན་དང་རྒྱ་གར་གྱི་སྡོད་གནས་ལག་ཁྱེར་ཡོད་མཁན་བོད་མི་༢་བཅས། ཚང་མ་དངོས་སུ་གློད་གྲོལ་བྱུང་འདུག འདི་ག་ལྟེ་གནས་ཁང་དུ་བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་(HURON )ཟླ་འདིའི་ཕྱི་ཚེས་༡༦ཉིན་བརྡ་ལན་བྱས་པ་ལྟར་ན། རྡེན་གྷ་ཏི་ས་གནས་ཉེན་རྟོག་པས་བོད་མི་འཇུ་བཟུང་བ་རྣམས་ཆུ་ཚོད་༢ རྗེས་ཀ་ལི་ལ་ས་གནས་གནས་སྤོས་འགྲོ་འོང་ལས་ཁུངས་(Department of Immigration. )རྩིས་སྤྲོད་དང་། ས་གནས་གནས་སྤོས་ལས་ཁུངས་དེས་ཀ་ཐི་མན་ཌུ་རུ་(Kathmandu )ཡོད་པའི་གནས་སྤོས་འགྲོ་འོང་ལས་ཁུངས་སུ་རྩིས་སྤྲོད་བྱས་འདུག རྒྱ་གར་དུ་གནས་མཇལ་དུ་ཡོང་བཞིན་པའི་བོད་མི་རྣམས་ཀྱིས་རང་རང་གི་ཕྱི་སྐྱོད་ལག་ཁྱེར་བལ་ཡུལ་གྱི་ངོ་ཤེས་ཤིག་ཏུ་བཅོལ་བ་ལས་ཁྱེར་མེད་པའི་ཐད། བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཧོར་རན་(HURON )ནས་རྒྱུས་ལོ་བྱས་པ་ལྟར་ན། རྒྱ་གཞུང་གིས་གལ་སྲིད་བོད་མི་རྣམས་ལ་རྒྱ་གར་དུ་སོང་ཆོག་པའི་ཕྱི་སྐྱོད་ལག་ཁྱེར་ཡོད་པ་ཤེས་རྟོགས་བྱུང་ཚེ། ཕར་ལོག་རྗེས་ཁྲིམས་ཆད་ཟླ་༦ནས་ལོ་༥ གཅོད་ངེས་རེད་ཅེས་བཤད་འདུག བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཧོར་རན་(HURON )ངོས་ནས་ཀ་ཐི་མན་ཌུ་རུ་ཡོད་པའི་གནས་སྤོས་འགྲོ་འོང་ལས་ཁུངས་ལ་བོད་མི་རྣམས་བཀག་ཉར་ཁང་དུ་མངགས་གཏོང་མི་ཡོང་བའི་རེ་བསྐུལ་ཞུས་མིན་ལ་མ་ལྟས་པར། ཕྱི་ཚེས་༡༥་ཉིན་རྒྱབ་ཆུ་ཚོད་བཞི་དང་ཕྱེད་ཀའི་སྟེང་། འགྲོ་འོང་ལས་ཁུངས་ཀྱི་ངོས་ནས་བོད་མི་གནས་མཇལ་བའི་ཁྲོད་ནས་སྐྱེས་པ་༢༤ རྡ་ལི་པྰ་ཛེར་སྰ་ཀྲོག་ཧོར་( Dilibazar Sadakhor)བཀག་ཉར་ཁང་དུ་བསྐྱལ་ཞིང་། དེའི་ཁྲོད་ཀྱི་བུད་མེད་༡༧་འགྲོ་འོང་ལས་ཁུངས་སུ་བཀག་ནས་བཞག་འདུག ཟླ་འདིའི་ཕྱི་ཚེས་༡༦ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༦དང་སྐར་མ་༡༥ སྟེང་། བོད་ནས་ཡོང་བའི་བོད་མི་༣༩རྣམས་བལ་ཡུལ་གྱི་རྒྱ་མིའི་གཞུང་ཚབ་ཁང་གི་འབྲེལ་ཡོད་ལས་བྱེད་ཡོང་ནས་ལག་ཁྱེར་ར་འཕྲོད་ཀྱིས་གློད་གྲོལ་བྱས་འདུག་ལ། ཕྱི་ཚེས་༡༧ཉིན་རྒྱ་གར་གྱི་གཞུང་ཚབ་མི་སྣས་རྒྱ་གར་གྱི་ལག་ཁྱེར་ཁྱེར་བའི་བོད་མི་གཉིས་ར་འཕྲོད་ཁག་ཐེག་སྒོ་ནས་གློད་གྲོལ་བྱུང་འདུག…
ཟླ་འདིའི་ཕྱི་ཚེས་༡༢ཉིན། ཨ་མདོ་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་སངས་རྒྱས་ལགས་མེན་ཡང་བཙོན་ཁང་ནས་བཙོན་གྲོལ་ཐོབ་ཀྱང་དང་ཕྱིར་ལོག་སྣེ་ལེན་སོགས་གནང་མ་བཅུག་པར་བཀག་སྡོམ་བྱས་འདུག དགེ་འདུན་པ་བློ་བཟང་སངས་རྒྱས་གློད་གྲོལ་རྗེས་སྒྲོན་པའི་པར་དང་དེ་སྔ་འཛིན་བཟུང་སྐབས་ཀྱི་པར་གཉིས་བསྡུར་ན། དེ་སྔ་དང་མི་འདྲ་བར། དགེ་འདུན་པ་ཁོང་སྐུ་ཤ་སྐམ་རིད་ཆགས་ཐོག་མིག་ཤེལ་གྱོན་པ་གསལ་ལ། བརྒྱུད་ལམ་ཁག་ལྟར་ན་ཁོང་གི་དྲན་པའང་མི་གསལ་པའི་གནས་ཚུལ་ཐོན་འདུག འདི་ག་ལྟེ་གནས་ཁང་གི་དེ་སྔ་གནས་ཚུལ་བཏོན་གསལ་ལྟར་ན། དགེ་འདུན་པ་ཁོང་ནི་ཕྱི་ལོ་༢༠༡༢ཟླ་༨ཚེས་༢༧ཉིན་རང་ལུས་མེ་བསྲེགས་གནང་མཁན་དགེ་འདུན་པ་བློ་བཟང་སྐལ་བཟང་དང་འབྲེལ་ནས། རྒྱ་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་པ་རེད་འདུག ཡང་བཙན་བྱོལ་གྱི་བརྒྱུད་ལམ་ཁག་ལྟར་ན། རྒྱ་གཞུང་གིས་དེ་སྔ་དགེ་འདུན་པ་བློ་བཟང་སངས་རྒྱས་ཐེངས་མང་འཛིན་བཟུང་བྱས་མྱངས་འདུག་ལ། ཁོང་གིས་༧གོང་ས་མཆོག་གི་སྐུ་པར་དང་བཀའ་སློབ་སོགས་བསྐྱར་པར་གྱིས་འགྲེམས་སྤེལ་དང་ཚོང་སྒྱུར་བྱས་པའི་དབང་གིས་སླར་ཡང་འཛིན་བཟུང་བཀག་ཉར་གྱིས་ཁྲིམས་ཐག་བཅད་པ་རེད་ཅེས་ཁུལ་དེའི་ཡུལ་མིས་ཚོད་དཔག་བྱེད་ཀྱི་ཡོད་པ་གསལ་འདུག རྒྱ་གཞུང་གིས་བོད་མིའི་སྟེང་དུས་རྒྱུན་ཤུགས་ཆེར་དམ་དྲག་དང་། ལྷག་པར་ཕྱི་ཕྱོགས་ལ་གནས་ཚུལ་མཁོ་འདོན་གྱི་དྲ་རྒྱའི་དོན་དམ་ཤུགས་དྲག་བྱས་རྐྱེན་གྱིས། ཕྱི་ལོ་༢༠༡༢ཟླ་༨ཚེས་༢༨ཉིན། དགེ་འདུན་པ་བློ་བཟང་སངས་རྒྱས་ལགས་འཛིན་བཟུང་བཀག་ཉར་བྱས་པ་ནས་ད་ལྟའི་བར་ལོ་ངོ་༤ཕྱིན་ཞིང་། དགེ་འདུན་པ་ཁོང་ལ་ཁྲིམས་འགལ་ཉེས་ཆད་ཅི་ཞིག་བཅད་མིན་དང་། ཁྲིམས་ཐག་བཅད་པའི་དུས་ཚོད་སོགས་གསལ་ཁ་གང་ཡང་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད། དེ་བས་འདི་ག་ལྟེ་གནས་ཁང་གི་ཆབ་སྲིད་བཙོན་པའི་མིང་གཞུང་ཐོ་འགོད་སྡེ་ཚན་གྱིས། བོད་ནང་དུ་ཕྱི་ལོ་༢༠༠༩ནས་ད་ལྟའི་བར་(༢༠༡༦།༡༡།༡༧)རང་ལུས་མེར་བསྲེགས་གནང་མཁན་༡༤༥དང་། རང་ལུས་མེར་བསྲེགས་གནང་མཁན་ལ་ངན་སྐུལ་དང་། རང་ལུས་མེར་བསྲེགས་གནང་མཁན་གྱི་གནས་ཚུལ་ཕྱི་བསྒྲགས་བྱས་སོང་སོགས་རྒྱ་གཞུང་གིས་མ་ཉེས་ཁ་གཡོག་འོག བོད་མི་༨༧་ལྷག་བཙོན་འཇུག་ཁྲིམས་ཆད་བྱས་ཡོད་པ་ཐོ་བཀོད་བྱས་འདུག ལྷག་པར་ཕྱི་ལོ་༢༠༡༢ནང་གཅིག་པུ་རང་ལུས་མེ་བསྲེགས་གནང་མཁན་གྲངས་༨༥་བྱུང་ཡོད། དེ་ནི་འདི་ག་ལྟེ་གནས་ཁང་གིས་བོད་ནང་ནས་ལག་སོན་བྱུང་པའི་གྲངས་ཀ་ཙམ་ལས། འདི་ལས་མང་བའི་གནས་ཚུལ་ཕྱི་ཕྱོགས་སུ་མཁོ་སྤྲོད་མ་ཐུབ་པར་ལྷག་ཡོད་པའི་ཡིད་ཆེས་བྱེད་ཀྱི་ཡོད། དགེ་འདུན་པ་བློ་བཟང་སངས་རྒྱས་ནི་རྒྱ་ནག་དབང་སྒྱུར་གྲལ་རིམ་གྱིས་བཙན་འཛུལ་ས་བགོས་ལྟར་ན་དེང་གི་ཟི་ཁྲོན་ཞིང་ཆེན་རྔ་བ་རྫོང་རྔ་བ་ཀིརྟིའི་དགོན་པ་ནས་རེད་འདུག བཙོན་གྲོལ་བྱུང་རྗེས་སྔར་གནས་གྲྭ་ཤག་ཏུ་ལོག་ཡོད་འདུག
༢༠༡༦ཟླ་༡༠ཚེས་༢༦ཉིན་གྱི་བོད་ནང་གི་དགོང་དྲོའི་ཆུ་ཚོད་༨ཡས་མས་སུ། བླ་བྲང་བཀྲ་ཤིས་འཁྱིལ་ནས་ཡིན་པའི་དགེ་འདུན་པ་འཇིགས་མེད་རྒྱ་མཚོའམ། ཡོངས་གྲགས་སུ་ཨ་ཁུ་འཇིགས་མེད་མགོ་རིལ་འབོད་པ་ཁོང་གློད་གྲོལ་གྱི་ཕྱིར་རང་ཁྱིམ་དུ་ལོག་འབྱོར་བྱུང་འདུག འདི་ག་ལྟེ་གནས་ཁང་དུ་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ༢༠༡༦ཟླ་༡༠ཚེས་༢༦ཉིན་དགེ་འདུན་པ་འཇིགས་མེད་རྒྱ་མཚོ། ཀན་སུའི་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་གྱི་ཅན་ཡས་་(兰州大砂坪监狱 ) བཙོན་ཁང་ནས་གློད་གྲོལ་བཏང་འདུག ཉིན་དེའི་ཞོགས་པར་བཙོན་ཁང་གི་འབྲེལ་ཡོད་ལས་བྱེད་ནས་འཇིགས་མེད་རྒྱ་མཚོ་ཡི་ནང་མིར་ཁ་པར་སླེབས་སྟེ། ཉིན་དེའི་ཞོགས་པའི་ཆུ་ཚོད་བརྒྱད་དང་ཕྱེད་ཀའི་སྟེང་ཁོང་གློད་གྲོལ་བྱ་རྒྱུ་ཡིན་པས་ནང་མི་ལེན་དུ་ཤོག་ཅེས་ལན་བྱས་ཀྱང་། ཡང་རྗེས་ནས་ནང་མི་ལན་ཀྲོ་རུ་ཡོང་རྒྱུར་བཀག་སྡོམ་དང་། ཡང་དགེ་འདུན་པ་འཇིགས་མེད་རྒྱ་མཚོ་ཕྱིར་ཁྱིམ་དུ་འབྱོར་སྐབས་ཁ་བཏགས་འཐེན་པ་དང་བརྙན་ལེན་པ། ཁྱབ་བསྒྲགས་རིགས་བྱ་མི་ཆོག་ཅེས་བཀའ་བཏང་འདུག་པ་མ་ཟད། ཉིན་དེའི་ཕྱི་དྲོ་ས་རུབ་ནས་མུན་ནག་ཆགས་པ་ན་གཞི་ནས་ཉེན་རྟོག་པའི་དམ་དྲག་འོག་འཇིགས་མེད་རྒྱ་མཚོ་ཁོང་གི་སྐྱེས་ཡུལ་ཕུག་སྡེ་ཡོད་པའི་ཁྱིམ་དུ་བསྐྱལ་འདུག གོང་རིམ་ནས་བཀའ་བཏང་མིན་ལ་མ་ལྟས་པར་ཁོང་གི་ནང་མི་རྣམས་ཀྱིས་ཁ་བཏགས་འཐེན་ནས་ཕེབས་བསུ་ཞུས་ཙམ་ལས་ཕྱི་མི་རྣམས་སྣེ་ལེན་ལ་མཉམ་ཞུགས་བྱེད་དུ་བཅུག་མི་འདུག