གསར་འགྱུར།

ཨ་མདོ་གཅན་ཚ་ནས་དགེ་འདུན་པ་འཇམ་དབྱངས་བློ་གསལ་གྱིས་རྒྱ་གཞུང་ལ་ངོ་རྒོལ་གྱི་རང་བསྲེགས་གནང་བ་བརྒྱུད་དེ་མུར་སྐུ་གྲོངས་ཡོད་འདུག བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༩ཉིན་གྱི་ཞོགས་པ་སྔ་པོར། དགེ་འདུན་པ་འཇམ་དབྱངས་བློ་གསལ་ལགས་ཀྱིས། གཙན་ཆ་རྫོང་ཐོག་གི་མི་དམངས་སྨན་ཁང་གི་ཉེ་འགྲམ་ནས། རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་ཀྱིས་སྐུ་གྲོངས་ཡོད་འདུག ས་གནས་ཉེན་རྟོག་པ་དེ་མུར་སླེབས་ནས་ཁོང་གི་སྐུ་ཕུང་བཙན་འཁྱེར་བྱས་པ་ལྷན། ས་གནས་དེར་ཉེན་རྟོག་པ་དང་དམག་མི་སོགས་འབོར་ཆེན་འགྲེམས་འཇོག་གིས་མི་མང་གི་འགྲོ་བསྐྱོད་དང་གནས་ཚུལ་དྲ་རྒྱ་རིགས་ལ་དམ་དྲག་བྱེད་འགོ་ཚུགས་ཡོད་འདུག དགེ་འདུན་པ་འཇམ་དབྱངས་བློ་གསལ་ལགས་ཀྱི་ཕ་མ་གཙོས་པའི་ནང་མི་རྣམས་ཉེན་རྟོག་ཁང་དུ་ཁོང་གི་སྐུ་ཕུང་ལེན་དུ་ཕྱིན་ནས་དེའི་དོན་ཡར་ཞུ་བྱས་ཀྱང་། ཚུར་རྩིས་སྤྲད་བྱས་མི་འདུག ད་ལྟ་དགུང་ལོ་༢༢ཡིན་པའི་དགེ་འདུན་པ་འཇམ་དབྱངས་བློ་གསལ་ནི། འདི་ལོའི་གསུམ་བཅུ་དུས་དྲན་རྗེས་ནས་ད་ལྟའི་བར། བོད་ནང་ནས་རང་ལུས་མེར་བསྲེགས་གནང་མཁན་ཨང་བཞི་བ་སྟེ་ཆགས་ཤིང་། རྒྱ་གཞུང་གིས་བོད་ས་བཅད་བགོས་ལྟར་ན། མདོ་སྨད་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་གཅན་ཚ་རྫོང་གི་སྣང་ར་ཡུལ་ཚོའི་གྱེར་སྟེང་དགོན་པའི་ཨ་ཁུ་བཤད་སྒྲུབ་ཀྱི་དགེ་ཕྲུག་དང་། ཕ་ཡུལ་གཅན་ཚ་རྫོང་སྣང་ར་ཡུལ་ཚོའི་མདོང་རྒྱ་སྡེ་བ་ནས་ཡིན་འདུག ཡང་ཟླ་འདིའི་ཕྱི་ཚེས་༢ཉིན་གྱི་དགོང་དྲོ་ལྟར་ན། ཨ་མདོ་བླ་བྲང་བསང་ཆུ་རྫོང་གི་འབོ་བ་དགོན་པའི་ཉེ་འདབས་ནས་རང་ལུས་མེར་བསྲེགས་གནང་བའི་སློབ་འབྲིང་སློབ་མ་དང་། རང་ལོ་༡༦ཡིན་པའི་ཕྱག་རྡོར་སྐྱབས་ལགས་ཉེ་ཆར་སྐུ་གྲོངས་ཡོད་པའི་གནས་ཚུལ་ཟླ་འདིའི་ཕྱི་ཚེས་༡༨ཉིན་ཐོན་ཐོག ཁོང་གི་ཕ་མ་གཉིས་ཀྱང་སླར་ཡང་ཉེན་རྟོག་པས་འཇུ་བཟུང་བཙན་འཁྲིད་ཡོད་འདུག དེ་ནི་ཉེན་རྟོག་པས་ཁོང་གི་ཕ་མ་འཇུ་བཟུང་བྱས་པ་ཐེངས་གཉིས་པ་དེ་ཆགས་ཡོད་ཅིང་། དེ་སྔ་ཕྱག་རྡོར་སྐྱབས་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བའི་ཉིན་མ་དེ་ག་རང་ལ་། ཉེན་རྟོག་པས་ཕྱག་རྡོར་སྐྱབས་ཀྱི་ཕ་བཟོད་པ་དང་། མ་སྒྲོལ་མ་མཚོ། ཁོང་གི་སྲིང་མོ་བཅས་འདྲི་བརྩད་ཆེད་དུ་འགྲོ་དགོས་ཞེས་བཙན་འཁྲིད་བྱས་པ་དང། རྗེས་ནས་གློད་གྲོལ་བྱས་ཡོད་ཀྱང་། དུས་དེ་ནས་བཟུང་། ཕྱག་རྡོར་སྐྱབས་ཀྱི་སྲིང་མོ་སེམས་ཁམས་མི་བདེ་བར་ཆགས་ནས་ད་ལྟ་ཉལ་སར་ལྷུང་ཡོད་ཀྱང་། ཕ་མ་གཉིས་སླར་ཡང་འཇུ་བཟུང་བྱས་པར་བརྟེན། ཉལ་སར་ལྷུང་བའི་ནད་པར་ལྟ་རྟོག་བྱེད་མི་མེད་པའི་དཀའ་ངལ་འཕྲད་ཀྱི་ཡོད་འདུག ཕྱག་རྡོར་སྐྱབས་ནི་འབོ་ར་རྡར་མདོ་སྡེ་བའི་མ་སྒྲོལ་མ་འཚོ་དང་། ཕ་བཟོད་པ་གཉིས་ཀྱི་བུ་ཡིན་པ་དང་། ཁོང་ནི་འབོ་ར་ས་ཁུལ་དེར་བྱུང་བའི་རང་ལུས་མེར་བསྲེགས་གནང་མཁན་ཨང་བཞི་བ་དེ་ཆགས་ཡོད་འདུག…

Continue Reading

དེ་རིང་ནི། རྒྱ་ནག་སྲིད་གཞུང་གིས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་བྱུང་འཇུ་བཟུང་གིས་བཙན་འཁྲིད་རྗེས། ད་ལྟའི་བར་གར་སོང་ཆ་མེད་དུ་སོང་ནས་མི་ལོ་༢༢འགོར་བའི་དུས་ཚིགས་ཁྱད་པར་ཞིག་ཆགས་ཡོད།      རྒྱ་གཞུང་གིས་ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༧ ཉིན།  ༸པཎ་ཆེན་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། ཁོང་གི་ཕ་མ་ནང་མི་དང་བཅས་གང་བྱུང་འཇུ་བཟུང་བཙན་འཁྲིད་བྱས་ཤིང་། སྐབས་དེར་དགུང་ལོ་༦ཙམ་ཡིན་པའི་ཁོང་།  འཛམ་གླིང་སྟེང་གི་ཆབ་སྲིད་བཙོན་པ་ཆུང་ཤོས་སུ་གྱུར་བ་མ་ཟད། གར་ཆོས་ཆ་མེད་གྱུར་ནས་ད་ལྟའི་བར་མི་ལོ་༢༢སོང་བའི་༸ཁོང་ནི། འཛམ་གླིང་སྟེང་ནས་གར་སོང་ཆ་མེད་དུ་སོང་བའི་ལོ་ཚད་རིང་ཤོས་ཀྱི་མི་སྣ་གཅིག་པུ་དང་། དེ་ནི་རྒྱ་གཞུང་གིས་ད་ལྟ་དགུང་ལོ་༢༨ཡིན་པའི་༸པཎ་ཆེན་རིན་པོ་ཆེ་གང་བྱུང་འཇུ་བཟུང་གིས་མི་ལོ་༢༢བཀག་ཉར་བྱས་པ་གཅིག་པུ་ཙམ་མ་ཡིན་པར། ༸ཁོང་གི་འཚོ་བསྡད་རང་དབང་དང་ངོ་རྟགས་རང་དབང་བརྩི་མེད་རྡོག་རོལ་དང་། ༸ཁོང་ལ་རང་ཆས་སུ་ཡོད་པའི་འགྲོ་བ་མིའི་གཞི་རྩའི་ཐོང་ཐང་ཆ་ཚང་བཀག་སྡོམ་དང་། ༸ཁོང་ལ་དད་པའི་བོད་མིའི་ཡོངས་ཀྱི་དད་ཆོས་རང་དབང་ལ་སྣང་མེད་བྱས་པ་སོགས་ནི།   རྒྱལ་སྤྱི་དང་རྒྱལ་ནང་གི་ཁྲིམས་སྒྲིག་ཁག་དང་འགལ་བའི་ཉེས་སྤྱོད་ཅིག་ཆགས་ཡོད་ན། འདི་ག་ལྟེ་གནས་ཁང་གིས།    ད་ལྟ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ནི་གཞན་གྱི་བྱ་རའི་འོག་སྡོད་དགོས་པའི་བྱིས་པ་ཞིག་མ་ཡིན་པར། རང་ལོ་ ༢༨ སོན་པའི་གཞོན་ནུ་དར་མ་ཞིག་ཆགས་ཡོད་སྟབས།   རྒྱ་གཞུང་གི་ <<རྩ་ཁྲིམས>> དོན་ཚན་ ༣༤ པའི་ནང་རང་ལོ་ ༡༨…

Continue Reading

འདི་ལོའི་ཕྱི་ཟླ་༢ཚེས་༢༧ཉིན། རྒྱ་གཞུང་གིས་བསྐྱར་དུ་ཨ་མདོ་རྨ་ཆུ་རྫོང་མུ་ར་དགོན་པའི་སྨན་པ་མཁས་གྲུབ་ལགས་བསྐྱར་དུ་འཇུ་བཟུང་གིས་རྫོང་ཉེན་རྟོག་ཁང་དུ་བཀག་ཉར་བྱེད་བཞིན་ཡོད་འདུག   དེ་ནི་ཉིན་དེར་རྨ་ཆུ་རྫོང་གི་ཉེན་རྟོག་པ་སྐོར་ཅིག་ཁོང་གི་ལས་ཤག་ཏུ་ཡོང་སྟེ།   དེ་སྔ་ཁོང་གློད་གྲོལ་སྐབས་གཞུང་བཞེས་བྱས་ཡོད་པའི་ཁ་པར་དང་ཅ་དངོས་སོགས་ལེན་དུ་འགྲོ་དགོས་རབས།  སྐྱ་ཆོས་གོན་དགོས་པ་བཤད་ནས་བཙན་འཁྲིད་བྱས་ནས་ད་ལྟའི་བར་ཟླ་ངོ་གཉིས་ཙམ་ཕྱིན་འདུག་ཀྱང་། གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་ཙང་།  ཡུལ་མི་རྣམས་ཀྱིས་རྒྱ་གཞུང་གིས་ཁོང་ལ་ཉེས་འགེལ་བྱས་ནས་ཁྲིམས་ཐག་གཅོད་པར་དོགས་ནས་སེམས་ཁྲལ་བྱེད་ཀྱི་ཡོད་འདུག     དགུང་ལོ་༥༠ལྷག་ཙམ་ཡིན་པའི་སྨན་པ་མཁས་གྲུབ་ལགས་རྒྱ་གཞུང་གིས་དེ་སྔ་ཕྱི་ལོ་༢༠༡༦ཟླ་༡༢ཚེས་༡༤ཉིན་གྱི་དགོང་མོའི་ཆུ་ཚོད་༡༡ཡས་མས་ཤིག་ལ། རྨ་ཆུ་རྫོང་གི་འཐབ་རྩོད་གཅིག་གྱུར་གྱི་མི་སྣ་ཁོང་གི་བཞུགས་ཤག་ཏུ་སླེབས་སྟེ་ཁོང་བཙན་འཁྲིད་བྱས་པ་དང་། སྐབས་དེར་བཞུགས་ཤག་ཏུ་ཁོང་གཅིག་པུ་ལས་མེད་ཙང་། ཁོང་གང་དུ་སོང་མིན་ཤེས་རྟོགས་བྱུང་མཁན་མེད་པར་བརྟེན། ཕྱི་ཉིན་མུ་ར་དགོན་པའི་འཛིན་སྐྱོང་དོ་དམ་པ་རྒན་ཚེ་བརྟན་དང་སྨན་པ་མུ་ར་རྒྱ་པ་བཅས་ཁོང་གཉིས། ས་གནས་ཉེན་རྟོག་ཁང་དུ་སོང་སྟེ་སྨན་པ་མཁས་གྲུབ་ལགས་ཀྱི་སྐོར་སྐད་ཆ་འདྲི་སྐབས། ཉེན་རྟོག་ཁང་ནས་དེའི་སྐོར་གང་ཡང་ཤེས་རྟོགས་མེད་སྐོར་བརྗོད་ཡོད་པ་དང་། དེ་ནས་ཁོང་གཉིས་ཀྱིས་སྨན་པ་མཁས་གྲུབ་ཁོང་གློ་བུར་དུ་བརླག་པའི་བརྡ་ཁྱབ་བཏང་སྟེ་ས་གནས་མི་མང་ཡོངས་ནས་འཚོལ་ཞིབ་བྱ་རྒྱུ་ཡིན་ལུགས་བཤད་པ་ན།   ས་གནས་ཉེན་རྟོག་པས་རྫོང་འབྲེལ་ཡོད་ལས་ཁུངས་ལ་ཁ་པར་བཏང་སྟེ་སྐད་ཆ་དྲིས་པ་བརྒྱུད། ཁོང་འཐབ་ཕྱོགས་གཅིག་གྱུར་ཁང་གི་མི་སྣས་འཛིན་བཟུང་བྱས་ཏེ་རྫོང་ཉེན་རྟོག་ཁང་དུ་བཀག་ཉར་བྱས་ཡོད་པ་བརྗོད་འདུག ཡིན་ནའང་། ཁོང་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་གང་ཡང་འགྲེལ་བརྗོད་མ་བྱས་པར། ཟླ་གཅིག་ལྷག་རིང་བཀག་ཉར་གྱིས་འདྲི་བརྩད་དང་བཅར་རྡུང་བྱས་རྗེས། ཕྱི་ལོ་༢༠༡༧ཟླ་༡ཚེས་༢༡ཉིན་གློད་གྲོལ་བཏང་ཡོད་འདུག འཐབ་ཕྱོགས་གཅིག་གྱུར་ནི་གཞུང་འབྲེལ་ཚོགས་སྡེ་ཞིག་མིན་པར་གུང་ཁྲན་ཏང་གི་ཚོགས་པའི་བཀོད་འདོམས་འོག་ཡོད་པའི་བོད་གྱི་ལས་དོན་ལ་ཐེ་ཇུས་བྱེད་མཁན་ཞིག་ཆགས་ཡོད།      གནས་ཚུལ་མཁོ་སྤྲོད་པས་བརྗོད་གསལ་ལྟར་ན། སྨན་པ་མཁས་གྲུབ་ལགས་ཕྱི་ལོ་ ༢༠༡༢ དང་ ༢༠༡༤ ལོ་བཅས་སྔ་ཕྱི་ཐེངས་གཉིས་ལ།  རྒྱ་གར་ནང་གནས་སྐོར་དུ་ཕེབས་མྱོང་ཡོད་པ་མ་ཟད། རྒྱ་གར་ནས་དགེ་སློང་གི་སྡོམ་པ་ཞུས་ཡོད་པ་དང་། བལ་ཡུལ་ཡང་ལེ་ཤོད་དུ་ཟླ་ཤས་རིང་མཚམས་ལ་བཞུགས་མྱོང་ཡོད་འདུག རྒྱ་བལ་གྱི་གནས་ཆེན་ཁག་ཏུ་གནས་མཇལ་གྲུབ་མཚམས་ཕར་བོད་དུ་ལོག་པ་ན། རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་བྱེད་ནས་ཁོང་ལ་ཡང་ཡང་འདྲི་གཅོད་དང་ཆབ་སྲིད་ཀྱི་དམིགས་ཡུལ་ཡོད་པ་སོགས་ཀྱི་བསྙོན་འཛུགས་སྣ་ཚོགས་བྱས་ཡོད་འདུག་ལ། ཡང་འཇུ་བཟུང་ཐེངས་གཉིས་པའི་སྐབས་སུའང།  སྨན་པ་མཁས་གྲུབ་ལགས་ཀྱིས་རྒྱ་གཞུང་ནས་གསེར་རྟ་བླ་རུང་སྒར་གྱི་གྲྉ་ཤག་གཏོར་བཤིག་དང་གྲྉ་བཙུན་ཕྱིར་ཕུད་ཐད་ལ་བསམ་ཚུལ་དང་གདུང་སེམས་མཉམ་སྐྱེད་མཚོན་པའི་རྩོམ་ཐུང་མང་བོ་བྲིས་པ་དང་། ཁོང་གིས་དུས་རྒྱུན་བོད་མི་རིགས་ཀྱི་ཐུན་མིན་རིག་གནས་ཀྱི་ཁེ་དབང་ལོངས་སྤྱོད་དང་། ལྷག་པར་ཆོས་དད་རང་དབང་ལ་དམ་དྲག་ལ་ངོ་རྒོལ་དང་སྐྱོན་འཛུགས་ཀྱི་རྩོམ་ཡིག་རང་གིས་བྲིས་པ་དང་གཞན་གྱི་བྲིས་པ་བརྒྱུད་བཀོད་བྱས་པས་མཚོན། ༸གོང་ས་མཆོག་གི་བཀའ་སློབ་དང་གསུང་ཆོས་སོགས་སྤྱི་ཚོགས་དྲ་ལམ་དུ་བརྒྱུད་འགོད་བྱེད་ཀྱིན་ཡོད་རབས་ཀྱི་བསྙོན་འཛུགས་བྱས་ཡོད་འདུག…