ཡང་གོང་རིམ་ནས་འཇིགས་མེད་རྒྱ་མཚོ་ལ་གྲྭ་ཆས་གོན་མི་ཆོག་པ་དང་དགོན་པར་ལོག་མི་ཆོག་ཅེས་བཙན་བཀའ་བཏང་འདུག ཡིན་ན་འང་། བོད་ཀྱི་སྐྱ་སེར་སུ་ཡིན་རུང་། ཆབ་སྲིད་བཙོན་ཟུར་ཚོ་ཆོས་ལུགས་ཀྱི་བྱེད་སྒོ་ཁག་ཏུ་མཉམ་ཞུགས་དང་མཉམ་ལེན་བྱ་མི་ཆོག་པའི་བྱེད་སྲོལ་འདི་ནི་དེ་སྔོན་ནས་ལག་བསྟར་བྱེད་མུས་སུ་ཡོད། དཔེར་ན། ཕྱི་ལོ་༢༠༡༤ཟླ་༥ནང་། བོད་རང་སྐྱོང་ལྗོངས་ཀྱི་མངའ་ཡུལ་ས་ཁུལ་དུ་ཡོད་པའི་ཀརྨ་དགོན་པའི་མཁན་པོ་བློ་གྲོས་རབ་གསལ་ཡང་དེ་སྔ་བྷོ་མི་བཙོན་ཁང་ནས་བཙོན་གྲོལ་ཐོབ་རྗེས། གོང་བཞིན་གྲྭ་ཆོས་གྱོན་མི་ཆོག་པ་དང་དགོན་པར་ལོག་མི་ཆོག་པ་བྱས་འདུག ཡང་གནས་ཚུལ་རྒྱུས་ལོན་བྱས་པ་ལྟར་ན། དགེ་འདུན་པ་འཇིགས་མེད་རྒྱ་མཚོ་ལ་ལོ་ལྔའི་ཁྲིམས་ཆད་དུས་ཡུན་ནི་༢༠༡༦ཕྱི་ཟླ༨ཚེས༢༠ཉིན་ཚང་ཡོད་ནའང་དུས་ལྟར་གློད་གྲོལ་བྱས་མི་འདུག་པ་མ་ཟད། བཙོན་ཁང་དུ་ཡོད་སྐབས་ངལ་རྩོལ་ལས་ཀ་བྱས་པའི་སྐར་མ་ཞེས་བསགས་འཇོག་གི་སྒོ་ནས་བཙོན་འཇུག་གི་དུས་ཡུན་ཉུང་འཕྲི་བྱེད་སྲོལ་ཡོད་པ་བཞིན། བྱེད་སྲོལ་དེ་ཉིད་ལག་བསྟར་བྱས་ཚེ། འཇིགས་མེད་རྒྱ་མཚོ་སྔ་ལོ་༢༠༡༥ཟླ་༢ ནང་བཙོན་གྲོལ་བྱ་དགོས་ནའང་། གོང་རིམ་ནས་དེ་ལས་ལྡོག་ཏེ། ཁོང་ལ་ནག་ཉེས་དོན་ཚན་དགུ་ཅན་གྱི་ཡིག་ཆ་ཞིག་བསྟན་ཏེ་དེ་ལ་འཛུབ་ཐེལ་རྒྱག་ཚེ་ཁོང་ཉིད་དུས་དེར་གློད་གྲོལ་བཏང་ངེས་ཞེས་ཆ་རྐྱེན་དགོས་འདུན་བཏོན་པར། དགེ་འདུན་པ་འཇིགས་མེད་རྒྱ་མཚོ་ཡིས་ ” ངས་ནག་ཉེས་དེ་དག་གང་ཡང་བསགས་མེད་པས་དོན་ཚན་དེ་དག་ལ་ངོས་ལེན་གཏན་ནས་བྱེད་ཐབས་མེད་ཚུལ་དང་། ཡང་ང་ལ་ལོ་ལྔའི་ཁྲིམས་ཆད་འདི་ཡང་དྲང་བདེན་གང་ཡང་མིན་”ཞེས་ལན་བྱས་འདུག དགེ་འདུན་པ་འཇིགས་མེད་རྒྱ་མཚོ་ལ་༢༠༡༡ཟླ་༨ཚེས་ཚེས་ཉིན་འཛིན་བཟུང་ཐེངས་བཞི་བ་དེ་བྱས་རྗེས། དེ་ནས་བཟུང་ལོ་གསུམ་རིང་ཁྲིམས་ཆད་མ་བཅད་པར་སྨན་ཁང་སོགས་སུ་གསང་བའི་སྒོ་ནས་བཀག་སྡོམ་བྱས་འདུག ཕྱི་ལོ་༢༠༡༢ཟླ་༡ཡས་མས་ལ་ཁོང་འཛིན་བཟུང་བྱས་པའི་ཡིག་ཆ་ལག་སོན་བྱུང་བ་བརྒྱུད་ཁོང་ལ་༼རྒྱལ་ཁབ་ཁ་བྲལ་༽ཞེས་ཉེས་འཛུགས་བྱས་པ་ཤེས་རྟོགས་བྱུང་ཡོད། འདི་ལོ་༢༠༡༦ཟླ་༣་ཟླ་མགོར་ཙམ་ལ། ཁོང་གི་ནང་མི་གློ་བུར་ཁ་པར་འབྱོར་ཏེ། འཇིགས་མེད་རྒྱ་མཚོ་ལན་ཀྲོ་ཅས་ཡན་སྨན་ཁང་ 兰州大厦平监狱医院ཞེས་བཙོན་པའི་སྨན་ཁང་དུ་ཁྲིད་ཡོད་པའི་གནས་ཚུལ་བཤད་འདུག་ལ། སྐབས་དེར་ནང་མིས་ཁོང་ལ་ན་ཚ་ག་རེ་ཡོད་མེད་དྲིས་ཀྱང་ལན་དུ་ཛ་དྲག་མ་རེད་ཅེས་པ་ལས་ན་ཚ་ཅི་ཡིན་གསལ་བཤད་བྱས་མེད་པ་བཞིན། འདི་ག་ལྟེ་གནས་ཁང་གིས་ད་ལྟ་དངོས་སུ་གློད་གྲོལ་བྱུང་བའི་དགེ་འདུན་པ་འཇིགས་མེད་རྒྱ་མཚོ་ཡི་གཟུགས་གཞིའི་གནས་སྟངས་ལ་སེམས་འཚབ་བྱུང་བ་མ་ཟད། ཁོང་གི་ནང་མི་ལ་བཀག་སྡོམ་དང་སུན་བཙེར་གང་ཡང་མེད་པའི་ཐོག་ནས་ཁོང་ལ་སྨན་བཅོས་བྱེད་དུ་འཇུག་དགོས་ལ། བཙོན་ཁང་ནས་མནར་གཅོད་དང་སྡུག་སྦྱོང་བྱས་པ་བརྒྱུད་ནས་བྱུང་བའི་ནད་ཚ་གང་ཡོད་ལ་འགན་ལེན་དང་ཀུན་གསེབ་འབྲེལ་ཡོད་ལས་ཁུངས་ནས་ཁུར་བྱས་དགོས་ཞེས་འབོད་སྐུལ་ཞུས་ཐོག རྒྱ་གཞུང་གིས་འཕྲལ་མྱུར་ཁོང་དགོན་པར་ལོག་ནས་མུ་མཐུད་ཆོས་ལུགས་ཀྱི་བྱེད་སྒོ་ཁག་གི་ཆ་ཤས་ལེན་དུ་འཇུག་དགོས་ཞེས་ནན་བསྐུལ་ཞུ་ཡི་ཡོད། དགེ་འདུན་པ་འཇིགས་མེད་རྒྱ་མཚོ་་དེ་སྔ་ཕྱི་ལོ་༢༠༠༦ལོར་ཁོང་རྒྱ་གར་དུ་ཡོང་ནས་དུས་འཁོར་ཞུས་ནས་ཕར་བླ་བྲང་དུ་ལོག་པ་ན། ཁོང་ས་གནས་ཉེན་རྟོག་པས་འཇུ་བཟུང་གིས་ཉིན་༤༠ལྷག་ལ་བཀག་ཉར་གྱིས་འདྲི་བརྩད་བྱས་ཡོད། ༢༠༠༨ལོར་དགེ་འདུན་པ་འཇིགས་མེད་རྒྱ་མཚོ་ཡིས་ཨ་རིའི་རླུང་འཕྲིན་ཁང་དུ། རང་ཉིད་དང་འབྲེལ་བའི་བརྙན་རིས་ཞིག་བསྐུར་པ་དང་། བརྙན་དེའི་ནང་དུ་ཁོང་འཇུ་བཟུང་བྱས་སྐབས་རྒྱ་གཞུང་གིས་མནར་གཅོད་དྲག་པོ་བཏང་བའི་གནས་ཚུལ་སྐོར་བརྗོད་ཡོད་ལ། སྐབས་དེར་བཙོན་ཁང་ནང་ཁོང་ལ་ལག་ལྕགས་བརྒྱབ་པ་དང་། གནམ་འདེགས་བརྒྱབ་པ། ཉེས་རྡུང་དྲག་པོ་བཏང་བ། ཡུན་རིང་ཁེར་རྐྱང་དུ་བཀག་སྡོམ་མནར་གཅོད་བཏང་བ་མ་ཟད། ཉིན་གཉིས་རིང་ཆུ་དང་ཟས་གང་ཡང་མ་སྤྲད་པར་ལྟོག་སྐོམ་མྱངས་བཅུགས་ཡོད་པ་རེད། དེ་བཞིན། འདྲི་གཅོད་སྐབས་སུའང་གཅར་རྡུང་དྲག་པོ་བཏང་སྟེ་སྔ་ཕྱིར་ཐེངས་གཉིས་ལ་དྲན་པ་བརྒྱལ་བཅུགས་ཡོད་པ་དང་། དེའི་ཁྲོད་ཐེངས་གཉིས་པ་དྲན་པ་བརྒྱལ་བཅུགས་པའི་སྐབས་སུ་དུས་ཡུན་ཉིན་ ༦ རིང་དྲན་པ་འཐོར་ཡོད་པ་རེད། མཐའ་མ་ཁོང་དྲན་པ་སོས་དུས་ཕྱིར་ནང་མིའི་སར་བསྐྱལ་ཟིན་ཡོད་འདུག་པ། ཡང་བརྙན་རིས་དེའི་ནང་། རྒྱ་གཞུང་གིས་དགོན་པའི་བླ་སྤྲུལ་དག་ཚུད་པའི་གྲྭ་བཙུན་ ༡༨༠ ལྷག་འཇུ་བཟུང་བྱས་པ་མ་ཟད། འཇུ་བཟུང་བྱས་པའི་བླ་སྤྲུལ་དང་གྲྭ་བཙུན་ཚོར་མེ་མདའི་ཡུ་བས་ཉེས་རྡུང་དང་། རྐང་པའི་མཛུབ་མོའི་རྩེར་ཡར་ལངས་བཅུག་སྟེ་མནར་གཅོད་བཏང་བ། དེ་བཞིན། གསར་འགོད་པར་གནས་ཚུལ་བརྗོད་མཁན་གྲྭ་པ་ཚོར་ཉེས་རྡུང་དྲག་པོ་བཏང་སྟེ་རྐང་ལག་བཅག་པ་དང་། ཁོང་ཚོའི་མགོ་དང་ཁ་ནང་ལ་གློག་རྒྱུགས་བཙུགས་ཏེ་ཀླད་པ་ཐང་བོ་མེད་པའི་སྨྱོན་པ་བཟོ་གྲབས་བྱས་ཡོད་པའི་སྐོར། འཇིགས་ཞུམ་བྲལ་བའི་སྒོ་ནས་བརྙན་རིས་དེ་བརྒྱུད་ནས་འཛམ་གླིང་མི་མང་ལ་གསལ་བརྗོད་པ་རེད། བརྙན་རིས་དེ་ཕྱི་ལོག་ཏུ་བཀྲམས་ཏེ་ཟླ་གཅིག་གི་རྗེས་ལ། དགེ་འདུན་པ་འཇིགས་མེད་རྒྱ་མཚོ་ཁོང་བླ་བྲང་དགོན་པ་ནས་ཕྱིར་འབུད་བཏང་ཡོད་པར་མ་ཟད། རྒྱ་གཞུང་ཉེན་རྟོག་དམག་མི་ ༧༠ ལྷག་གིས་བླ་བྲང་དགོན་པའི་མཐའ་སྐོར་ཏེ་ཁོང་འཇུ་བཟུང་བྱས་ཡོད་ཀྱང་། འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ལིས་ཧྥང་པེན་དང་ཅཱང་ཐེན་ཡུང་གཉིས་ཀྱི་རོགས་སྐྱོར་ལ་བརྟེན་ནས། ཟླ་དྲུག་རྗེས་སུ་ཁོང་ཕྱིར་གློད་ཡོད་པ་རེད། འོན་ཀྱང་། ༢༠༡༡ ཕྱི་ཟླ་ ༨ པའི་ནང་བསྐྱར་ཐེངས་བཞི་པ་འཇུ་བཟུང་ཡོད། སྐབས་དེར་ཉེན་རྟོག་དམག་མི་ ༤༠ ལྷག་གིས་ཁོ་རང་སྡོད་སའི་མགྲོན་ཁང་གི་མཐའ་སྐོར་ཏེ་འཇུ་བཟུང་བྱས་ཡོད་པ་རེད། གྲྭ་འཇིགས་མེད་རྒྱ་མཚོ་འཇུ་བཟུང་སྐབས་དེར། ཟ་ཁང་ནང་ཡོད་པའི་གྲྭ་པ་དང་སློབ་ཕྲུག་ཚོས། ཁོང་ཅིའི་ཕྱིར་འཇུ་བཟུང་བྱེད་ཀྱིན་ཡོད་མེད་དོགས་འདྲི་བྱས་ཡོད་ཀྱང་། ཉེན་རྟོག་པས་དེར་ལན་གང་ཡང་སྤྲད་མེད་པ་མ་ཟད། འཇིགས་མེད་རྒྱ་མཚོ་ལགས་མགྲོན་ཁང་དེའི་ནང་ཡོད་པ་ངོས་ལེན་བྱས་མེད་པ་རེད། ཡིན་ནའང་། གྲྭ་འཇིགས་མེད་རྒྱ་མཚོ་འཇུ་བཟུང་རྗེས་ཀྱི་ཉིན་དེར། ཉེན་རྟོག་པ་ ༥༠ ཙམ་གྱིས་བླ་བྲང་དགོན་པར་ཡོད་པའི་ཁོང་གི་གྲྭ་ཤག་ལ་སྔོག་བཤེར་བྱས་ཏེ། ༧གོང་ས་མཆོག་གི་སྐུ་པར་དང་འོད་སྡེར། ཁོང་གི་གློག་ཀླད་སོགས་འཕྲོག་འཁྱེར་བྱས་ཡོད་རེད། དགེ་འདུན་པ་འཇིགས་མེད་རྒྱ་མཚོ་འཇུ་བཟུང་རྗེས་རྒྱ་ནག་གཞུང་ནས་ཁོང་གནས་ཚུལ་སྐོར་ཅི་ཡང་ཕྱིར་བསྒྲགས་མེད་པར་གསང་སྦོས་བྱས་ཡོད་སྟབས། ཕ་མ་དང་གཉེན་ཉེ་ཚོས་རྒྱ་གཞུང་གིས་ཁོང་ལ་སྨན་བཅོས་མཐུན་རྐྱེན་སྦྱོར་གྱིན་མེད་པའི་སེམས་ཁྲལ་བྱེད་ཀྱིན་ཡོད་པ་རེད། དེ་བཞིན། ནང་མིས་ངོས་ནས་གླས་པའི་པེ་ཅིན་གྱི་ཁྲིམས་རྩོད་པ་ཝང་ཡ་ཅོན་དང་ཀྲང་ཁའེ་གཉིས་ཀྱིས། དགེ་འདུན་པ་འཇིགས་མེད་རྒྱ་མཚོར་ཐུག་འཕྲད་ཀྱི་དགོས་འདུན་བཏོན་ཡོང་ཀྱང་། ས་གནས་རྒྱ་གཞུང་མགོ་ཁྲིད་ཚོས་ཆོག་མཆན་སྤྲད་མེད་པ་རེད། རྗེས་སུ་ཁྲིམས་རྩོད་པའི་ཤེས་རྟོགས་བྱུང་དོན་ལྟར་ན། འཇིགས་མེད་རྒྱ་མཚོ་ལགས་ལ་རྒྱ་ནག་ཁྲིམས་ཁང་གིས། ༼རྒྱལ་ཁབ་བྲལ་གྱི་ལས་འགུལ་སྤེལ་བའི༽ནག་ཉེས་བཙུགས་ཡོད་པ་དང་། ༢༠༡༤ ལོའི་ལོ་མགོར་ཁྲིམས་ཐག་བཅད་ཡོད་པ་ཤེས་རྟོགས་བྱུང་འདུག ཡིན་ནའང་། ཁྲིམས་རྩོད་པ་རྣམ་པའི་ངོས་ནས་རྒྱ་གཞུང་གིས་གྲྭ་འཇིགས་མེད་རྒྱ་མཚོ་ལགས་ལ། སྨན་བཅོས་མཐུན་རྐྱེན་སྦྱར་ཡོད་མེད་ཀྱི་གནས་ཚུལ་སྐོར་ཅི་ཡང་ཤེས་རྟོགས་བྱུང་མེད་པ་རེད། དེར་བརྟེན། ཁོང་གི་ནང་མི་རྣམས་ཐབས་ཟད་ཨུ་ཐུག་གི་གནས་སུ་ལྷུང་སྟེ། མཐའ་མ་དེར་མཉམ་འབྲེལ་རྒྱལ་ཚོགས་ལ་ཞུ་གཏུགས་མི་བྱེད་ཐབས་མེད་ཆགས་འདུག ཨ་རིའི་རླུང་འཕྲིན་ཁང་ལ་བཏང་འབྱོར་བྱུང་བའི་བརྙན་རིས་དེའི་ནང་། དགེ་འདུན་པ་འཇིགས་མེད་རྒྱ་མཚོ་ཡིས། རྒྱལ་སྤྱིའི་གསར་འགོད་པ་དང་མཉམ་འབྲེལ་རྒྱལ་ཚོགས་གཉིས་ཀྱི་ངོས་ནས། བོད་ནང་རྟོགས་ཞིབ་ཆེད་མི་སྣ་གཏོང་དགོས་པའི་རེ་འདུན་བཏོན་ཡོད་པ་རེད། དེ་བཞིན། ༢༠༡༢ ལོའི་ཕྱི་ཟླ་ ༡༡ བར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ཁག་ནས། སྔ་ཕྱིར་རྒྱ་གཞུང་ལ་བོད་ནང་གཟིགས་རྟོགས་ཡོང་བའི་འབོད་སྐུལ་ཐེངས་ ༡༢ ཞུས་ཡོད་ཀྱང། རྒྱ་གཞུང་གི་ངོས་ནས་དེར་ལན་འདེབས་ཇི་ཡང་བྱས་མེད་པ་རེད།
ཟླ་༡༠ཚེས་༢༤ ཉིན་ནས་རྒྱ་གཞུང་གིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ཞེས་ལོ་འཁོར་ཚོགས་འདུ་འཚོགས་འགོ་བཙུགས་ཡོད། དེ་ནི་ཏང་ཡན་རྒན་པ་ཁག་ཅིག་ནས་རྒྱ་གཞུང་གི་ཆབ་སྲིད་གནས་སྟངས་དང་ཁྲིམས་སྒྲིག་ཚད་གཞི་གཏན་འབེབས་བྱ་རྒྱུ་དེ་རེད། འདི་ནི་ཞིས་ཅིན་ཕིང་རྒྱ་གཞུང་གི་སྲིད་འཛིན་གྱི་ཁུར་འགན་བླང་རྗེས་འཚོགས་པའི་གྲོས་ཚོགས་ཐེངས་གསུམ་པ་དེ་ཆགས་ཤིང་། ཁོང་གིས་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་སྒྱུར་བཅོས་གྱི་རྣམ་པ་ཅུང་ཟད་ཡོད་ཁུལ་བྱས་ཀྱང་། དོན་དངོས་སུ་སྒྱུར་བཅོས་ཀྱི་གོ་རིམ་དུ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ཟེར་བ་དེ་གཉིས་ལ་ལེགས་བཅོས་ཀྱི་མིང་ཙམ་ལས་དོན་ཕན་ལྡན་པ་གང་ཡང་བྱུང་མེད། གྲོས་ཚོགས་འཚོགས་འདུ་འདི་ཉིད་མ་འཚོགས་སྔོན་གྱི་བདུན་ཕྲག་གཉིས་ཀྱི་གོང་དུ་༼ཉེས་དོན་གཏུག་བཤེར་བཅའ་ཁྲིམས་སྒྱུར་བཅོས་ཁྲིམས་འཆར་༽ཞེས་པའི་སྒྱུར་བཅོས་ཡིག་ཆ་ཞིག་དྲིལ་བསྒྲགས་བྱས་ཡོད། དེ་ནི་དེ་སྔའི་གྲོས་ཚོགས་ཀྱི་སྒྱུར་བཅོས་བྱས་སྟངས་དང་གཅིག་མཚུངས་ཡིན་ལ། སྔར་བཞིན་འགྲོ་བ་མིའི་ཐོབ་ཐང་ཐད་དོན་དངོས་བརྩི་སྲུང་དང་ལེགས་བཅོས་གང་ཡང་མི་འབྱུང་། ཕྱི་ལོ་༢༠༡༣ཟླ་༡༡་ཚེས་༩ནས་༡༢་བར་འཚོགས་པའི་ཀྲུང་ཨུ་ཚོང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྐབས་སུ། ངལ་རྩོལ་སྒྱུར་བཀོད་ཐད་ཕྱི་ཕྱོགས་ནས་སྐྱོན་བརྗོད་ཤུགས་ཆེར་སླེབས་པ་བརྟེན་ནས། ངལ་རྩོལ་སྒྱུར་བཀོད་ཞེས་པ་མཚམས་འཇོག་བྱས། ཡིན་ནའང་། ངལ་རྩོལ་སྒྱུར་བཀོད་ཀྱི་མིང་ཙམ་སྒྱུར་བཅོས་བཏང་བ་མ་གཏོགས། དོན་དངོས་སུ་ཁྲིམས་འགལ་གྱི་སྒོ་ནས་འཇུ་བཟུང་བཀག་ཉར་དང་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཞེས་པའི་གནས་སྟངས་ཐད་གྱུར་བ་གང་ཡང་ཕྱིན་མེད་པར། མུ་མཐུད་གནས་མུས་སུ་ཡོད། དེ་མཚུངས་སུ་ཕྱི་ལོ་༢༠༡༤ཟླ་༡༠་ཚེས་༢༤ཉིན་གྲོས་ཚོགས་ཐེངས་བཞི་བ་བརྒྱུད། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུར་ཡར་རྒྱས་བཀོད་སྒྲིག་བྱས་ངེས་ཞེས་ཁས་ལེན་བྱས་ཡོད་ཀྱང་། དེ་ནས་ཟླ་བ་༩སོང་མཚམས་སུ། རྒྱ་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཁྲིམས་རྩོད་པ་དང་ཁྲིམས་མཐུན་རོགས་པ་བྱེད་མཁན། ལས་འགུལ་བ་བཅས་༢༥༠ལྷག་ཙམ་བཀག་ཉར་བྱས། དེ་ནི་ཕྱི་ལོ་༡༩༨༩ལོའི་གནམ་སྡེ་སྒོ་མོ་ཆེ་ཡི་དྲག་གནོན་རྗེས་ཀྱི་ཛ་དྲག་རྒོལ་རྡུང་ཆེ་ཤོས་དེ་ཆགས་ཡོད། ཟླ་འདིའི་ཕྱི་ཚེས་༡༠ཉིན། རྒྱ་གཞུང་གི་ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་ཞིབ་དཔྱོད་ཁང་། སྤྱི་བདེ་ལྷན་ཁང་བཅས་ཀྱི་ངོས་ནས་༼ཉེས་དོན་གཏུག་བཤེར་བཅའ་ཁྲིམས་༽ལ་སྒྱུར་བཅོས་ཀྱི་ཁྲིམས་འཆར་ཅིག་དྲིལ་བསྒྲགས་བྱས། དོན་ཚན་༢༡ ཅན་གྱི་ཁྲིམས་འཆར་དེར། ཕྱོགས་ཡོངས་ནས་ཁྲིམས་ལྟར་ཁྲིམས་ར་འཚོགས་པ་དང་། ཁྲིམས་ཆད་གཅོད་པ་དང་ཁྲིམས་བཤེར་གྱི་སྒོ་ནས་བདེན་དཔུང་ར་སྤྲོད་ཕྱི་གསལ་ནང་གསལ་བྱེད་དགོས་པ་སོགས་ཁྲིམས་ཀྱི་གཞི་རྩའི་ལམ་སྲོལ་ཁག་ལ་དོ་སྣང་དང་། ཁྲིམས་ལྟར་བྱེད་རྒྱུའི་རྣམ་འགྱུར་བསྟན། ཡིན་ནའང་། རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞི་རྩའི་ཉེས་དོན་སྲིད་ཁྲིམས་ལམ་ལུགས་ལེགས་པོ་མེད་ས་ན། སྒྱུར་བཅོས་ཁྲིམས་འཆར་གྱི་འགྱུར་བ་གང་ཡང་གཏོང་མི་ཐུབ། ཁྲིམས་འཆར་དོན་ཚན་༡༧པར། གྱོད་དོན་མི་སྣའམ་གྱོད་ཡ་རང་ཉིད་ཉེས་མེད་སྒྲུབ་པའི་ཐོབ་ཐང་ཡོད་པ་གསལ་ཡང་། ཡང་དོན་ཚན་༡༨དང་༡༩བའི་ནང་དུ། གྱོད་དོན་དག་སེལ་པ་དང་། གཞུང་གཏུག་འཁྲུན་གཅོད་རྩིས་མེད་སོགས་ལ་ཁྲིམས་འགལ་གྱི་ཉེས་གཅོད་འདི་དང་འདི་ཡོད་ཅེས་བསྟན་ཡོད། དེ་ལྟར་གོང་གི་མི་སེར་སྟེང་རྒོལ་རྡུང་དང་འཇིགས་སྐུལ་བྱེད་སྟངས་འདི་དག་ལས་ང་ཚོ་ལ་ར་སྤྲོད་གང་འཚམ་ཤིག་དང་སྣང་མེད་བྱེད་མི་རུང་བའི་གནད་དོན་གང་ཡང་ཞིག་བསྟན་ཡོད་པ་ཡིན། ཁྲིམས་འཆར་དོན་ཚན་ཁག་ཏུ་བྱས་ཉེས་བསགས་མཁན་ལ་ཉེས་ཆད་གང་གཅོད་ཐད་ལྟར་ན། ཁྲིམས་བཤེར་གྱི་གོ་རིམ་ལ་མ་བརྩིས་པ་ཟེར་བ་ལྟ་བུ། ཁྲིམས་ཁང་གི་བཅད་ཁྲ་ལྟར་མ་སོང་བ་སོགས་ཁག་དཀྲི་བྱེད་ས་གང་མང་མཆིས། གང་ལྟར། རང་དབང་ཅན་དང་ཆེད་ལས་རང་བཞིན་གྱི་ཁྲིམས་རྩོད་པ་དང་ཁྲིམས་ཁང་མེད་པ་ནི་འགྲོ་བ་མིའི་ཐོབ་ཐང་ལ་ཉེན་ཁ་དང་འཇིགས་དངངས་ཡོང་གཞི་ལྟ་བུ་ཆགས་ཡོད། ཕྱི་ལོ་༢༠༡༥ཟླ་༥ནང་། གྱོད་དོན་དག་སེལ་པ་ཞིག་གིས་རང་གི་གྱོད་ཡ་མི་སྣར་ལག་ལྕགས་རྒྱབ་པ་ནི་ཁྲིམས་འགལ་རེད་ཅེས་བསམ་འཆར་བཤད་པ་ན། གཞུང་གཏུག་ཉེས་འཛུགས་པས་༼ཁྲིམས་འགལ་ཡིན་མིན་ལ་སུས་དོ་ཁུར་བྱེད་༽ཅེས་ལན་ལོག་པ་བརྒྱུད་ནས། ང་ཚོས་གྱོད་དོན་དག་སེལ་ཁྲིམས་རྩོད་པ་ལ་ཉེས་ཆད་ཕོག་ཉེན་ཆེ་བ་ཤེས་ཡོད། ཁྲིམས་འཆར་འདི་ནི་མནར་གཅོད་སྔོན་འགོག་ཐད་གོམ་པ་སྤོས་ཙམ་ཡིན། དེ་ནི་ཁྲིམས་འཆར་དེའི་དོན་ཚན་༤་དང་༥ནང་དུ། ཉེས་དོན་ཞིབ་བཤེར་གྱི་གོ་རིམ་ཆ་ཚང་ཡིག་ཐོག་ཏུ་ཕབ་རྒྱུ་དང་སྒྲ་འཇུག་བྱ་དགོས་པ་ལས། བཙན་ཤེད་དང་མནར་གཅོད་བཏང་ནས་གྱོད་ཡ་མི་སྣར་ཉེས་པ་ཁས་ལེན་བྱེད་དུ་འཇུག་མི་རུང་བ་ཞེས་གསལ་ཡོད། ཡིན་ནའང་། སྒྱུར་བཅོས་འདི་དག་དངོས་སུ་ལག་བསྟར་བྱེད་ཀྱང་ད་དུང་མནར་གཅོད་གཏན་འགོག་བྱེད་ཐབས་མེད། དེ་ནི་ཁྲིམས་འཆར་འདིས་གར་སོང་ཆ་མེད་དུ་གྱུར་འགྲོ་བའི་གནས་སྟངས་བཀོག་སྡོམ་བྱས་མེད་པས་ཡིན། གར་སོང་ཆ་མེད་ནི་རྒྱལ་སྤྱིའི་ཁྲིམས་དང་འགལ་བ་ཞིག་ཆགས་ཡོད་ཀྱང་། རྒྱ་གཞུང་གི་༼ཉེས་དོན་གཏུག་བཤེར་ཀྱི་བཅའ་ཁྲིམས་༽སུ་དེ་ལྟར་བྱ་ཆོག་པ་འཁོད་ཡོད། མནར་གཅོད་ནི་དུས་རྒྱུན་གར་སོང་ཆ་མེད་གྱུར་བའི་བརྒྱུད་རིམ་དུ་བྱུང་བསྡད་པ་ཞིག་ཆགས་ཡོད། ཟླ་ངོ་གཉིས་ཀྱི་སྔོན་ལ་མཛོད་དགེ་ཐང་སྐོར་གྱི་བོད་མི་དགེ་འདུན་པ་གཉིས་རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་པས་འཇུ་བཟུང་བཙན་འཁྲིད་བྱས་རྗེས། དགེ་འདུན་པ་གཉིས་ཀྱི་ནང་མིས་ཁོང་གཉིས་གང་དུ་བཀག་ཉར་བྱེད་ཡོད་མེད་དང་རྒྱུ་མཚན་ག་རེ་དབང་གིས་བྱས་མིན་སོགས་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད། བཙན་དབང་གིས་ཁས་ལེན་བྱེད་དུ་བཅུག་པ་དེ་ཉིད་ཞིབ་དཔྱོད་པས་ཁྲིམས་ཁང་གི་བདེན་དཔང་དུ་ཁུར་མི་ཆོག་པའི་སྒྲིག་གཞི་བཟོས་པ་བཞིན། ཁྲིམས་བཤེར་སྐབས་སུ་མནར་གཅོད་ཕོག་པའི་མི་སྣ་ཁོང་ཚོར་མནར་གཅོད་བྱས་ཚད་ཀྱི་དཔང་རྟགས་སྟོན་ཆོག་པར་བྱས་དགོས་ངེས་ཤིག་ཡིན་ཡང་དེ་ལྟ་མེད་ཐོག བཙན་ཤེད་གཏོང་མི་གཞུང་འབྲེལ་མི་སྣར་ཉེས་ཆད་གང་ཡོད་ཀྱང་གསལ་མེད་པ་འདིས། ཉེས་འཛུགས་ཉེན་རྟོག་མི་སྣ་དང་ཞིབ་དཔྱོད་པ་སུ་ཡིན་ལ་བདེན་དཔང་རག་ཐབས་སུ་གང་འདོད་བྱེད་ཆོག་པའི་སྐུལ་ལྕགས་ཐེབས་ཡོད། ཡང་ཕྱོགས་གཅིག་ནས་ཁྲིམས་འཆར་འདིར་བཙན་དབང་གིས་ནག་ཉེས་ཁས་ལེན་བྱེད་དུ་བཅུག་པ་བཀག་སྡོམ་བྱེད་པ་འདིས་དཀའ་ངལ་གསར་པ་ཞིག་བཟོས་པ་ནི། ཁྲིམས་འཆར་དེའི་དོན་ཚན་༡༣པར། བཙན་དབང་གིས་ཉེས་པ་ཁས་ལེན་བྱས་ཟིན་པའི་མི་ཞིག་ཁྲིམས་ཁང་གི་ཁྲིམས་ར་འཚོགས་སར་ཁྲིད་ཅིང་། ཁྲིམས་ཁང་གིས་ཁོང་ལ་ཉེས་པ་ཡོད་མེད་ཀྱི་རྩོད་གླེང་སྣང་མེད་བཞག་ཐོག དེ་མུར་ཁྲིམས་ཆད་དུས་ཡུན་ཅི་ཙམ་གཅོད་མིན་གྱི་བཤད་རེས་བྱེད་ཀྱི་ཡོད་ན། ཁྲིམས་ར་བརྒྱུད་ནས་ཉེས་པ་ཡོད་མེད་བརྡ་བདེད་བྱེད་རྒྱུར་བར་ཆད་བྱས་པ་སོགས། སྡུག་ས་ནས་བཤད་ན། ཁྲིམས་འཆར་འདིའི་དོན་ཚན་༡༣བརྒྱུད་ནས་བཙན་དབང་གི་ནག་ཉེས་ཁས་ལེན་བྱེད་དུ་བཅུག་ཐད་ལ་ནན་བཤད་དང་དོ་ཁུར་བྱས་པ་འདིའང་ཡག་རྟགས་ཙམ་དུ་གྲངས་ཆོག གལ་སྲིད་རྒྱ་ནག་སྲིད་གཞུང་གིས་རང་ཉིད་ཀྱི་ཁས་ལེན་དང་རྒྱལ་སྤྱིར་འོས་འགན་ཁུར་པའི་སྒོ་ནས་གོང་གི་སྒྱུར་བཅོས་ཁག་ལག་བསྟར་དོན་འཁྱོལ་ཡོང་འདོད་ཚེ། ངེས་པར་དུ་སྒྲོམ་གཞི་རང་བཞིན་གྱི་དཀའ་ངལ་དེ་སེལ་དགོས་པ་ལས། དེ་མིན་སྒྱུར་བཅོས་ཆུང་ཁག་བྱས་སྐོར་དང་ལག་བསྟར་གང་འཚམ་བྱས་རབས་ཀྱི་ཁྱབ་བསྒྲགས་བྱེེད་བསྡད་པས་དོན་ཕན་ལྡན་པའི་གྲུབ་འབྲས་ཤིག་མི་ཐོན་པ་ཡིན།
རྒྱ་ནག་དབང་སྒྱུར་གྲལ་རིམ་གྱི་ས་བགོས་ལྟར་བྱས་ན། ཟི་ཁྲོན་ཞིང་ཆེན་རྔ་བ་ཁུལ་མཛོད་དགེ་རྫོང་ཐང་སྐོར་སོག་ཚང་དགོན་པའི་དགེ་འདུན་པ་དགེ་འདུན་གྲགས་པ་དང་བློ་བཟང་ཤེས་རབ་གཉིས་རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་པས་གང་བྱུང་འཇུ་བཟུང་གིས་གར་སོང་ཆ་མེད་དུ་གྱུར་འདུག ཕྱི་ལོ་༢༠༡༦ཟླ་༨ཚེས་༢༤ཉིན་གྱི་མཚན་དཀྱིལ་ཙམ་ལ། དགེ་འདུན་པ་གྲགས་པ་དང་བློ་བཟང་ཤེས་རབ་གཉིས་ཀྱི་གྲྭ་ཤག་ཏུ་གློ་བུར་དྲག་ཆས་ཉེན་རྟོག་པ་འཛུལ་ཞིང་། འགྲེལ་བརྗོད་གང་ཡང་མེད་པར་དགེ་འདུན་པ་གཉིས་འཇུ་བཟུང་བཙན་འཁྲིད་བྱས་འདུག བརྒྱུད་ལམ་ཁག་ལྟར་ན། དགེ་འདུན་པ་གྲགས་པ་ད་ལྟ་རང་ལོ་༣༩དང་དགོན་པའི་གཉེར་བ་ཡིན་པ་དང་ད་སྔ་ཁྲིམས་འགལ་བྱས་སྐོར་གྱི་གནས་ཚུལ་གང་ཡང་མ་མཆིས་ཤིང་། དགེ་འདུན་པ་ཤེས་རབ་ད་ལྟ་རང་ལོ་༣༥དང་དགོན་པའི་གཉེར་ཚང་གི་ལས་བྱེད་ཅིག་རེད་འདུག ཁོང་ལ་མེ་མདའ་ཚད་ནས་འཇུ་བཟུང་བཙན་འཁྲིད་བྱས་སྐབས་ཁོང་གི་ཤག་རོགས་དགེ་འདུན་པ་ཞིག་ལའང་བཅར་རྡུང་གི་རྨས་སྐྱོན་བྱུང་འདུག་པ་མ་ཟད་འཇིགས་སྐུལ་ཡང་བྱས་འདུག འདི་ག་ལྟེ་གནས་ཁང་དུ་ཉེ་ཆར་གནས་ཚུལ་གསར་དུ་རག་པ་ལྟར་ན། དགེ་འདུན་པ་ཁོང་གཉིས་འཇུ་བཟུང་བཀག་ཉར་བྱས་དོན་ནི། དེ་སྔོན་ས་གནས་སྲིད་གཞུང་གིས་སྐ་བར་མའི་གྲོང་ཚོ་ཡི་རྩ་ས་དང་ས་ཁང་བཙན་འཕྲོག་བྱས་པར་ས་གནས་འབྲོག་པ་མང་ཚོགས་ཀྱིས་ཞི་བའི་ངོ་རྒོལ་བྱས་པའི་ཐད་ཀྱི་གནས་ཚུལ་ཕྱི་ཕྱོགས་ལ་བཏང་བར་དོགས་པའི་འོག་འཇུ་བཟུང་བྱས་པ་ཡིན་པ་འདྲ་ལ། དགེ་འདུན་པ་ཁོང་གཉིས་འཇུ་བཟུང་གིས་ད་ལྟའི་བར་ཟླ་ངོ་གཉིས་ཙམ་ཕྱིན་ཡང་། ནང་མི་རྣམས་ཀྱིས་དགེ་འདུན་པ་ཁོང་གཉིས་གང་དུ་བཀག་ཉར་བྱས་ཡོད་མེད་ཀྱི་གནས་ཚུལ་གང་མང་ཤེས་རྟོགས་མ་བྱུང་བར་ལྷག་འདུག འདི་ག་ལྟེ་གནས་ཁང་གིས་དགེ་འདུན་པ་ཁོང་གཉིས་དང་ནང་མིའི་བར་ཐུག་འཕྲད་གང་ཡང་མེད་པའི་སྒོ་ནས་བཀག་ཉར་བྱེད་བཞིན་པའི་ངོ་བོ་འདི་ནི། དགེ་འདུན་པ་ཁོང་གཉིས་དྲག་རྡུང་དང་མནར་གཅོད་བཏང་ཡོད་པའི་དོགས་པ་དང་། ཡང་དེ་ནི་རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་པས་དུས་རྒྱུན་བོད་མི་འཇུ་བཟུང་གི་གསང་བའི་ཐོག་བཀག་ཉར་དང་ཁྲིམས་མཐུན་གྱི་བྱེད་བབ་ཁག་ཚང་མ་བརྩི་མེད་རྡོག་རོལ་བཏང་རྐྱང་བྱས་པའི་རྒྱུན་ལྡན་བྱེད་བབ་ལྟ་བུ་ཆགས་ཡོད་ན། འདི་ག་ལྟེ་གནས་ཁང་གིས་རྒྱ་གཞུང་གི་གོང་རིམ་དབང་ཡོད་མི་སྣར། དགེ་འདུན་པ་ཁོང་གཉིས་ཀྱི་གང་དུ་བཀག་ཉར་བྱས་ཡོད་མེད་གསལ་ཁ་བཟོ་རྒྱུ་དང་། ནང་མི་རྣམས་ལ་ཁོང་གཉིས་ཀྱི་ལུས་སེམས་གཉིས་ཀྱི་གནས་སྟངས་ར་སྤྲོད་བྱེད་རྒྱུ་འགན་དབང་ཡོད་པ་གསལ་འདེབས་དང་སྦྲགས། དགེ་འདུན་པ་ཁོང་གཉིས་འཇུ་བཟུང་བྱེད་དོན་གྱི་རྒྱུ་མཚན་ཡོངས་བསྒྲགས་གསལ་བཤད་དང་འབྲེལ་ནས་ཁྲིམས་ཁ་བརྒྱུད་ནས་ར་སྤྲོད་བྱེད་རྒྱུ་ལས། དེ་མུར་གང་ཡིན་འདི་ཡིན་མེད་པར་ཉར་འདུག་རྒྱུ་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད། ཕྱི་ལོ་ ༢༠༡༠ ལོར་མཛོད་དགེ་རྫོང་ཐང་སྐོར་གྲོང་རྡལ་ས་གནས་རྒྱ་གཞུང་གིས་༼མཁར་གྲོང་ལྗང་མདོག་ཅན་དུ་བསྒྱུར་བ༽ཞེས་པའི་སྲིད་ཇུས་ལ་ཁ་གཡར་ཏེ། མཛོད་དགེ་རྫོང་ཐང་སྐོར་ཡུལ་ཚོ་སྐ་བར་མ་སྡེ་བའི་རྩྭ་ས་མུའུ་ ༤༠༠ དང་ཁྱིམ་ཚང་ཉི་ཤུ་ལྷག་གི་ཁང་བཅས་བཙན་འཕྲོག་ཡོད་པའི་ཐད། ས་གནས་མི་མང་གིས་ཕྱི་ལོ་༢༠༡༥ཟླ་༡ནས་འགོ་བཙུགས་ཀྱིས། ཕལ་ཆེར་ལོ་འཁོར་གཅིག་གི་རིང་ས་དབང་ཕྱིར་ལོག་དགོས་པའི་ཞི་བའི་སྐད་འབོད་དང་ཞུ་གཞུག་བྱས་ཡོད། དོན་དངོས་ཐོག་མཁར་གྲོང་ལྗང་མདོག་ཅན་དུ་བསྒྱུར་རྒྱུའི་དམིགས་ཡུལ་མ་ཡིན་པར། ས་གནས་དཔོན་རིགས་དང་ཚོང་པ་ལག་སྦྲེལ་ཐོག་སྒེར་གྱི་ཁེ་ཚོང་གཉེར་ཐབས་ལ་དམིགས་ཏེ། མཁར་གྲོང་ཉེ་འདབས་ཀྱི་འབྲོག་པའི་ས་ཆ་འཕྲོག་བྱེད་པའི་ལྐོག་གཡོ་ཞིག་ཡིན་འདུག་སྟབས།…