Continue Reading

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ཟླ་༤ཚེས་་༥ཉིན། ཨ་མདོ་རྔ་བའི་ཆོས་རྗེ་མ་ནས་ཡིན་པའི་བུད་མེད་ཚེ་སྒྲུབ་སྐྱིད་ཅེས་པ་ཞིག་ཟི་ཁྲོན་མན་ཡང་བཙོན་ཁང་ནས་གློད་གྲོལ་གྱིས་ཚུར་ཁྱྲིམ་དུ་འབྱོར་དུས་མཚན་དཀྱྲིལ་ཆགས་ཡོད་ཀྱང་། ནང་མི་གཉེན་ཚན་དང་ཡུལ་མི་༢༠༠ལྷག་གིས་སྣེ་ཕེབས་གཟབ་རྒྱས་ཞུས་ཡོད་འདུག དུས་རྒྱུན་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དམ་དྲག་སྲིད་ཇུས་དང་དོ་དམ་ནན་ཏིག་གིས་དབང་གིས་གནས་ཚུལ་ཁག་དུས་ཐོག་ཕྱི་ཕྱོགས་སུ་མཁོ་སྤྲོད་དང་ལག་སོན་ཁག་པོ་ཡོད་པ་བཞིན། འདི་ག་ལྟེ་གནས་ཁང་གི་ཆབ་སྲིད་བཙོན་པའི་ཐོ་གཞུང་དང་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ཚེ་སྒྲུབ་སྐྱིད་དེ་སྔ་འཇུ་བཟུང་བྱས་པའི་གནས་ཚུལ་གང་ཡང་ཐོན་མེད་པས། འདི་ག་ལྟེ་གནས་ཁང་གི་གནས་ཚུལ་མཁོ་འདོན་མཁན་ལ་འདྲི་བརྩད་བྱས་པ་བརྒྱུད། དེ་སྔ་ཕྱི་ལོ་༢༠༡༢ཟླ་༡༢ཚེས་༣ཉིན། ཨ་མདོ་མགོ་ལོག་པདྨ་རྫོང་སེ་ལེ་ཐང་ཡུལ་ཚོ་ནས་ཡིན་པའི་གྲྭ་བློ་བཟང་དགེ་འདུན་ལགས་ཀྱིས་རྒྱ་རྒོལ་གྱི་རང་ལུས་མེར་བསྲེགས་གནང་རྗེས་སྐུ་འདས་སུ་སོང་ཞིང་། འདས་པོའི་སྐུ་ཕུང་རྒྱའི་ཉེན་རྟོག་པའི་ལག་ཏུ་མི་ཤོར་བའི་ཆེད་དུ། སྐབས་དེར་ཡོད་པའི་ཡུལ་མི་དང་གཡས་གཡོན་གྱི་མིས་སྐུ་ཕུང་དགོན་པར་འོར་འདྲེན་དང་ཉེན་རྟོག་པ་བཀག་སྡོམ་བྱས་པའི་ཁ་ཐུག་ཏུ། ཚེ་སྒྲུབ་སྐྱིད་ཀྱིས་འདས་པོའི་སྐུ་ཕུང་ལ་ཇུས་ནས། བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་ཕེབས་འཇུག་དགོས་ཞེས་སྐད་འབོད་བྱས་དབང་གིས་རུང་མིན་ཉེན་རྟོག་པས་འཇུ་བཟུང་བཙན་འཁྲིད་ཡོད་ཚོད་འདུག་ལ། ཕྱི་ལོ་༢༠༡༣ཟླ་༤ཚེས་༥ཉིན། ཁོང་མོར་ཁྲིམས་ཐག་ལོ་༤བཅད་རྗེས་མེན་ཡང་བཙོན་ཁང་དུ་བཅུག་ཡོད་འདུག ཚེ་སྒྲུབ་སྐྱིད་བཙོན་ཁང་དུ་ཡོད་སྐབས་ནད་མནར་གྱིས་དབང་གིས་ལོ་གཅིག་ལྷག་ལ་བཙོན་པའི་སྨན་ཁང་དུ་སྨན་བཅོས་བྱེད་དགོས་བྱུང་འདུག་པས། བཙོན་གྲོལ་བྱུང་ལ་ཉེ་དུས། བཙོན་ཁང་གི་འཛིན་སྐྱོང་ངོས་ནས་ཁོང་མོར་དེ་སྔའི་ནད་རིན་རྒྱ་སྒོར་ཁྲི་༡༣ཙམ་སོང་ཡོད་པའི་སྐྱིན་ཚབ་དགོས་རབ་ཀྱི་སུན་གཙེར་དང་གནག་འདེད་བྱས་པ་ལས། ཁོང་མོ་ཅི་ཞིག་ན་བ་དང་ན་དོན་སོགས་ཀྱི་སྐོར་གྱི་གནས་ཚུལ་གསལ་ཁ་བྱུང་ཡང་། འདི་ག་ལྟེ་གནས་ཁང་གིས་དེ་ནི་རྒྱ་གཞུང་གིས་ཚེ་སྒྲུབ་སྐྱིད་འཇུ་བཟུང་དུས་ཚོད་ནས་བཙོན་ཐག་བཅད་པའི་བར་གྱི་དུས་ཡུན་ཟླ་བ་བཞི་ཙམ་འགོར་བ་དང་། བཙོན་ཐག་དངོས་སུ་མ་བཅད་པའི་དུས་ཡུན་ནི་དུས་རྒྱུན་བཙོན་པར་ཚ་འདྲི་དང་མི་སྤྱོད་ལས་འདས་པའི་མནར་གཅོད་གཏོང་སྲོལ་ཡོད་པའི་དུས་ཚོད་ཅིག་ཡིན་ན། ཚེ་སྒྲུབ་སྐྱིད་ཀྱང་དུས་ཡུན་དེའི་རིང་ལ་མནར་གཅོད་ཚད་མེད་བཏང་དབང་གིས་ནད་མནར་བྱུང་བ་ཡིན་པ་ངོས་འཛིན་མི་ཞུ་དཀའ་མེད་ཆགས་ལ།དེ་ནི་རྒྱ་གཞུང་གིས་དུས་རྒྱུན་བོད་མིའི་སྟེང་བཙན་ཤེད་ཁོ་ན་སྤྱད་ནས་ནག་ཉེས་ཁས་ལེན་བྱེད་དུ་བཅུག་ཐབས་ཤིག་དང་། ལས་སླ་བོར་ཁས་མི་བླངས་ཚེ་གཅར་རྡུང་གིས་མི་བསད་པ་དང་ནད་པར་གཏོང་བ་སོགས་མང་བོ་བྱུང་བས་ཡིན། ཚེ་སྒྲུབ་སྐྱིད་ནི་རང་ལོ་༣༢ཡིན་པ་དང་།  ཕ་མིང་ལ་དཀོན་མཆོག་སྔོ་རྭ་དང་ཕ་མ་གཅིག་པའི་མིང་སྲིང་བརྒྱད་ཡོད་འདུག་ལ། མོ་རང་ལ་དཔའ་རྩལ་སྐྱབས་ཟེར་བའི་རང་ལོ་༡༤ཡིན་པའི་བུ་ཞིག་ཡོད་འདུག

Continue Reading

རྒྱ་གཞུང་གིས་༢༠༠༨ལོའི་ཞི་རྒོལ་ཆེན་མོའི་འགོ་ཁྲིད་ལ་བསྙད་ནས་འཇུ་བཟུང་བྱས་པའི་གཙང་དགོན་པའི་དགེ་འདུན་པ་མཆོག་སྤྲིན་རྒྱ་གློད་གྲོལ་གྱི་ཚུར་ཁྱིམ་དུ་འབྱོར་ཡོད་འདུག འདི་ག་ལྟེ་གནས་ཁང་དུ་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༥་ཉིན་གྱི་བོད་ནང་གི་ཕྱི་དྲོ་ཆུ་ཚོད་༥ཡས་མས་སུ། མདོ་སྨད་གཙང་དགོན་པའི་དགེ་འདུན་པ་མཆོག་སྤྲིན་རྒྱ་མཚོ་ལགས་ཟི་ལིང་ཏོ་པ་བཙོན་ཁང་ནས་ལོ་༡༠བཙོན་འཇུག་དུས་ཡུན་ཚང་ནས་གློད་གྲོལ་བྱས་ཡོད་འདུག་ལ། ཟི་ལིང་ནས་གཙང་ཨ་རིག་གི་རང་ཁྱིམ་དུ་འབྱོར་དུས་མཚན་དཀྱིལ་རེད་ཡོད་འདུག དེ་ནི་རྒྱ་གཞུང་གིས་དེ་སྔ་ནས་དགེ་འདུན་པ་ཁོང་ཚུར་འབྱོར་བར་གཟབ་རྒྱས་ཕེབས་བསུ་དང་པར་སོགས་རྒྱག་མི་ཆོག་པའི་བཙན་བཀའ་བཏང་ཡོད་པ་བཞིན་འཆར་གཞི་ལྡན་པའི་གོ་སྒྲིག་ཅིག་ཡིན་འདུག ༢༠༠༨ལོའི་ཟླ་༣་ཚེས་༡༧ཉིན།  བོད་ས་ཁྱོན་ཡོངས་ལ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བ་བཞིན། མདོ་སྨད་གཙང་དགོན་པའི་ལྷ་སྡེ་མི་སྡེ་གཉིས་ངོས་ནས་སྔ་ཕྱི་ཞི་རྒོལ་དང་སྐད་འབོད་གནང་བར། རྒྱ་གཞུང་གིས་དེ་མུར་ཞི་རྒོལ་གྱི་འགོ་འཁྲིད་བྱེད་མཁན་དུ་བསྙད་ནས། གཙང་དགོན་པའི་དགེ་འདུན་པ་མཆོག་སྤྲིན་རྒྱ་མཚོ་དང་། མཁས་སྒྲུབ་རྒྱ་མཚོ། ཚུལ་བཟང་རྒྱ་མཚོ་བཅས་སྔ་ཕྱི་རུ་འཇུ་བཟུང་བཙན་འཁྲིད་ཀྱིས། ཁོང་ཚོར་ཕྱི་ཕྱོགས་ལ་ངན་འབྲེལ་ཡོད་པ་དང་། ཞི་རྒོལ་གྱི་སྣེ་འཁྲིད་ཡིན་པའི་ཉེས་འཛུགས་འོག མཆོག་སྤྲིན་རྒྱ་མཚོ་དང་མཁས་གྲུབ་རྒྱ་མཚོ་ཁོང་གཉིས་ལ་བཙོན་ཐག་༡༠རེ་བཅད་པ་དང་། ཚུལ་བཟང་རྒྱ་མཚོ་ལ་ལོ་༩ ཡི་ཁྲིམས་ཐག་བཅད་ཡོད་འདུག སྔར་ལོ་༢༠༡༦ཟླ་༣། ཕྱི་ཚེས་༨ཉིན། སྔ་ཕྱི་རུ་བཙོན་ཁང་ནས་ལས་ཀར་ཧུར་བརྩོན་དང་སྒྲིག་ཁྲིམས་གཙང་ཁུར་བྱས་དབང་གིས་དགེ་འདུན་པ་མཁས་གྲུབ་རྒྱ་མཚོ་ལགས་ལོ་གཉིས་ཀྱི་ཁྲིམས་ཆད་ཆག་ཡང་གིས་གློད་གྲོལ་བཏང་ཡོད་ཀྱང་། ཁྲིམས་ར་མ་འཚོགས་པའི་སྔོན་དུ་ཚ་འདྲི་དང་རྡུང་རྡེག་ཤུགས་ཆེར་བྱས་པར་བརྟེན་ནས་ཁོང་གི་ངོ་གདོང་འཁྱོག་ཅིང་མིག་གཉིས་ཆེ་ཆུང་ཤོར་བ་ཡོད་པ། གློད་གྲོལ་རྗེས་སྨན་པ་ལ་བསྟེན་གཏུགས་བྱས་ཀྱང་དྲག་སྐྱེད་བྱུང་གི་ཡོད་མི་འདུག    ཡང་ཟླ་དེའི་ཕྱི་ཚེས་༡༤ཉིན། དགེ་འདུན་པ་ཚུལ་བཟང་རྒྱ་མཚོ་ལགས་ལོ་གཅིག་གི་ཁྲིམས་ཆག་ཡང་གི་གློད་གྲོལ་བཏང་ཡོད་ཀྱང་། གློད་གྲོལ་ཕྱི་ལོག་གི་སྣེ་ལེན་ཕེབས་བསུ་དང་ཡར་མར་འགྲོ་བསྐྱོད་སོགས་ལ་དམ་དྲག་ཤུགས་ཆེར་བྱས་ཙང་། ཁོང་གཉིས་ཀྱི་ད་ལྟའི་གནས་སྟངས་གསལ་བོ་ཤེས་རྟོགས་ཐུབ་ཀྱི་ཡོད་ཚོད་མི་འདུག དགེ་འདུན་པ་མཆོག་སྤྲིན་རྒྱ་མཚོ་ལགས་ནི།   རྒྱ་གཞུང་གིས་བོད་ས་བཅད་བགོས་ལྟར་ན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་གཙང་ཨ་རིག་ཉི་མཐའ་(ཞང་)ཡུལ་ཚོ། མཛོ་མོ་རི་ཆེན་ལྔ་བའི་ཕ་འདས་པོ་བློ་བྷེ་དང་། མ་ཚེ་རིང་སྒྲོལ་མ་གཉིས་ལ་ཕྲུ་གུ་བུ་བུ་མོ་དགུ་ཡོད་པ་ལས་ལྔ་བ་དེ་ཡིན་པ་དང་། ད་ལྟ་དགུང་ལོ་ ༤༤…

Continue Reading

             བདུན་ཕྲག་སྔོན་པའི་གཟའ་ལྷག་པའི་ཉིན། དགེ་འདུན་པ་ཞིག་ལོ་གསུམ་གྱི་བཙོན་འཇུག་དུས་ཡུན་ཚང་ནས་གློད་གྲོལ་བྱུང་འདུག ཨ་མདོ་རྔ་བ་ཀིརྟི་དགོན་ནས་ཡིན་པའི་དགེ་འདུན་པ་བློ་བཟང་རྒྱ་མཚོ་ལགས་ཀྱིས་དེ་སྔ་ཕྱི་ལོ་༢༠༡༤ཟླ་༤ཚེས་༢ཉིན། རྔ་བའི་རྫོང་ཐོག་ནས། ལག་བྲིས་རྒྱབ་པའི་བོད་ཀྱི་རྒྱལ་དར་འཕྱར་ཞོར། ༸གོང་ས་མཆོག་བོད་དུ་ཕེབས་བཅུག་དགོས་ཡོད། བོད་ལ་རང་དབང་དགོས་སོགས་ཀྱི་འབོད་ཚིག་བསྒྲགས་པ་ལ་བརྟེན། རྒྱ་གཞུང་གིས་འཇུ་བཟུང་བཀག་ཉར་དང་། རྗེས་སུ་འབར་ཁམས་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁོང་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་བཅད་པ། ད་ལྟ་བཙོན་དུས་ཚོང་ནས། ཟླ་འདིའི་ཕྱི་ཚེས་༡༩ཉིན་གློད་གྲོལ་བྱུང་ཡོད་འདུག བློ་བཟང་རྒྱ་མཚོ་ལགས་ཀྱིས་ཁེར་རྐྱང་ངོ་རྒོལ་བྱས་ནས་ཉེན་རྟོག་པ་སླེབས་མཚམས། ཁོ་རང་བྲོས་ནས་སོང་རྐྱེན་དེ་མུར་འཇུ་བཟུང་ཐུབ་མེད་ཀྱང་། ཉིན་བཅུ་གསུམ་གྱི་རྗེས་སྟེ། ཕྱི་ལོ་༢༠༡༤ཟླ་༤ཚེས་༡༥ཉིན། ཁོང་ཕྱིར་དགོན་པར་སླེབས་པ་དང་བསྟུན་ནས་འཇུ་བཟུང་བཙན་འཁྲིད་ཀྱི་གང་དུ་བཀག་ཉར་ཡོད་མེད་སོགས་ནང་མིར་བརྡ་ལན་བྱས་མེད་པ་མ་ཟད། ནང་མིར་ཁྲིམས་རྩོད་པའང་གླ་རུ་བཅུག་མི་འདུག ཁྲིམས་ར་འཚོགས་སྐབས་ནང་མི་ཟུར་ཉན་དུ་སྐད་བཏང་ཡོད་འདུག  ཡང་འདི་ག་ལྟེ་གནས་ཁང་གིས་དེ་སྔ་གནས་ཚུལ་བཏོན་པའི་ནང་དུ། བློ་བཟང་རྒྱ་མཚོ་ཡི་འཛིན་གྲོགས་བློ་བཟང་བསྟན་པ་ཞེས་པ་ཞིག་ཀྱང་ལོ་གཉིས་ཀྱི་བཙོན་འཇུག་དུས་ཡུན་ཚང་ནས་སྔར་ལོར་ཁྲིན་ཏུ་ཡི་ལོ་ན་མ་སྨིན་པའི་བཙོན་ཁང་ཞེས་པ་ནས་གློད་གྲོལ་བྱུང་ཡོད་འདུག་ལ། དེ་སྔ་བློ་བཟང་རྒྱ་མཚོའི་ཁེར་རྐྱང་ངོ་རྒོལ་བྱས་པ་བརྟེན་ནས་རྒྱ་གཞུང་གིས་འཇུ་བཟུང་བྱས་པའི་ཉིན་ཤས་རྗེས། བློ་བཟང་བསྟན་པ་ལགས་ཀྱིས་ཀྱང་གཅིག་པུ་ཁྲོམ་དུ་ཐོན་ནས་ཁེར་རྐྱང་ངོ་རྒོལ་གནང་བ་རེད་འདུག རྒྱ་གཞུང་གིས་དེ་མུར་བློ་བཟང་བསྟན་པ་འཇུ་བཟུང་བྱས་རྗེས་ཟླ་བ་བརྒྱད་ཀྱི་རིང་ནང་མི་དང་འབྲེལ་བ་རྩ་བཅད་ཀྱི་བཀག་ཉར་བྱས་ཤིང་། གསང་བའི་བཀག་ཉར་གྱི་དུས་ཡུན་རིང་ལ་མི་སྤྱོད་ལས་འདས་པའི་གཅར་རྡུང་དང་འདྲི་བརྩད་ལན་མང་བྱས་ཡོད་འདུག ཕྱི་ལོ་༢༠༡༤ཟླ་༡༡ཚེས་༢༤ཉིན། བློ་བཟང་བསྟན་པ་ལ་རྒྱལ་ཁབ་ཀྱི་བྱ་འགུལ་ལ་ངོ་རྒོལ་བྱས་པའི་ཉེས་འཛུགས་འོག་ཁྲིམས་ཐག་བཅད་ཡོད་འདུག རང་ལོ་༢༣ཡིན་པའི་དགེ་འདུན་པ་བློ་བཟང་རྒྱ་མཚོ་ལགས་ཀྱི་ད་ལྟའི་གཟུགས་གཞིའི་གནས་བབ་ཤེས་རྟོགས་མ་ཐུབ་ཀྱང་། གློད་གྲོལ་བྱུང་མཚམས་ཀྱི་པར་ངོས་སུ་གཟུགས་བབ་སྐྱོ་བོ་རེད་འདུག བཙོན་གྲོལ་བྱུང་བའི་ཁོང་ལ་ནང་མི་དང་གཉེན་ཉེ་ཡུལ་མིའི་ངོས་ནས་གཞི་རྒྱ་ཆེ་བའི་སྣེ་ལེན་ཕེབས་བསུ་ཞུས་འདུག འདི་ག་ལྟེ་གནས་ཁང་གི་ཆབ་སྲིད་བཙོན་པའི་མིང་གཞུང་ཐོ་འགོད་ཚན་པ་ལྟར་ན། ཕྱི་ལོ་༢༠༡༤ནས་ད་ལྟའི་བར་བོད་ནང་ནས་ཁེར་རྐྱང་ངོ་རྒོལ་གནང་བ་ཤེས་རྟོགས་བྱུང་བའི་མི་གྲངས་༢༤དང་། དེ་དག་ཁྲོད་མང་ཤོས་ནི་རྔ་བ་ཀིརྟ་དགོན་གྱི་དགེ་འདུན་པ་དང་།…

Continue Reading

དེ་རིང་ནི་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་གི་ཡང་སྲིད་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རང་ལོ་ ༢༨ ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་མོ་ཡིན་ལ། དེ་བཞིན། རྒྱ་གཞུང་གིས་༸ཁོང་དང་ཁོང་གི་ཡབ་ཡུམ་སྐུ་འཁོར་དང་བཅས་གཞིས་ཀ་ནས་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་གྱུར་མི་ལོ་༢༢ འཁོར་ཅིང་། ༧ཁོང་ནི་འཛམ་གླིང་སྟེང་གར་སོང་ཆ་མེད་གྱུར་རིང་ཤོས་སྟེ་ཆགས་ཡོད། རྒྱ་གཞུང་ལ་མཚོན་ན་དེ་ནི་གསང་རྒྱ་ཆེ་ཤོས་ཤིག་ཀྱང་ཆགས་ཡོད་དེ། འདིའི་ཐད་ཀྱི་གནས་ཚུལ་གསར་ཤོས་ནི་བོད་རང་སྐྱོང་ལྗོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ལས་བྱེད་ནོར་བུ་དོན་གྲུབ་ཟེར་བས། ཕྱི་ལོ་༢༠༡༥ཟླ་༩ཚེས་༦ ཉིན། གསར་འགོད་པའི་འདྲི་བ་དང་བསྟུན་ནས། ཁོང་གིས༧པཎ་ཆེན་རིན་པོ་ཆེ་ཡིས་མུ་མཐུད་སློབ་སྦྱོང་གནང་བཞིན་པ་དང་། བདེ་ཐང་རེད། མི་ཚེ་དཀྱུས་མ་ཞིག་བསྐྱལ་བཞིན་པ་རེད་ཅེས་ལན་སྐྱོན་པ་ཙམ་ལས། དེ་མིན་ལས་གནས་ཚུལ་གསལ་ཁ་གང་མང་བཟོས་མེད། ཡིན་ན་ཡང་། རྒྱལ་སྤྱིའི་བདའ་འདེད་དང་འདྲི་བརྩད་ལ་གསལ་ཁ་མེད་ཅིང་མག་མོག་གི་སྐད་ཆ་དེ་ནི་བོད་ཀྱི་ཆོས་ཀྱི་དབུ་འཁྲིད་ཅིག་གར་སོང་ཆ་མེད་དུ་གྱུར་བའི་ཡ་ལན་མིན་པར་གཡོ་ཟོལ་ཙམ་དུ་སོང་ཡོད་པ་ཡིན། མི་ལོ་༢༢རིང་གར་སོང་ཆ་མེད་དུ་གྱུར་བ། ༸པཎ་ཆེན་རིན་པོ་ཆེ་མཆོག་མུ་མཐུད་བཀག་ཉར་གསང་སྦས་བྱས་པ་དེས། རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐད་དོ་ཁུར་གང་ཡང་མེད་པར། འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཁག་རྡོག་རོལ་གཏོང་བཞིན་པ་གསལ་བོར་བསྟན་ཡོད། སྤྱིར་གར་སོང་ཆ་མེད་དུ་གྱུར་བ་ནི་ཁྲིམས་འགལ་གྱི་ཉེས་སྤྱོད་ཅིག་ཆགས་ཡོད། དེའི་རྒྱུ་མཚན་ནི་གར་སོང་ཆ་མེད་དུ་གྱུར་བའི་གནས་སྟངས་དེས། འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཁག་ལ་བརྡལ་བཤིག་གཏོང་བཞིན་ཡོད་དེ། འགྲོ་བ་མིའི་གཞི་རྩའི་བདེ་འཇགས་དང་ཆེ་མཐོང་གི་ཐོབ་ཐང་། མི་སྤྱོད་ལས་འདས་པའི་མནར་གཅོད་མྱོང་མི་དགོས་པའི་རང་དབང་། འཛིན་བཟུང་བཀག་ཉར་སྐབས་མིའི་འདུ་ཤེས་འཛིན་དགོས་པའི་ཐོབ་ཐང་། ཁྲིམས་གཏུགས་ཀྱི་ཐོབ་ཐང་། དྲང་བདེན་ཁྲིམས་གཅོད་ཀྱི་ཐོབ་ཐང་། ཁྱིམ་ཚང་དང་ཚེ་སྲོག་གི་ཐོབ་ཐང་སོགས་རྡོག་རོལ་གཏོང་བཞིན་ཡོད། རྒྱ་གཞུང་གི་ <<རྩ་ཁྲིམས>>…

Continue Reading

རྒྱ་གཞུང་གིས་༢༠༠༨ལོའི་ས་བྱི་ཞི་རྒོལ་ཆེན་མོའི་འགོ་ཁྲིད་དུ་བསྙད་ནས་འཇུ་བཟུང་བཀག་ཉར་བྱས་པའི་ཨ་མཆོག་མཚན་ཉིད་དགོན་གྱི་དགེ་བཤེས་སྐྱོར་དཔོན་ཚུལ་ཁྲིམས་རྒྱ་མཚོ་ལགས་བཙོན་ཁང་དུ་ལོ་དགུ་བཅུག་བྱས་རྗེས།   ཟླ་འདིའི་ཕྱི་ཚེས་༡ཉིན་མེན་ཡེང་བཙོན་ཁང་ནས་གློད་གྲོལ་གྱིས་དགོང་མོར་ཚུར་རང་ཁྱིམ་ཁྱིམ་དུ་འབྱོར་བར།   ཨ་མཆོག་ཞང་གི་དགོན་གྲོང་གཉིས་ནས་སྣེ་ལེན་གཟབ་རྒྱས་ཞུས་འདུག་པའི་པར་ནང་དུ། ཁོང་གི་ལག་ཏུ་༸གོང་ས་མཆོག་གི་སྐུ་པར་བཏགས་འདུག་ལ། བསྟུད་མར་ཉིན་གཉིས་པར་ཁོང་གི་བཙོན་གྲོགས་དང་ཆབ་སྲིད་བཙོན་ཟུར།    སྐྱོར་དཔོན་ལྷུན་གྲུབ་བསྟན་དར་དང་རྩོམ་པ་པོ་གཉན་སོགས་ཁོང་ལ་ཐུག་འཕྲད་གནང་གི་སླེབས་འདུག འདི་ག་ལྟེ་གནས་ཁང་གིས་དེ་སྔ་གནས་ཚུལ་བཏོན་པ་ལྟར་ན། ཕྱི་ལོ་༢༠༠༨ཟླ་༣ཚེས་༡༩ཉིན། རྔ་བ་སྨར་ཐང་རྫོང་གི་ཨ་མཆོག་ཞང་།  མཚན་ཉིད་དགོན་པའི་དགེ་འདུན་པ་སྟོང་ཕྲག་གཅིག་གིས་ཞི་བའི་གོམ་བགྲོད་བྱས་འགོ་བཙུགས་མ་ཐག བོད་མི་མི་སྐྱའང་གང་མང་ཞིག་ཞི་བའི་གོམ་བགྲོད་དེར་མཉམ་ཞུགས་ཀྱིས། སྐྱ་སེར་གཉིས་ཀ་མཉམ་རུབ་ཀྱི་སྒོ་ནས་ཞང་སྲིད་གཞུང་གི་ལས་ཁུངས་ཨ་མའི་་སྟེང་གི་རྒྱ་དམར་གྱི་རྒྱལ་དར་ཕབས་མར་ནས་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་བྱས་པ་མ་ཟད། ༸གོང་ས་མཆོག་བོད་ལ་ཕེབས་སུ་བཅུག་དགོས་ཡོད། བོད་ལ་རང་དབང་དགོས་ཞེས་སྐད་འབོད་བྱས་པར། ས་གནས་ཉེན་རྟོག་པས་ངོ་རྒོལ་སྐད་འབོད་མཚམས་འཇོག་པའི་འབོད་སྐུལ་ཞུས་ཀྱང་། མང་ཚོགས་ཀྱིས་མུ་མཐུད་ངོ་རྒོལ་བྱས་པར་བསྟེན།   ཉེན་རྟོག་པ་འབོར་ཆེན་འོར་འདྲེན་གྱིས་ངོ་རྒོལ་མགོ་གནོན་དང་དམ་དྲག་བྱས་པ་མ་ཟད། སྐབས་དེ་དུས་རང་ལ། ཉེན་རྟོག་པས་སྐྱོར་དཔོན་ཚུལ་ཁྲིམས་རྒྱ་མཚོ་དང་དགེ་འདུན་པ་གཞན་བཞི་འཇུ་བཟུང་བཀག་ཉར་གྱིས། རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག ཕྱི་ལོ་༢༠༠༨ཟླ་༡༠་ཕྱི་ཚེས་༢༨ཉིན། འབར་ཁམས་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁོང་ཚོ་བཞི་ལ།  བཙོན་ཐག་དུས་ཡུན་འདྲ་མིན་བཅད་ཡོད་པའི་གྲས་སུ། སྐབས་དེར་དགུང་ལོ་༤༢ཡིན་པའི་སྐྱོར་དཔོན་ཚུལ་ཁྲིམས་རྒྱ་མཚོ་ལ་ལོ་༩ ཁྲིམས་ཆད་དང་། དགུང་ལོ་༤༣ཡིན་པའི་སྐྱོར་དཔོན་ལྷུན་གྲུབ་བསྟན་དར་ལ་ལོ་བདུན་གྱི་ཁྲིམས་ཐག་བཅད་ནས་ཕྱི་ལོ་༢༠༡༥ནང་གློད་གྲོལ་བྱུང་འདུག་ལ། དགེ་འདུན་པ་བསོད་ནམས་ཞེས་པ་ལོ་གཅིག་གི་རྗེས་གློད་གྲོལ་བྱུང་ཞིང་། དགུང་ལོ་༣༣དགེ་འདུན་པ་ལྷུན་གྲུབ་ཡེ་ཤེས་ལ་ཁྲིམས་ཐག་ལོ་༡༣ཟླ་༦བཅད་པ་དང་། དགུང་ལོ་༢༣ཡིན་པའི་དགེ་འདུན་པ་ཚུན་ཚོགས་ལ་༡༣ཁྲིམས་ཆད་ཕོག་ནས་ད་ལྟའང་བཙོན་ཁང་དུ་ཡོད་པ་རེད་འདུག སྐྱོར་དཔོན་ཚུལ་ཁྲིམས་རྒྱ་མཚོ་ནི། ཕྱི་ལོ་༡༩༦༦ནང་། རྔ་བ་རྨེ་རུ་མ་་སྡེ་བའི་ཨ་འབོས་རུ་ཆུང་གཉིས་པའི་ཟླ་བ་ཚང་ཞེས་པ་འཁྲུངས་ཤིང་། དགུང་ལོ་༡༦་སྟེང་ཨ་མཆོག་མཚན་ཉིད་དགོན་སྨྲ་སེང་གླིང་དུ་ཚོགས་ཞུགས་གནང་འདུག་ཤིང་། ཟླ་འདིའི་ཕྱི་ཚེས་༣ཉིན་ཁོང་སླར་ཡང་དགོན་པར་ལོག་ནས་མུ་མཐུད་ཚོགས་ཞུགས་གནང་དུ་བཅུག་ཡོད་འདུག་ལ།    ཁོང་ད་ལྟ་དགུང་ལོ་༥༢ཡིན་འདུག