འདི་ག་ལྟེ་གནས་ཁང་གིས་བོད་མི་ཞི་རྒོལ་བའི་སྟེང་རྒྱ་གཞུང་གི་ཉེན་རྟོག་པས་ཚད་ལས་བརྒལ་བའི་རྡུང་རྡེག་གི་དབང་ཚད་བེད་སྤྱོད་བྱས་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད། ཕྱི་ལོ་༢༠༡༦་ཟླ་༡༠ཕྱི་ཚེས་༡༧ཉིན། དགེ་འདུན་པ་བློ་བཟང་ཚུལ་ཁྲིམས་ཞེས་པ་ཞིག་གིས་རྔ་བ་རྫོང་བོད་ཡིག་སློབ་འབྲིང་གི་མདུན་ནས་འོ་སྐྱེས་གཙང་བོའི་ཕྱོགས་སུ་བོད་དོན་ཆེད་གོམ་བགྲོད་དང་། ཁོང་གིས་༧གོང་ས་མཆོག་གི་སྐུ་པར་ཅིག་མགོ་སྟེང་དུ་ཁུར་ནས་༼བོད་ལ་རང་དབང་དགོས། ༧རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་ཁྲི་ལོར་བརྟན་པར་ཤོག་༽ཅེས་སྐད་འབོད་གནང་བར། རྒྱ་གཞུང་གི་ས་གནས་ཉེན་རྟོག་པས་བོད་མི་ཞི་རྒོལ་བ་ཞིག་འཇུ་བཟུང་བཙན་འཁྲིད་དང་དྲག་རྡུང་ཚད་མེད་བྱས་རྐྱེན། ཞི་རྒོལ་གནང་མཁན་དགེ་འདུན་པར་རྨས་སྐྱོན་འཚབ་ཆེན་ཐེབས་ནས་སྨན་ཁང་དུ་བསྐྱལ་དགོས་བྱུང་འདུག བརྒྱུད་ལམ་ཁག་ལྟར་ན། ཁོང་གི་ཁེར་རྐྱང་ངོ་རྒོལ་གནང་དོན་ནི། ཉེ་ལམ་ཀིརྟི་རིན་པོ་ཆེ་ཡི་བླ་བྲང་གསར་རྒྱག་གིས་འཁྲུངས་སྐར་སྲུང་བརྩི་བྱས་པ་དང་ཕྱི་ཟླ་༡༠བའི་དགུན་ཆོས་འཚོགས་པའི་སྔ་ཕྱི་རུ་དམ་དྲག་ཤུགས་ཆེར་བྱས་པ་མ་བཟོད་པར་དེ་ལྟར་གནང་བ་རེད་ཅེས་གསལ་འདུག དགེ་འདུན་པ་ཁོང་གིས་གོམ་བགྲོད་བྱས་ནས་རིང་བོ་མ་འགོར་བར། ས་གནས་ཉེན་རྟོག་པ་ཁོང་གི་སར་སླེབས་ནས་འཇུ་བཟུང་བཙན་འཁྲིད་བྱས་པ་མ་ཟད། ཕྱི་ཉིན་ཚེས་༡༨ ཁོང་ལ་ཉེན་རྟོག་པས་ཚད་ལས་བརྒལ་བའི་བཅར་རྡུང་བྱས་པར་བརྟེན། གསང་བའི་སྒོ་ནས་སྨན་ཁང་དུ་སྐྱེལ་དགོས་བྱུང་བ་ཡུལ་མི་ཚོས་ཤེས་རྟོགས་བྱུང་འདུག ད་ལྟའི་ཆར་ཁོང་ས་གནས་གང་ནས་ཡིན་མིན་དང་ད་ལྟའི་གནས་སྟངས་གང་འདྲ་ཆགས་ཡོད་མེད། ཁོང་གི་ནང་མིའི་གནས་ཚུལ་སོགས་ཤེས་རྟོགས་བྱུང་ཐབས་མི་འདུག་པས། འདི་གི་ལྟ་ེགནས་ཁང་གི་ངོས་ནས། རྒྱ་གཞུང་གི་ས་གནས་སྲིད་གཞུང་གིས་ངེས་པར་དུ་དགེ་འདུན་པ་བློ་བཟང་ཚུལ་ཁྲིམས་ལ་ཚད་ལས་བརྒལ་བའི་རྡུང་རྡེག་དབང་ཚད་བདེ་སྤྱོད་བྱེད་མཁན་ཉེན་རྟོག་པ་དེ་ཉིད་སུ་ཡིན་གྱི་རྩད་གཙོད་དང་། མཚོན་ཆ་དང་ཕར་རྒོལ་གང་ཡང་བྱེད་མེད་པའི་ཞི་རྒོལ་བར་དེ་ལྟར་རྨས་སྐྱོན་འཚབ་ཆེན་ཕོག་ནས་སྨན་ཁང་དུ་བསྐྱལ་བ་འདི་རིགས་ནི་ཁྲིམས་འགལ་གྱི་བྱ་སྤྱོད་ཡིན་པ་ར་སྤྲོད་དང་ཁྲིམས་བཞིན་ཉེས་ཆད་གཅོད་དགོས་པའི་འབོད་བསྐུལ་ཞུ་རྒྱུ་ཡིན། མ་ཟད། ས་གནས་སྲིད་གཞུང་གིས་ངེས་པར་དུ་དགེ་འདུན་པ་བློ་བཟང་ཚུལ་ཁྲིམས་ཀྱི་ནང་མི་རྣམས་ལ་ཁོང་ལ་ཐུག་འཕྲད་ཀྱིས་སྨན་བཅོས་བྱེད་དུ་འཇུག་དགོས། ཉེན་རྟོག་པས་ཚད་ལས་བརྒལ་བའི་རྡུང་རྡེག་གི་དབང་ཚད་བེད་སྤྱོད་བྱས་པ་འདིས་མང་ཚོགས་དཀྱིལ་མའི་ཚེ་སྲོག་ལ་ཉེན་འཚབ་དང་བསམ་བློ་རང་དབང་འཇིགས་ཉེན་གྱི་གཤེན་མ་ལྟ་བུ་གྱུར་ཡོད། བསམ་བློ་རང་དབང་ནི་རྒྱ་གཞུང་གིས་ཁྲིམས་ཁར་གསལ་བའི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཁག་གི་རྨང་གཞི་ལྟ་བུ་གྱུར་ཡོད་ཅིང་། དེ་ལྟ་བུ་རང་དབང་ལོངས་སུ་སྤྱོད་མཁན་བོད་མི་ཞི་རྒོལ་བའམ། རང་གཞན་སུ་ལའང་གནོད་སྐྱོན་མེད་པའི་ཞི་བའི་སྐད་འབོད་གནང་བའི་བྱེད་བབ་འདི་ནི་རྒྱལ་སྤྱི་དང་རྒྱ་ནག་རང་གི་ཁྲིམས་སྒྲིག་ཁག་ཏུ་བྱེད་འཐུས་ཆོག་པའི་འབྲི་དོན་ལྟར་ལག་བསྟར་གནང་རྒྱུ་དྲན་སྐུལ་ཞུ་ཡི་ཡོད། དེ་མཚུངས་སུ་བློ་བཟང་ཚུལ་ཁྲིམས་ཀྱི་ནང་མིར་ཁོང་ལ་ཐུག་འཕྲད་བྱེད་དུ་འཇུག་དགོས་པ་མ་ཟད། མུ་མཐུད་དུ་གང་དུ་བཀག་ཉར་བྱེད་ཡོད་མེད་གསང་རྒྱ་བྱེད་རྒྱུ་ལས་ལྡོག་ནས་ཁྲིམས་ཁ་བརྒྱུད་ནས་གནད་དོན་གཙང་བཟོ་བྱེད་རྒྱུར་འབོད་བསྐུལ་ཞུ་ཡི་ཡོད།
བོད་ཀྱི་ནང་ཆོས་སློབ་སྦྱོང་དང་ཉམས་ལེན་བྱེད་སའི་ལྟེ་གནས་གལ་ཆེན་བླ་རུང་ནང་བསྟན་སློབ་གླིང་གཏོར་བཤིག་དང་གྲྭ་བཙུན་ཕྱིར་འབུད་གཏོང་བཞིན་པའི་གནས་ཚུལ་འདིས་བདེན་དབང་བྱས་པ་ནི།བོད་པའི་རྒྱ་ཆེ་དད་ལྡན་མི་དམངས་ལ་མཚོན་ན་དོན་དན་གྱི་ཆོས་དད་རང་དབང་ནི་ཧ་ཅང་རྒྱང་ཐག་རིང་བ་ཞིག་ཡིན། འདི་ལོའི་ཕྱི་ཟླ་༧བའི་ཚེས་༢༠ནས་བཟུང་རྒྱ་ནག་གཞུང་གིས་གླས་བའི་གཏོར་བཤིག་དཔུང་སྡེ་བླ་རུང་ནང་བསྟན་སློབ་གླིང་དུ་ཡོང་ནས་གྲྭ་ཤག་སོགས་གཏོར་བཤིག་ལས་གཞི་འགོ་འཛུགས་གནང་ཡོད་པ་རེད།དེ་སྔོན་རྒྱ་ནག་གཞུང་གི་འཆར་གཞི་ལྟར་ན་ད་ལོའི་ལོ་མཇུག་པར་དུ་བླ་རུང་ནང་བསྟན་སློབ་གླིང་གི་གྲྭ་ཤག་ཕྱེད་ཀ་གཏོར་བཤིག་གཏོང་རྒྱུ་ཡིན་པ་དང་། གྲྭ་བཙུན་སྟོང་ཕྲག་མང་པོ་ཕྱིར་འབུད་གཏོང་ནས་གྲྭ་བཙུན་༥༠༠༠ཡི་ཚད་བཀག་བཟོ་ཡོད་པ་རེད། དེའི་ནང་གྲྭ་བ་༢༠༠༠་དང་བཙུན་མ་༣༠༠༠ལས་གཞན་ཚང་མ་ཕྱིར་འབུད་གཏོང་རྒྱུ་ཡིན་པ་རེད།བླ་རུང་ནང་བསྟན་སློབ་གླིང་གཏོར་བཤིག་མ་བཏང་བའི་སྔོན་དུ་གྲྭ་བཙུན་ཆིག་ཁྲི་ཡས་མས་ཀྱིས་བོད་ཀྱི་ནང་ཆོས་ལ་སློབ་སྦྱོང། ཞིབ་འཇུག་དང་ཉམས་ལེན་བྱེད་ཀྱི་ཡོད་པ་རེད། བླ་རུང་ནང་བསྟན་སློབ་གླིང་དུ་བོད་ཀྱི་ནང་ཆོས་རང་དབང་གིས་སློབ་སྦྱོང་དང་ཉམས་ལེན་བྱེད་མཁན་སྟོང་ཕྲག་མང་པོ་ཡོད་པའི་ནང་ངུ་བོད་པ།སོག་པོ་དང་རྒྱ་ནག་པ་སོགས་ཚུད་ཡོད།བླ་རུང་ནང་བསྟན་སློབ་གླིང་༡༩༨༧ལོར་ཕྱག་བཏབ་དང་དབུ་བརྙེས་པ་ནས་བཟུང་རྒྱ་ནག ཐེ་ལེན། ཐེ་ཝེན།ཧང་ཀང་།སིན་གཱ་པོ།མ་ལེ་ཤི་ཡ།ཀོ་རེ་ཡ་སོགས་ནས་སློབ་གཉེར་བྱེད་མཁན་རྒྱུན་ཆད་མེད་པར་ཡོང་གི་པ་རེད།དེ་བཞིན་རྒྱ་ནག་རྒྱལ་ཡོངས་ཀྱི་ནང་བསྟན་སློབ་གཉེར་བ་དང་། ལྗོངས་ལྔ།དེ་བཞིན་ཐད་སྐྱོང་གྲོང་ཁྱེར་བཞིའི་ནང་གི་ཞིབ་འཇུག་ཚན་པའི་དུས་སྐབས་མི་འདྲ་བའི་ཞིབ་འཇུག་དང་སློབ་གཉེར་བྱེད་བཞིན་ཡོད་པ་དང།བོད་པའི་སློབ་གཉེར་བ་ལ་མཚོན་ན་ཡང་ལྷ་ས།མངའ་རིས།ནག་ཆུ།ཆབ་མདོ།གསེར་རྟ། རྟའུ།དར་རྩེ་མདོ།དཀར་མཛེས།སྡེ་དགེ ཉག་རོང་།མགོ་ལོག བྲག་མགོ ཡུལ་ཤུལ།བླ་བྲང་།མཚོ་སྔོན་སོགས་ནས་ཡོད། བོད་ཀྱི་འགྲོ་བ་མའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ལ་འབྱོར་པའི་གནས་ཚུལ་ལྟར་ན་བླ་རུང་ནང་བསྟན་སློབ་གླིང་དུ་ཡོད་པའི་རྒྱ་ནག་དང་ཕྱི་རྒྱལ་གྱི་སློབ་གཉེར་བ་འབོར་ཆེན་ཕྱིར་འབུད་གཏོང་བཞིན་ཡོད་པ་དང་། བླ་རུང་ནང་བསྟན་སློབ་གླིང་གི་སྐྱ་བོ་དང་སྔགས་པ་ཕྱིར་འབུད་ལས་འགུལ་ནང་ཚུད་མེད་པ་རེད།དེ་ལས་གཞན་གྲྭ་བཙུན་རྒན་གྲས་རིགས་ཕྱིར་འབུད་གཏོང་རྒྱུ་མིན་པར་བརྗོད། གྲྭ་བཙུན་གྲངས་འབོར་མང་པོ་ད་ལོ་ཕྱི་ཟླ་༧བའི་ཚེས་༢༠སྔོན་ལ་ཕྱིར་འབུད་བཏང་ཟིན་པ་རེད། ༢༠༡༣ལོར་བོད་ཀྱི་འགྲོ་བ་མའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ལ་འབྱོར་བའི་གནས་ཚུལ་ལ།བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་བཙུན་མ་སུ་ཞིག་གལ་ཏེ་བླ་རུང་ནང་བསྟན་སློབ་གླིང་དུ་ཕྱིན་ནས་སློབ་སྦྱོང་བྱས་པ་ཡིན་ན་བཀག་ཉར་དང་ཡང་ན་ཁྲིམས་གཅོད་གནང་རྒྱུ་ཡིན་པའི་འཇིགས་སྣང་སྐུལ་འདུག ༢༠༡༤ལོར་ཆབ་མདོ་དང་འབྲི་རུ་སོགས་སུ་རྒྱ་ནག་གཞུང་གིས་གལ་ཏེ་སོ་སོའི་ནང་མིས་བླ་རུང་ནང་བསྟན་སློབ་གླིང་དང་ཡ་ཆེན་སྒར་དུ་སློབ་གཉེར་བྱེད་མཁན་ཡོད་ན་དུས་ལྟར་ཕྱིར་རང་ཡུལ་དུ་ལོག་དགོས་པ་དང་གལ་ཏེ་མ་ལོག་ན་ཐེམ་ཐོ་མེད་པར་བཟོ་རྒྱུ་ཡིན་པའི་འཇིགས་སྐུལ་ཡང་བྱས་འདུག བླ་རུང་སྒར་ནི་གྲྭ་བ་དང་བཙུན་མར་གཅིག་མཚུངས་ཀྱི་སློབ་གཉེར་གོ་སྐབས་གནང་མཁན་གྱི་ནང་བསྟན་སློབ་གླིང་སྔ་གྲས་ཤིག་ཡིན།བླ་རུང་ནང་བསྟན་སློབ་གླིང་དུ་བཙུན་མའི་ཆེས་མཐོ་སློབ་གཉེར་ཁང་བཙུགས་ཡོད་པ་རེད།དེ་བས་མཁན་མོ་སློབ་མཐར་ཕྱིན་མཁན་ཇེ་མང་དང་ཇེ་མང་ཡིན།མཁན་མོ་ནི་མཁན་པོ་དང་འདྲ་བའི་སློབ་སྦྱོང་གི་གནས་རིམ་ཞིག་ཡིན།དེ་ནི་དེང་གི་འབུམ་རིམ་པའི་གནས་ཚུལ་དང་མཚུངས་པ་ཡིན།སྤྱི་བཏང་ཡིན་ན་ལོ་ངོ་༡༣ལ་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་སྦྱོང་བྱེད་དགོས་པ་མ་ཟད།དེ་བཞིན་སྔ་འགྱུར་རྙིང་མ་དང་བཀའ་བརྒྱུད་སོགས་ཀྱི་གཞུང་ཆེན་རྣམས་ཀྱང་སློབ་གཉེར་བྱེད་དགོས་པ་ཡིན།༡༩༩༠ལོར་སློབ་གླིང་འདི་ནས་མཁན་མོ་དང་པོ་སློབ་ཐོན་བྱུང་པ་ནས་ད་པར་བཙུན་མ་བརྒྱ་ལས་མི་ཉུང་བས་མཁན་མོ་སློབ་ཐོན་བྱུང་ཡོད། དེ་ལས་གཞན་བཙུན་མ་མང་པོ་ཞིག་ལ་བླ་རུང་ནང་བསྟན་སློབ་གླིང་ནས་སེམས་ཁམས་དང་འཇིག་རྟེན་འཚོ་བའི་ཕྱོགས་གཉིས་ནས་ཚེ་སྲོག་གསར་བ་ཞིག་གནང་ཡོད། ད་ལོའི་བླ་རུང་ནང་བསྟན་སློབ་གླིང་གི་གཏོར་བཤིག་སྲིད་ཇུས་འདི་༢༠༠༡ལོའི་གཏོར་བཤིག་དང་ཧ་ལས་པའི་འདྲ་བོ་རེད།ཉམས་ཞིབ་བྱས་པ་ལྟར་ན་ལོ་ངོ་༡༥ནང་རྒྱ་ནག་གི་ཆོས་ལུགས་སྲིད་ཇུས་ལ་འགྱུར་བ་གང་ཡང་བྱུང་མེད།(འདི་ན་༢༠༠༡ལོའི་བླ་རུང་སྒར་གཏོར་བཤིག་གི་སྙན་ཐོ་ཆ་ཚང་ཡོད།)གང་ལྟར་རྒྱ་ནག་གཞུང་གིས་ཡང་བསྐྱར་བླ་རུང་ནང་བསྟན་སློབ་གླིང་གཏོར་བཤིག་བྱས་པ་འདིས་རྒྱ་ནག་གཞུང་གི་འགོ་ཁྲིད། ཡང་ན་རྒྱ་ནག་གི་ནུས་སྟོབས་རྒྱལ་སྤྱིའི་ཐོག་ཤུགས་ཆེ་རུ་འགྲོ་བཞིན་པའི་སྐབས་འདིེར་འགྱུར་བ་དང་ཡང་ན་སྲིད་ཇུས་ཅི་ཞིག་ལག་བསྟར་གྱིས་བོད་ཀྱི་ཆོས་ལུགས་རང་དབང་འགན་ལེན་བྱེད་རྒྱུ་དེ་ཡིན།རྒྱ་ནག་འགོ་ཁྲིད་ཚོས་བོད་ཀྱི་ཆོས་ལུགས་མི་སྣ་དང་ཆོས་ལུགས་བྱེད་སྒོ་སོགས་ལ་དོགས་པ་དང་ཧ་ཅང་གུ་དོག་པོ་བྱེད་ཀྱི་ཡོད་པ་ཡིན། ཆབ་སྲིད་ཀྱི་རྒྱབ་ལྗོངས་མེད་ཀྱང་དེ་ལྟར་བྱེད་ཀྱི་ཡོད་པ་རེད།དོན་ངོ་མར་རྒྱ་ནག་གིས་ཆོས་ལུགས་ལ་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་ནི།དྲག་གནོན་ངོ་བོ་ཅན་གྱི་ཁྲིམས་དང་ཁྲིམས་སྲོལ་བེད་སྤྱོད།དེ་བཞིན་རྒྱལ་ཁབ་ཀྱིས་ཁྱབ་བསྒྲགས་དང་ཇུས་བཀོད་ལེགས་པར་གནང་བའི་གཟབ་ནན་གྱི་དམ་དྲག་ཡིན། ༢༠༡༦ལོར་སི་ཁྲན་ཞིང་ཆེན་གྱིས་ཁྱབ་བསྒྲགས་གནང་པའི་བླ་རུང་ནང་བསྟན་སློབ་གླིང་གཏོར་བཤིག་གི་བཀའ་རྒྱས་བོད་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་རྒྱལ་ཡོངས་ཐེངས་གཉིས་པའི་ཆོས་ལུགས་ལས་དོན་ཚོགས་འདུ་གཉིས་ལུང་འདྲེན་བྱས་ཡོད།བླ་རུང་ནང་བསྟན་སློབ་གླིང་ལ་བརྗོད་པ་ལྟར་ན་གཏོར་བཤིག་དང་ཕྱིར་འབུད་ནི་ཤི་ཅིན་ཕན་གནང་པའི་བཀའ་རྒྱ་ཡིན།ད་ལོ་ཕྱི་ཟླ་༤བའི་ཚེས་༢༢ནས་༢༣པར་གྱི་ཆོས་ལུགས་ཚོགས་འདུ་ཐོག་ཤི་ཅིན་ཕན་གྱིས། “ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་གོང་དུ་བཀུར་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་དགོས་པ།”ཞེས་བརྗོད་ཡོད། ༢༠༠༡ལོར་བླ་རུང་ནང་བསྟན་སློབ་གླིང་གཏོར་བཤིག་གཏོང་དུས་ཀྱང་བཀའ་རྒྱ་པེ་ཅིན་ནས་ཅིང་ཙི་མིན་ནས་ཐད་ཀར་བཏང་བ་ཡིན་པར་འགྲེལ་བརྗོད་གནང་ཡོད།འདི་ནི་༢༠༡༦ལོའི་གཏོར་བཤིག་གི་འགྲེལ་བརྗོད་ཀྱང་དེ་བཞིན་རེད།ང་ཚོས་གོང་རིམ་གྱི་བཀའ་ལག་བསྟར་བྱེད་ཀྱི་ཡོད་ཟེར་པ་ལས་ཡིག་ཐོག་གི་བདེན་དཔུང་སོགས་མེད་པ་རེད།དེ་ནི་༡༩༩༣ལོར་རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་གྱི་ཚོགས་འདུ་དང་༢༠༠༡ལོའི་རྒྱལ་ཡོངས་ཆོས་ལུགས་ལས་དོན་ཚོགས་འདུ་ཐོག་ཅིང་ཙི་མིན་ནས་ཆོས་ལུགས་སྲིད་ཇུས་སྐོར་གྱི་བཀོད་པ་གསུམ་བཏང་ཡོད་པ་རེད།༡།ཕྱོགས་ཡོངས་ནས་ཏང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་ཡང་དག་པ་ལག་བསྟར་བྱེད་དགོས་པ།༢།ཁྲིམས་ལྟར་ཆོས་ལུགས་ལས་དོན་དོ་དམ་བྱེད་དགོས།༣།ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྣེ་ཁྲིད། ༡༩༩༤ལོར་ཅིང་ཙི་མིན་གྱིས་བོད་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་གཙོ་སྐྱོང་གནང་ཡོད་པ་རེད།དེ་བས་ཁོ་རང་གིས་ཆོས་ལུགས་ལས་ཁུངས་བརྒྱུད་ནས་གྲྭ་བཙུན་ལ་དམ་དྲག་བྱེད་པ་ཤུགས་ཆེ་རུ་བཏང་པ་རེད།དེ་འབྲས་བུ་ནི་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་རེད།བོད་ས་ཡོངས་སུ་བཙན་དབང་གིས་ཏཱ་ལའི་བླ་མ་སྐྱོན་བརྗོད་དང་།གུང་ཁྲན་ཏང་ལ་ལྷག་བསམ་ཡིན་དགོས་པའི་དྲག་རྡུང་ལས་འགུལ་སྤེལ་པ་རེད། སི་ཁྲན་ཞིང་ཆེན་གྱིས་༢༠༠༡ལོའི་ཡིག་ཆ་ལྟར་ན་གྲྭ་བཙུན་༡༤༠༠དང་༢༠༡༦ལོ་ཡི་ཡིག་ཆ་ལྟར་ན་གྲྭ་བཙུན་༥༠༠༠སློབ་གླིང་དུ་སྡད་ཆོག་གི་ཡོད་པ་རེད། གནས་སྟངས་འདི་འདྲ་གཉིས་ཀྱི་འོག་ཏུ་རྒྱ་ནག་གཞུང་གིས་སྲིད་གཞུང་འགོ་ཁྲིད་དང་གཏོར་བཤིག་ལས་བཟོ་བ་མ་སླེབས་སྔོན་ལ་སློབ་གླིང་གི་སློབ་གཉེར་བ་དག་ལ་གཟབ་ནན་ངང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ལས་འགུལ་སྤེལ་པ་རེད།དེ་མ་ཟད་གཞུང་གིས་ས་གནས་རྫོང་དང་ཁུལ་སོགས་ཀྱི་འགོ་ཁྲིད་དང་ལས་བྱེད་འབོད་བཀུག་གིས་རང་རང་ས་གནས་ཀྱི་སློབ་གཉེར་བ་རྣམས་རང་ཡུལ་དུ་ཁྲིད་ཅིག་པ་རེད།༢༠༡༦ལོར་རྒྱ་ནག་གི་དཔོན་རིགས་ཚོས་དངུལ་བརྔན་སྤྲད་ནས་རང་འགུལ་ངང་ཕ་ཡུལ་ལོག་པའི་གཡོ་ཐབས་བྱེད་བཞིན་འདུག ༢༠༠༡ལོར་བཙུན་མ་རྣམས་ལ་བྱ་དགའ་སྣ་ཚོགས་གནང་ནས་སློབ་གླིང་དང་བྲལ་ཐབས་བྱས་ཡོད། དཔེར་ན་དངུལ།གཡག་དྲུག་གམ་འབྲི་དྲུག དེ་བཞིན་འཛུགས་སྐྲུན་དང་ཁང་པ།ལས་ཀ་སྤྲད་པ་སོགས། ཕྱི་ལོ་༡༩༩༩ལོའི་ཟླ་བ་༣བའི་ནང་སི་ཁྲན་ཞིང་ཆེན་སྲིད་གཞུང་གིས་བླ་རུང་ནང་བསྟན་སློབ་གླིང་གི་དོ་དམ་མི་ལེགས་པ།འཕྲོད་བསྟན་ཆ་རྐྱེན་མི་ལེགས་པ་སོགས་མང་པོ་ཞིག་བགྲངས་པ་རེད།དེ་དག་ནི་༢༠༠༡ལོར་གཏོར་བཤིག་གི་སྔོན་འགྲོ་རེད།༢༠༡༦ལོའི་ཟླ་བ་༧ནང་དཀར་མཛེས་ས་གནས་སྲིད་གཞུང་གིས་ཡང་བསྐྱར་སློབ་གླིང་གི་མེ་སྐྱོན་འགོག་གསོད་བྱེད་ཐབས་ལ་དཀའ་ངལ་ཡོད་རབས་སོགས་བརྗོད་པ་རེད།སྐབས་དེར་ཁོ་ཚོས་༢༠༡༤ལོའི་ཟླ་བ་༡པོར་སློབ་གླིང་དུ་བྱུང་བའི་མེ་སྐྱོན་དོན་རྐྱེན་ཤུགས་ཆེན་གླེང་པ་རེད།མེ་སྐྱོན་དེ་ནང་གྲྭ་ཤག་༡༠༠ལྷག་ལ་མེ་སྐྱོན་བྱུང་པ་རེད།ཡིན་ཡང་མེ་སྐྱོན་བྱུང་རྐྱེན་གང་ཡིན་ཤེས་མེད་པ་རེད།ཟླ་བ་དེ་ནང་དཀར་མཛེས་ལི་ཐང་དགོན་དུ་ཡང་མེ་སྐྱོན་བྱུང་པ་རེད།དེའི་འབྱུང་རྐྱེན་ཡང་གང་ཡིན་ཤེས་མེད་པ་རེད། ཉེ་དུས་བོད་ནང་ལོག་གི་བོད་མི་ཞིག་གིས་ ༼གསེར་རྟ་བླ་རུང་གི་སྐྱིད་སྡུག་ཡར་ཞུ། ༽ཞིག་སྤྱི་ཚོགས་དྲ་རྒྱ་ཐོག་བཀོད་ཡོད་པ་རེད།ཡར་ཞུ་ཡི་གེ་དེ་ནང་དུ་ཆབ་སྲིད་ཐོག་ངོས་ལེན་ཡོད་པས་ཆེད་དུ་ཞུ་ཡིག་གིས་ཐོག་མར་ཏང་ཀྲུང་དབྱངས་ཀྱི་དབུ་ཁྲིད་འཚམ་འདྲི་ཞུས་ཡོད་པ་དང་།༼བློ་མཐུན་ཞི་ཅིན་ཕིན་དང་ཏང་ཀྲུང་དབྱངས་ཀྱིས་དབུ་ཁྲིད་འོག ང་ཚོའི་རྒྱལ་ནང་གིི་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་ལུགས་དད་མོས། རང་དབང་འདྲ་མཉམ། དམངས་གཙོ་འཕེལ་རྒྱས། རིག་གནས་སློབ་སྦྱོང་སོགས་ཀྱི་ཕྱོགས་ལ་བཟང་ཕྱོགས་ཀྱི་གྲུབ་འབྲས་ངེས་ཅན་ཐོན་པར་ངོས་རང་ནས་དགའ་གུས་ཚད་མེད་བྱེད་བཞིན་ཡོད།༽སོགས་བཀོད་ཡོད་པ་དང་།དེ་རྗེས་ཁོས་རྒྱ་ནག་གཞུང་གིས་མངོན་གསལ་དོ་བོས་གསེར་རྟ་བླ་རུང་སློབ་གླིང་གི་མི་འབོར་ཉུང་དུ་གཏོང་བའི་གྲོས་ཆོད་ལ་དོགས་འདྲི་དང་བཅས་དེ་འདྲ་ཉུང་དུ་བཏང་རྗེས་ཀྱི་ངན་འབྲས་ནི་བོད་ཀྱི་སྐད་ཡིག་དང་རིག་གཞུང་།ཆོས་ལུགས་སོགས་རྒྱུན་འཛིན་དང་དར་སྤེལ་ལ་གནོད་པ་ཡོད་པར་བརྗོད་ཡོད། འདི་ནི་ཁོས་ཡར་ཞུ་ཐེངས་གཉིས་པ་དེ་ཡིན།ཡར་ཞུ་ཡི་གེ་གཤམ་གསལ། གསེར་རྟ་བླ་རུང་གི་སྐྱིད་སྡུག་ཡར་ཞུ། 2016-10-01 དྲིན་ཆེན་རྩ་བའི་བླ་མ་མཁྱེན་ནོ། གསེར་རྟ་བླ་རུང་གི་སྐྱིད་སྡུག་ཡར་ཞུ། ཐོག་མར་རླབས་ཆེ་བའི་ཏང་ཀྲུང་དབྱངས་ཀྱི་དབུ་ཁྲིད་རིགས་ལ་འཚམ་འདྲི་ཞུ་བ་དང་ཆབས་གཅིག དེ་རིང་ཁོ་བོས་ཡང་བསྐྱར་ཁམས་ཀྱི་ཆོས་སྡེ་ཆེན་མོ་གསེར་རྟ་བླ་རུང་གི་སྐྱིད་སྡུག་སྐོར་ཡར་ཞུ་ཐེངས་གཉིས་པ་དེ་བྱེད་རྒྱུ་ཡིན། ༼༡༽ཉེ་བའི་ལོ་འདི་དག་གི་རིང་རླབས་ཆེ་བའི་བློ་མཐུན་ཞི་ཅིན་ཕིན་དང་ཏང་ཀྲུང་དབྱངས་ཀྱིས་དབུ་ཁྲིད་འོག ང་ཚོའི་རྒྱལ་ནང་གིི་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་ལུགས་དད་མོས། རང་དབང་འདྲ་མཉམ། དམངས་གཙོ་འཕེལ་རྒྱས། རིག་གནས་སློབ་སྦྱོང་སོགས་ཀྱི་ཕྱོགས་ལ་བཟང་ཕྱོགས་ཀྱི་གྲུབ་འབྲས་ངེས་ཅན་ཐོན་པར་ངོས་རང་ནས་དགའ་གུས་ཚད་མེད་བྱེད་བཞིན་ཡོད། ལྷག་པར་དུ་དགའ་འོས་པ་ཞིག་ལ/༢༠༡༦/ད་ལོར་ཏང་ཀྲུང་དབྱངས་ཀྱིས་ང་ཚོ་གྲངས་ཉུང་མི་རིགས་ཀྱི་སྐྱིད་སྡུག་དམིགས་སུ་བཟུང་ནས་ཆེད་དུ་སྐབས་༦་པའི་བོད་ཁུལ་ལས་སྒྲུབ་བྱ་བའི་ཚོགས་འདུ་བསྡུས་པར་བཀའ་དྲིན་ཞུ་བ་དང་།…
རྒྱ་གཞུང་གིས་བླ་རུང་བཀྲ་ཤིས་འཁྱིལ་བསང་ཁོག་ཞང་ནས་རང་ལུས་མེར་བསྲེགས་གནང་མཁན་ཞིག་གིས་ཕུང་བོ་ཉེན་རྟོག་པའི་ལག་ཏུ་ཤོར་ཉེན་བྱུང་སྐབས། ཉེན་རྟོག་པའི་ལག་ཏུ་མ་ཤོར་བའི་ཆེད་དུ་ཕུང་བོ་བོར་འདྲེན་གྱི་རོགས་པ་བྱས་པའི་བོད་མི་ཞིག་འཇུ་བཟུང་བྱས་འདུག རང་ལོ་༤༦ཡིན་པའི་གསང་བདག་སྐྱབས། ཟླ་༩ཚེས་༢༩ཉིན་གྱི་བོད་ནང་གི་ཕྱི་དྲོ་ཆུ་ཚོད་ ༥ ཡས་མས་སུ། ཁོང་དང་བཟའ་ཟླ་བྱམས་སྐྱིད་གཉིས་ཀས་ནང་ལས་ཙག་ཙིག་ཅིག་བྱེད་བཞིན་པའི་སྐབས་སུ། ཉེན་རྟོག་པ་གློ་བུར་ཁྱིམ་དུ་འཛུལ་ནས་གསང་བདག་སྐྱབས་འཇུ་བཟུང་དང་། ད་ལྟ་བླ་བྲང་གྲོང་ཁྱེར་ནས་སྐར་མ་༡༥ནས་༢༠ཙམ་གྱི་བར་ཐག་ཡོད་པའི་བང་དཀར་ཐང་གི་བཀག་ཉར་ཁང་དུ་བཀག་སྐྱིལ་བྱས་འདུག་ལ། དུས་རྒྱུན་གྱི་གཟའ་པ་སངས་ཉིན། ཁོང་ལ་ཟ་མ་བསྐྱལ་ཆོག་པ་དང་། ནང་མིར་ཁྲིམས་ལྟར་འཇུ་བཟུང་ཟིན་པའི་བརྡ་སྦྱོར་བྱས་འདུག ཕྱི་ལོ་༢༠༡༢ཟླ་༡༠ཚེས་༢༦ཉིན། ཨ་མདོ་བླ་བྲང་བཀྲ་ཤིས་འཁྱིལ་རྫོང་བསང་ཁོག་གསེར་ཁྲི་རུ་ཁག་བཞི་བའི་མགོ་བྷ་ཚང་གི་བུ་མོའི་མག་པ་ཐུབ་དབང་སྐྱབས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ། རྒྱལ་བ་རིན་པོ་ཆེ་བོད་ལ་ཆིབས་སྒྱུར་གནང་དུ་འཇུག་དགོས། པཎ་ཆེན་སྐུ་ཕྲེང་༡༡་པ་བཟང་བཙོན་འོག་ནས་གློད་གྲོལ་གཏོང་དགོས་ཞེས་ངོ་རྒོལ་བྱས་ནས་འདས་གྲོངས་སུ་སོང་བས། སྐབས་དེར་བོད་མི་བོད་མི་རྡོ་རྗེ་རྣམ་རྒྱལ་དང་། སྦྱིན་པ། རྡོ་རྗེ་བཀྲ་ཤིས། གསང་བདག་སྐྱབས་བཅས་ཁོང་བཞི་ཡིས་འདས་པོའི་ཕུང་བོ་ཁྱིམ་དུ་འོར་འདྲེན་གྱི་ནང་མིར་རྩིས་སྤྲོད་གནང་བའི་དབང་གིས། ཉེན་རྟོག་པ་ཁོང་ཚོ་བཞི་བོ་འཇུ་བཟུང་བྱེད་དུ་སླེབས། གསང་བདག་སྐྱབས་དེ་མུར་ཉེན་ཡོལ་ལ་འགྲོ་བྱོལ་དུ་སོང་ཡོད་འདུག རྒྱ་གཞུང་གིས་རྡོ་རྗེ་རྣམ་རྒྱལ་དང་། སྦྱིན་པ། རྡོ་རྗེ་བཀྲ་ཤིས་བཅས་རེ་རེ་ལ་ཁྲིམས་ཆད་ལོ་གཉིས་དང་ཕྱེད་ཀ གསུམ་བཅས་དུས་ཡུན་མ་འདྲ་བ་བཅད་ནས་བཙོན་འཇུག་བྱས། འདི་ལོར་རིམ་གྱི་ཁོང་ཚོ་བཙོན་གྲོལ་བཏང་བ་དང་བསྟུན། གསང་བདག་སྐྱབས་ཀྱིས་ཀྱང་གནད་དོན་མི་འབྱུང་བར་སྙམ་ནས་ཚུར་རང་ཁྱིམ་དུ་ལོག་ཀྱང་། ཉེན་རྟོག་པས་ཅུང་མ་འགོར་བས་ཁོང་འཇུ་བཟུང་དང་ད་ལྟ་བང་དཀར་མངགས་གཏོང་ཁང་དུ་བཀག་ཉར་བྱས་འདུག མངགས་གཏོང་ཁང་དེ་ནི་ཕྱི་ལོ་༢༠༡༢ལོར། བོད་དོན་ལས་འགུལ་བ་མགོ་ལོག་འཇིགས་མེད་ཐེངས་གསུམ་པ་བཀག་སྐྱིལ་བྱས་ས་དེ་ཆགས་ཡོད། གསང་བདག་སྐྱབས་ནི་བསང་ཁོག་སྡེ་བ་རུའི་རུ་ཁག་གཉིས་པ་ནས་ཡིན་པ་དང་། ཕོའི་མིང་ལ་ཚེ་ལོ་ཟེར། ཁོང་དང་བཟའ་ཟླ་བྱམས་སྐྱིད་གཉིས་ལ་ཕྲུ་གུ་ཕོ་གཉིས་ཡོད་འདུག
ཆེད་སྒྲིག་གླུ་གཞས་འོད་སྡེར་༼སོས་མེད་རྨ་ཁའི་ཟུག་གཟེར་༽ཞེས་པའི་གཞས་པ་པདྨ་འཕྲིན་ལས་དང་ཕྱག་རྡོར་གཉིས་ཀྱིས་བཙོན་འཇུག་ཁྲིམས་ཆད་ལོ་༤ཚང་ནས་གློད་གྲོལ་བྱུང་འདུག རྒྱ་གཞུང་གིས་བོད་ཁུལ་དུ་དམ་དྲག་ཤུགས་ཆེར་བྱས་རྐྱེན། འདི་ག་ལྟེ་གནས་ཁང་མཚོན་པའི་ཕྱི་ཕྱོགས་ཀྱི་བརྒྱུད་ལམ་ཁག་ཏུ། དེ་སྔོན་གཞས་པ་ཁོང་གཉིས་ལ་ཁྲིམས་ཆད་ལོ་༢བཅད་པ་བཀོད་ཡོད་ཀྱང་། ཉེ་ཆར་བོད་ནས་རྒྱུས་ཡོད་ཁུངས་ལྡན་གནས་ཚུལ་ལྟར་ན། འདི་ཟླ་༡༠་ཚེས་༣ ཉིན། བོད་མདོ་སྨད་རྔ་པ་རང་སྐྱོང་ཁུལ་རྨེའུ་རུ་མའི་གཞས་པ་པདྨ་འཕྲིན་ལས་དང་ཕྱག་རྡོར་གཉིས་བཙོན་འཇུག་ཁྲིམས་ཆད་༤ཚང་ནས་གློད་གྲོལ་གྱི། རྩོམ་པ་པོ་དང་སྒྱུ་རྩལ། གཞས་པ་སོགས་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཐེའུ་རང་དང་འཇང་ཁོ། བུད་དྷ། སངས་དགའ་སོགས་ཀྱིས་སྣེ་ལེན་ཞུས་འདུག སྣེ་ལེན་མཉམ་པར་གྱི་ནང་དུ་གཞས་པ་ཁོང་གཉིས་ཀྱི་ལག་ཏུ་སྐྱེས་ཆེན་དམ་པ་གྷན་རྡི་ལགས་ཀྱི་པར་ཅིག་པར་སྒྲོམ་ནང་དུ་བཅུག་པའི་གཡས་སུ་བོད་ཡིག་བྲིས་འདུག་ཀྱང་ཁ་བཏགས་ཀྱིས་གབ་ནས་གསལ་པོ་མཐོང་གི་མི་འདུག སྐྱེས་ཆེན་དམ་པ་གྷན་རྡི་ནི་ཡོངས་གྲགས་སུ་འཚེ་མེད་ཞི་བའི་འཐབ་རྩོད་ཀྱི་མེས་དཔོན་ཞེས་གུས་བཀུར་ཞུ་བཞིན་ཡོད། སྣེ་ལེན་མཉམ་པར་དང་འབྲེལ་ནས་རྩོམ་པ་པོ་ཐེའུ་རང་གིས་”སྤུན་ཟླ་འདི་གཉིས་ཀས་གཞས་བཏང་བས་བཙོན་ལ་འགྲོ་དགོས་ཐུག་པ་རེད། མི་ལོ་ཧྲིལ་བོ་བཞི་ལ་བཙོན་ནས་བསྡད་བཞག མདང་ནུབ་ཁོང་གཉིས་ཀ་ཕ་ས་ཕ་ཡུལ་དུ་བདེ་ལེགས་ངང་ལོག གཅིག་གི་མིང་ལ་པད་མ་འཕྲིན་ལས་ཟེར། བཙོན་ཟས་བཙོན་ཆུ་ཅ་ནེ་གཅིག་གི་ནང་ཟ་རོགས་འཐུང་རོགས་ཡིན། གཅིག་གི་མིང་ལ་ཕྱག་རྡོར་ཟེར། ངེད་གཉིས་བཙོན་ཁང་གཅིག་ཡིན་ནའང་། བཙོན་ཁག་ཁ་ཁ་ཡིན། གཉིས་ཀ་ཨ་མདོ་རྔ་བ་རྨེ་རུ་མའི་མྱི་ཡིན། རྨེ་རུ་མ་ནི་རི་སྒང་ཞིག་ན་སོ་ཁང་ཁེར་ཧྲེང་ཧྲེང་ཞིག་ཡོད་ས་དེ་ཡིན། རི་སྒང་དེ་ནས་ཉིན་ཕྱེད་ཙམ་ལ་མྱི་རྟ་སུམ་ཅུ་ལྷག་བཞུད་སོང་” ཞེས་བཀོད་འདུག