Continue Reading

དེ་སྔ་དགེ་འདུན་པ་གཉིས་ཀྱིས་དུས་མཉམ་དུ་རང་ལུས་མེར་བསྲེགས་ཀྱི་སྒོ་ནས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་བློ་བཟང་དཀོན་མཆོག་མི་ལོ་དྲུག་ལ་གར་སོང་ཆ་མེད་གྱུར་རྗེས།  ཕྱི་ཟླ་༣པའི་ཕྱི་ཚེས་༢༨ཉིན་ཟི་ཁྲོན་བདེ་ཡེང་བཙོན་ཁང་་གློད་གྲོལ་བཏང་ཡོད་ཀྱང་། ཁོང་གི་རྐང་བ་གཡོན་པ་བཏུབ་ཡོད་འདུག་ཐོག དགོན་པ་དང་གྲོང་ཁྱེར་དུ་འགྲོ་རུ་བཅུག་པར་འབྲོག་ས་རུ་བཟང་བཙོན་ལྟ་བུ་བཀག་ཡོད་འདུག ཕྱི་ལོ་༢༠༡༡ཟླ་༩ཚེས་༢༦ཉིན་གྱི་བོད་ནང་གི་སྔ་དྲོའི་ཆུ་ཚོད་༡༠ཡས་མས་སུ་རྔ་བ་ཀིརྟི་དགོན་པ་ནས་ཡིན་ཞིང་། སྐབས་དེར་དགུང་ལོ་༡༩ཡིན་པའི་དགེ་འདུན་པ་བློ་བཟང་སྐལ་བཟང་དང་། དགུང་ལོ་༡༨ཡིན་པའི་དགེ་འདུན་པ་བློ་བཟང་དཀོན་མཆོག་གཉིས་ཀ་མཉམ་གཅིག་ཏུ་ཁྲོམ་དུ་ཐོན་ཏེ་རང་ལུས་མེར་བསྲེགས་གཏོང་ནས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཤིང་། མེ་དཔུང་དྲག་ཏུ་འབར་བཞིན་པའི་དགེ་འདུན་པ་གཉིས་གོམ་པ་ཁ་ཤས་འགྲོ་མཚམས། རྒྱ་མིའི་ཉེན་རྟོག་པ་དེ་མུར་སླེབས་ནས་ཁོང་གཉིས་ཀྱི་ལུས་སྟེང་གི་མེ་བསད་དེ་བཙན་འཁྲིད་བྱས་རྗེས། སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ།  ཁོང་གཉིས་སྨན་ཁང་དུ་འཁྲིད་པ་རེད་ཅེས་པ་དང་། རྐང་ལག་བཏུབ་འདུག་ཟེར་བ་མ་གཏོགས། གཟུགས་གཞིའི་གནས་བབ་དང་། ནང་མིར་ཐུག་འཕྲད། ཁྲིམས་ཆད་ཅི་ཞིག་བཅད་ཡོད་མེད་སོགས་གང་ཡང་ཤེས་རྟོགས་མ་ཐུབ་པ་རེད། སྤྱི་ཚོགས་དྲ་རྒྱ་ལྟར་ན ། དགེ་འདུན་པ་བློ་བཟང་དཀོན་མཆོག་ལགས། ཟླ་འདིའི་ཚེས་༢༨ཉིན་གྱི་མཚོན་མོར།  བཙོན་ཁང་གི་འབྲེལ་ཡོད་ནས་ཚུར་ཁྱིམ་དུ་བསྐྱལ་ཡོད་འདུག་ལ། ཉེན་རྟོག་པས་མུ་མཐུད་ལྟ་རྟོག་ནན་མོ་བྱེད་བཞིན་ཡོད་པ་མ་ཟད། དགོན་པ་དང་རྫོང་མཁར་སོགས་སུ་འགྲོ་རུ་མི་བཅུག་པ་དང་། གཉེན་ཉེ་དང་སློབ་གྲོགས་སོགས་ཐུག་འཕྲད་སྐབས་སུ་་འདྲ་པར་རྒྱག་མི་ཆོག་པ།  གློད་གྲོལ་སྐོར་གྱི་གནས་ཚུལ་ཡང་ཁྱབ་བརྡལ་གཏོང་མི་ཆོག་པ་སོགས་རང་དབང་སྤུ་ཙམ་མེད་པར། ཕ་མ་ཡོད་སའི་འབྲོག་ས་རུ་བཟང་བཙོན་ལྟ་བུ་བཀག་ཡོད་འདུག ཡང་བརྒྱུད་ལམ་ལྟར་ན། དགེ་འདུན་བློ་བཟང་དཀོན་མཆོག་ལགས་བཙོན་དུས་རྫོགས་ནས་གློད་གྲོལ་གྱི་ཚེས་གྲངས་དངོས་ནི་ཕྱི་ཟླ་གསུམ་པའི་ཚེས་མགོ་ཡིན་ཡང་། གསུམ་བཅུ་དུས་དྲན་དང་གསུམ་པའི་བཅུ་དྲུག་སོགས། ཆབ་སྲིད་ཀྱི་ཚོར་བ་རྣོ་བའི་ཚེས་གྲངས་དེའི་སྐབས་སུ་རྙོག་ཟིང་ཡོང་དོགས་ཀྱི་ད་ལྟའི་བར་གློད་གྲོལ་མ་བྱས་པ་རེད་འདུག བློ་བཟང་དཀོན་མཆོག་དང་བློ་བཟང་སྐལ་བཟང་གཉིས་ཀས་མཉམ་དུ་རང་ལུས་མེར་བསྲེགས་གནང་ནས་རྒྱ་གཞུང་གིས་བཙན་འཁྲིད་བྱས་རྗེས། བློ་བཟང་དཀོན་མཆོག་གི་སྐུ་གཟུགས་གནས་སྟངས་ཧ་ཅང་ཛ་དྲག་གིས་གཞུང་འབྲེལ་སྨན་ཁང་ཞིག་ཏུ་སྨན་བཅོས་བྱས་སྐབས་སུའང་། སྨན་པ་དང་ལྟ་རྟོག་པས། ཁོང་ལ་ “ རྒྱལ་ཁབ་ཀྱི་དགྲ་བོ་དང་མང་ཚོགས་ནང་དཀྲུགས་ཤིང་རྒྱག་མཁན…