རྒྱ་གཞུང་གིས་ཕྱི་ལོ་༢༠༡༢ཟླ་༧་ཡས་མས་ཙམ་ལ། བོད་མདོ་སྨད་རྔ་པ་རང་སྐྱོང་ཁུལ་རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་དང་པོའི་གླུ་བ་པདྨ་འཕྲིན་ལས་དང་གླུ་བ་ཕྱག་རྡོར་གཉིས་ཀྱིས། རང་ལུས་མེར་སྲེག་གིས་མཚོན་པའི་བོད་ནང་གི་གནས་སྟངས་དང་། དེ་བཞིན་༸གོང་ས་མཆོག་དང་༸པཎ་ཆེན་རིན་པོ་ཆེ། ཀིརྟི་རིན་པོ་ཆེ་བཅས་ལ་དྲན་གླུ་དང་བསྟོད་གླུ། སྲིད་སྐྱོང་བློ་བཟང་སེང་གེ་ལ་བསྟོད་གླུ་བླངས་ཡོད་པའི་ཆེད་སྒྲིག་གླུ་གཞས་འོད་སྡེར་༼སོས་མེད་རྨ་ཁའི་ཟུག་གཟེར།༽ཞེས་པ་ཞིག་འགྲེམས་སྤེལ་བྱས་ཏེ་ཉིན་ཤས་ལས་མ་སོང་བར། རྒྱ་གཞུང་གིས་ཀན་ལྷོ་རྨ་ཆུ་རྫོང་ཐོག་ནས་གླུ་བ་ཁོང་གཉིས་འཇུ་བཟུང་བཙན་ཁྲིད་བྱས་ཏེ་ཟླ་བ་ ༦ ལྷག་རིང་རྔ་པ་རྫོང་དུ་བཀག་ཉར་འདྲི་གཅོད་བྱས་མཐར། ཁོང་གཉིས་ཀྱི་ནང་མིར་ཁོང་གཉིས་ལ་ཕྱི་ལོ་༢༠༡༣ ཕྱི་ཟླ་ ༢ནང་ལོ་ ༢ རེའི་བཙོན་འཇུག་ཁྲིམས་ཐག་བཅད་དེ་སི་ཁྲོན་གྱི་མེན་ཡང་ཞེས་པའི་ས་གནས་ཀྱི་བཙོན་ཁང་ཞིག་ཏུ་བསྐྱལ་ཡོད་སྐོར་གྱི་ཡི་གེ་ཞིག་སྤྲད་ཡོད་པ་བཞིན། ཁོང་གཉིས་ཀྱི་ནང་མི་རྣམས་ཐེངས་གཉིས་ལ་ཐུག་འཕྲད་དུ་བསྐྱོད་ཀྱང་། མེན་ཡྰང་ས་གནས་ཀྱི་འབྲེལ་ཡོད་མི་སྣས་ཁོང་གཉིས་དེེེར་མེད་ཚུལ་བརྗོད་ནས་ཐུག་འཕྲད་བྱེད་བཅུག་མེད། མ་ཟད་སྐབས་ དེར་ཁོང་གཉིས་ལ་རོལ་མོའི་རམ་འདེགས་པ་མཁྱེན་རབ་དང་ཚིག་རྩོམ་པ་པོ་ཉག་ལྡོམ་པོ་གཉིས་ཀྱང་གང་བྱུང་འཇུ་བཟུང་རྗེས། གནས་ཚུལ་ག་རེ་བྱུང་ཡོད་མེད་ཤེས་རྟོགས་མ་བྱུང་རྐྱེན། འདི་ག་ལྟེ་གནས་ཁང་གི་ལས་བྱེད་ཀྱིས། ཕྱི་ལོ་༢༠༡༣ཟླ་༦ཚེས་༡༥ཉིན། མེན་ཡྰང་བཙོན་ཁང་གི་འགོ་གཙོ་ཞི་ཕིན་( Mr Xie Ping )ལ་ཐད་ཀར་ཁ་པར་((0086 8162890762)བཏང་ནས་གཞས་པ་ཁོང་གཉིས་གང་དུ་ཡོད་མེད་དྲིས་པ་ན། ཁ་པར་སྒོ་དེ་མུར་གཏད་ནས་ལན་མ་རྒྱབ་པ་རེད། འདི་ག་ལྟེ་གནས་ཁང་གིས། རྒྱ་གཞུང་གིས་དེ་ལྟར་གཞི་རྒྱ་ཆེ་བའི་ཇུས་དང་འཆར་གཞི་ལྡན་པའི་སྒོ་ནས་བོད་ཀྱི་ཤེས་ཡོན་པ་དང་སྒྱུ་རྩལ་པ་རྩ་མེད་དང་འབུར་འཇོམས་བྱས་པ་དང། བོད་མི་གང་བྱུང་འཛིན་བཟུང་བཀག་ཉར་སྐབས་སུ་མི་སྤྱོད་ལས་འདས་པའི་བཅར་རྡུང་དང་། གསང་བའི་སྒོ་ནས་ཁྲིམས་ར་འཚོགས་པ་དང། ཁྲིམས་ཁང་དུ་ཞུ་གཏུག་དབང་ཚད་དང་སྒེར་གྱི་ཁྲིམས་རྩོད་པ་གླས་མི་ཆོག་པར་གང་བྱུང་ཁྲིམས་ཐག་བཅད་པ་འདི་དག་ནི། ཆེས་སྤྱིར་བཏང་གི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཁག་ལ་རྡོག་རོལ་དང་། རྒྱལ་སྤྱིའི་སྤྱི་ཆིངས་ཁག་དང་རྒྱ་ནག་རང་གི་རྩ་ཁྲིམས་བཅའ་ཁྲིམས་སོགས་ལ་རྩིས་མེད་རྒྱབ་འགལ་ཞིག་ཏུ་ངོས་འཛིན་མ་ཞུས་ཐབས་མེད་བྱུང་། གླུ་བ་ཕྱག་རྡོར་ནི། ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༠ ཉིན་རང་ལུས་མེར་སྲེག་གནང་སྟེ་འདས་གྲོངས་སུ་གྱུར་པའི་རྒྱལ་གཅེས་དཔའ་བོ་གཅོད་པ་ལགས་གཉིས་ནི་ཕ་སྤུན་གྱི་བུ་སྤུན་ཡིན་པ་དང་། གླུ་བ་ཕྱག་རྡོར་དང་པདྨ་འཕྲིན་ལས་གཉིས་ཀྱང་ཕན་ཚུན་ཉེ་འབྲེལ་ཞིག་ཡིན་འདུག གླུ་བ་པདྨ་འཕྲིན་ལས་ལགས་ནི་རང་ལོ་༢༦ ཡིན་ལ། ཕའི་མིང་ལ་འཛམ་ལྷ་ཟེར་ཞིང་གྲོངས་ཟིན་པ་དང་མའི་མིང་ལ་ཚེ་རིས་མ་ཟེར། གླུ་བ་ཕྱག་རྡོར་ལགས་ནི་རང་ལོ་ ༣༦ ཡིན་ལ། ཕའི་མིང་ལ་མཆོག་ལྡན་མདོ་བ་ཟེར་གྱི་ཡོད་འདུག ༼སོས་མེད་རྨ་ཁའི་ཟུག་གཟེར།༽ ཞེས་པའི་གླུ་གཞས་འོད་སྡེར་དེའི་ནང་། ༡ གངས་རིའི་མགོན། ༢ སྐྱོ་འབོད། ༣ ང་ཡི་རྩ་བའི་བླ་མ། ༤ ངོ་ཚ། ༥ བཟོད་མེད་ཀྱི་སྡུག་བསྔལ།…
བཙན་བྱོལ་གྱི་རྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་༢༠༡༣ཟླ་༣ཚེས་༢༤་ཉིན་འཛམ་ཐང་ནས་རང་ལོ་༣༠ཡིན་པའི་སྐལ་སྐྱིད་ཀྱིས་རང་ལུས་མེར་བསྲེགས་གནང་བ་དང་བསྟུན། རྒྱ་གཞུང་གིས་སྐལ་སྐྱིད་དང་འབྲེལ་བར་བསྙད་ནས། རྒྱ་གཞུང་གིས་འཛམ་ཐང་ནས་ཡིན་པའི་ཆོས་འཛིན་ཞེས་པའི་བོད་མི་ཞིག་འཇུ་བཟུང་བཀག་ཉར་དང་། ཟི་ཁྲོན་མེན་ཡེང་བཙོན་ཁང་དུ་བཙོན་འཇུག་གིས། ཁྲིམས་ཆད་ལོ་༣བྱས་ནས་ཟླ་འདིའི་ཚེས་༢༧ཉིན་གློད་གྲོལ་བཏང་ཡོད་འདུག འབྲེལ་བ་ཡོད་རབས་ཀྱི་བཙོན་འཇུག་ཁྲིམས་ཆད་བྱས་པ་འདི་ནི་རྒྱ་གཞུང་གིས་བོད་མི་རང་ལུས་མེར་བསྲེགས་གཏོང་མཁན་མ་ལུས་པ་ཁྲིམས་འགལ་ཞིག་ཏུ་བརྩིས་པ་མཚོན་པ་མ་ཟད། འབྲེལ་བ་ཡོད་མཁན་ཚང་མ་ལ་༼བསམ་བཞིན་མི་གསོད་པའི་ནག་ཉེས་དང་བརྒྱུད་སྐུལ་བསླུ་བྲིད་བྱས་ནས་མི་བསད་པའི་ནག་ཉེས་༽ ཞེས་ཉེས་འགལ་ཞིག་ཏུ་དྲངས་ཀྱི་ཡོད་པ་བསྟན་ཡོད། དེ་བས་འདི་ག་ལྟེ་གནས་ཁང་གི་ཆབ་སྲིད་བཙོན་པའི་མིང་གཞུང་ཐོ་འགོད་སྡེ་ཚན་གྱིས། བོད་ནང་དུ་ཕྱི་ལོ་༢༠༠༩ནས་ད་ལྟའི་བར་(༢༠༡༦།༩།༣༠)རང་ལུས་མེར་བསྲེགས་གནང་མཁན་༡༤༥དང་། རང་ལུས་མེར་བསྲེགས་གནང་མཁན་ལ་ངན་སྐུལ་དང་། རང་ལུས་མེར་བསྲེགས་གནང་མཁན་གྱི་གནས་ཚུལ་ཕྱི་བསྒྲགས་བྱས་སོང་སོགས་རྒྱ་གཞུང་གིས་མ་ཉེས་ཁ་གཡོག་འོག བོད་མི་༨༧་ལྷག་བཙོན་འཇུག་ཁྲིམས་ཆད་བྱས་ཡོད་པ་ཐོ་བཀོད་བྱས་འདུག དེ་ནི་འདི་ག་ལྟེ་གནས་ཁང་གིས་བོད་ནང་དུ་གོང་འཁོད་ལག་སོན་བྱུང་པའི་གྲངས་ཀ་ཙམ་ལས། འདི་ལས་མང་བ་ཞིག་གི་གནས་ཚུལ་ཕྱི་ཕྱོགས་སུ་མཁོ་སྤྲོད་མ་ཐུབ་པར་ལྷག་ཡོད་པའི་ཡིད་ཆེས་བྱེད་ཀྱི་ཡོད། རྒྱ་གཞུང་གི་<<ཉེས་ཁྲིམས་>>གྱི་དོན་ཚན་༢༣༢ནང་དུ། གང་ཟག་སུ་ཞིག་ཕ་རོལ་བོ་ཤི་རྨས་གང་བྱུང་གི་གནས་ཚུལ་ལྷག་པ་དང་འབྲེལ་བ་བྱུང་ཚེ། དེ་ལ་བསམ་བཞིན་མི་བསད་པའི་ནག་ཉེས་དང་ཀུན་སློང་ཡོད་བཞིན་དུ་ངན་སྐུལ་དང་བརྒྱུད་སྐུལ་ཞེས། ཁྲིམས་ཆད་དུས་ཡུན་ཀྱི་དུས་བཀག་ནི། སྲོག་ཐོག་ཁྲིམས་ཆད་དང་ཚེ་བཙོན། ཡང་ན་ལོ་བཅུ། ཉུང་ཤོས་ལོ་གསུམ་གཅོད་ངེས་ཞེས་གསལ་ཡོད་པ་བཞིན། གོང་འཁོད་རང་ལུས་མེར་བསྲེགས་དང་འབྲེལ་བར་བསྙད་ནས་ཁྲིམས་ཆད་ཁུར་བའི་བོད་མི་༨༧ཁྲོད། སྲོག་ཐོག་ཁྲིམས་གཅོད་བྱུང་བ་༡་དང་། ཉུང་ཤོས་བདུན་ཕྲག་༣དང་ཉིན་༥བཀག་ཉར་བྱས་པ་སོགས་སྣ་ཚོགས་ཡོད་པས། འདས་པོ་སྐལ་སྐྱིད་དང་འབྲེལ་བ་ཡོད་པར་བསྙད་པའི་ཆོས་འཛིན་ལགས། སྐལ་སྐྱིད་ཀྱི་གནས་ཚུལ་དང་གནད་དོན་གང་ཐད་ལ་འབྲེལ་བ་ཡོད་རབས་ཀྱི་མ་ཉེས་ཁ་གཡོག་གང་བྱས་ཁག་ད་ལྟའི་བར་ཤེས་རྟོགས་མ་བྱུང་རུང་། རྒྱ་གཞུང་གིས་ཆོས་འཛིན་བཞིན་གྱི་འབྲེལ་བར་བསྙད་ནས་བཙོན་འཇུག་ཁྲིམས་ཆད་ལོ་༣བྱས་པའི་བོད་མི་ད་ལྟའི་བར་༡༣ བྱུང་ཡོད། འདི་ཟླ་༩ཚེས་༢༧ཉིན། རྒྱ་གཞུང་གིས་ཆོས་འཛིན་གློད་གྲོལ་བྱས་པའི་གནས་ཚུལ་ནང་མི་གཉེན་ཉེ་རྣམས་ཀྱིས་ཐོས་འཕྲལ། ནང་མི་རྣམས་ཟི་ཁྲོན་མེན་ཡེང་བཙོན་ཁང་དུ་ཆོས་འཛིན་སྣེ་ལེན་བསུ་མར་བཅར་ཡང་། ཉེན་རྟོག་པ་ལྷན་བཅར་གྱིས་ཁྱིམ་བར་དུ་བསྐྱལ་འདུག ཁོང་ཕྱིར་ཁྱིམ་དུ་འབྱོར་བའི་ཉིན་གཉིས་པར་གྲོང་སྡེ་དང་ཉེ་སར་ཡོད་པའི་ཇོ་ནང་དགོན་དུ་མཆོད་འབུལ་བྱེད་དུ་ཕྱིན་འདུག ཕྱིའི་མཐོང་སྣང་ལ་ཆོས་འཛིན་གྱི་གཟུགས་གཞི་སྐམ་ཞིང་རིད་པ་ལས་བདེ་ཐང་ཡིན་མིན་གྱི་གནས་ཚུལ་གསལ་ཁ་མི་འདུག