Continue Reading

༣ཿ་༡༦་རྔ་བའི་དམར་གསོད་ཆེན་མོའི་དུས་དྲན་ལ་སྲུང་བརྩི་བྱས་དབང་གིས། ཨ་མདོ་རྔ་བ་རྫོང་སྲིད་གཞུང་གིས་ཉེ་བའི་བདུན་ཕྲག་ནང་། རྔ་བའི་དགེ་འདུན་པ་ཞིག་དང་བུད་མེད་ཅིག་འཇུ་བཟུང་བཀག་ཉར་བྱས་འདུག རྔ་བ་ཀིརྟི་དགོན་པ་ནས་ཡིན་པའི་དགེ་འདུན་པ་བློ་བཟང་དར་རྒྱས་ལགས་ཀྱིས་ཟླ་འདིའི་ཕྱི་ཚེས་༡༦ཉིན། རྔ་བ་རྫོང་གི་དཔའ་བོ་སྲུང་ལམ་དུ་ཁེར་རྐྱང་ངོ་རྒོལ་གྱི་གོམ་བགྲོད་བྱས་ནས་ཅུང་མ་འགོར་བར། ཉེན་རྟོག་པ་གློ་བུར་སླེབས་ནས་འཇུ་བཟུང་བཙན་འཁྲིད་བྱས་འདུག་ལ། ཁོང་གིས་གོམ་བགྲོད་སྐབས་སུ་༸གོང་ས་མཆོག་བོད་དུ་ཕེབས་བཅུག་དགོས་ཡོད། བོད་ལ་རང་དབང་དགོས་ཞེས་འབོད་ཚིག་སྒྲོག་ཡོད་པ་གསལ་འདུག རྒྱ་གཞུང་གིས་ཕྱི་ཟླ་༣ནང་། བོད་ཁུལ་གྱི་སྤྱི་ཚོགས་ཀྱི་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོབ་ཅེས་དུས་རྒྱུན་ཁྲོམ་སྲིང་དུ་ཉེན་རྟོག་པ་འབོར་ཆེན་འགྲེམས་འཇོག་དང་།    སྤྱི་ཚོགས་དྲ་ལམ་ཁག་བཀག་སྡོམ་ཤུགས་ཆེར་བྱས་དབང་གིས། གནས་ཚུལ་ཁག་ཕྱི་ཕྱོགས་སུ་བརྡ་ལན་བྱེད་རྒྱུ་ཇེ་དཀའ་རུ་སོང་དབང་གིས། བློ་བཟང་དར་རྒྱས་ཀྱི་གནས་ཚུལ་གྱི་དངོས་སུ་བྱུང་ནས་བདུན་གཅིག་འགོར་རྗེས་མ་གཏོགས། ཁོང་གི་མིང་དང་ཕའི་མིང་ལ་མགོན་པོ་དང་། མའི་མིང་ལ་བསོད་ནམས་སྐྱིད། རྔ་བ་གཅའ་རོ་སྟོད་མ་ནས་ཡིན་པ་ཙམ་ལས། ཁོང་གི་ད་ལྟའི་གནས་སྟངས་དང་་གང་དུ་བཀག་ཉར་བྱས་ཡོད་མེད་སོགས་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད། ཡང་ཟླ་འདིའི་ཕྱི་ཚེས་༡༨ཉིན། དམར་གསོད་ཆེན་མོར་རྗེས་དྲན་མྱ་ངན་གྱི་སླད་དུ། ཕྲུ་གུ་གཉིས་ཀྱི་ཨ་མ་ཡིན་པའི་བུད་མེད་གདུགས་བྷེ་ཞེས་པ་ཞིག་གིས་ཀྱང་ཁེར་རྐྱང་ངོ་རྒོལ་གནང་བ་དང་། དེ་མུར་ཉེན་རྟོག་པ་སླེབས་ནས་ཁོང་མོ་འཇུ་བཟུང་བཙན་འཁྲིད་བྱས་རྗེས། ད་ལྟའི་ཆར་ཁོང་མོ་གང་དུ་བཀག་ཉར་བྱས་ཡོད་མེད་སོགས་གསལ་ཁ་མ་ཐུབ་པར་བསྡད་ཡོད། དེ་སྔ་ཁོང་མོས་རྔ་བ་ཀིརྟི་དགོན་ཆེན་གྱི་མདུན་དུ་ཡོད་པའི་སྟོན་པའི་སྐུ་འདྲར་གཙང་བཟོ་ཡི་ལས་ཀ་བྱས་ཀྱི་ཡོད་ཅིང་། རྔ་བ་རྫོང་ར་རུ་ཞང་ནས་ཡིན་ཞིང་། ཁོང་མོའི་བཟའ་ཟླའི་མིང་ལ་བསོད་ནམས་དང་། ཨ་ཕའི་མིང་ལ་སྔགས་ཆུང་དང་ཨ་མའི་མིང་ལ་དཔལ་སྐྱིད་རེད་འདུག ཡང་འདི་ལོའི་ཁེར་རྐྱང་ངོ་རྒོལ་ཐོག་མ་དེ་ཉིད། ཕྱི་ཟླ་༢ཚེས་༢༥ཉིན། དགེ་འདུན་པ་བློ་བཟང་ཚུལ་ཁྲིམས་ལགས་ཀྱི་བོད་ལུགས་ཀྱི་ལོ་སར་དགུ་ཐུག་ཉིན་མོར་རྔ་བ་རྫོང་ཐོག་ནས། ༸གོང་ས་མཆོག་གི་སྐུ་པར་ཁྱེར་ནས་བོད་ལ་རང་དབང་དགོས། ༸གོང་ས་མཆོག་བོད་དུ་ཕེབས་དགོས་ཡོད་ཅེས་སྐད་འབོད་བྱས་ཞོར་གོམ་བགྲོད་བྱས་ནས་ཅུང་མ་འགོར་བས། ས་གནས་ཉེན་རྟོག་པ་སླེབས་ནས་འཇུ་བཟུང་བཙན་འཁྲིད་བྱས་པ་ལས། ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད། ཕྱི་ལོ་༢༠༠༨ཟླ་༣ཚེས་༡༦ཉིན།…

Continue Reading

༢༠༡༧ཟླ་༣ཚེས་༡༨ཉིན་གྱི་བོད་ནང་གི་ཆུ་ཚོད་༤ཡས་མས་སུ།  ཁམས་དཀར་མཛེས་ཁུལ་ཉག་རོང་རྫོང་ནས་ཡིན་ཞིང་། རང་ལོ་༢༤ཡིན་པའི་བོད་མི་ན་གཞོན་པདྨ་རྒྱལ་མཚན་ལགས་ཀྱིས། ཉག་རོང་གི་མཚོ་ཁ་དགོན་པ་ཞེས་པའི་ཉེ་འཁྲིས་སུ་རང་ལུས་མེར་བསྲེགས་གནང་འདུག ཁོང་ནི་ད་ལྟའི་བར་བོད་ནང་རང་ལུས་མེར་བསྲེགས་གནང་མཁན་ཨང་༡༤༧་དང་འདི་ལོའི་རང་བསྲེགས་གནང་མཁན་ཆེས་ཐོག་མ་དེ་ཆགས་ཡོད་ལ། སྔར་ལོར། རང་ལོ་༡༨ཡིན་པའི་དགེ་འདུན་པ་སྐལ་བཟང་དབང་འདུས་ཀྱིས་ཀྱང་དགོན་པ་དེ་ག་རང་གི་ཉེ་འདབས་སུ་རང་ལུས་མེར་བསྲེགས་གནང་ནས་སྐུ་སྲོག་ཤོར་པ་རེད། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལྟར་ན། པདྨ་རྒྱལ་མཚན་གྱིས་རང་ལུས་མེར་བསྲེགས་གནང་ནས་ཅུང་མ་འགོར་བར་རྒྱ་མིའི་ཉེན་རྟོག་པ་འབོར་ཆེན་སླེབས་སྟེ་བཙན་འཁྲིད་བྱས་པ་དང་ད་ལྟའི་ཆ། ཟིན་ཁྲོན་གྱི་རྒྱལ་ས་་ཁྲིན་ཏིའི་ཞེས་པ་རུ་སྨན་བཅོས་བྱེད་ཀྱི་ཡོད་པའི་བཤད་ཚུལ་གཅིག་དང་། ཡང་དེ་ལྟར་མིན་པར། པདྨ་རྒྱལ་མཚན་ལགས་རང་ལུས་མེར་བསྲེགས་བྱས་པའི་གནས་སྐབས་དེ་ག་རང་ལ་ཚེ་སྲོག་ཤོར་ཟིན་པ་བཤད་མཁན་ཡང་ཡོད་འདུག་ལ། པདྨ་རྒྱལ་མཚན་གྱིས་རང་ལུས་མེར་བསྲེགས་གནང་སྐབས། ༧གོང་ས་བོད་དུ་ཕེབས་བཅུག་དགོས་ཡོད། བོད་ལ་རང་དབང་མི་འདུག་ཅེས་འབོད་ཚིག་སྒྲོག་ཡོད་པ་གསལ་འདུག   ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལྟར་ན།  ད་ལྟའི་ཆར་པདྨ་རྒྱལ་མཚན་ལགས་སྐུ་འཚོ་བཞུགས་ཡོད་མེད་ཀྱི་གནས་སྟངས་གསལ་ཁ་མ་བྱུང་ཡང་། ཁོང་གི་གཉེན་ཉེ་བཅུ་གྲངས་ཤིག་རྫོང་ཉེན་རྟོག་ཁང་དུ་སོང་བ་དང་བསྟུན། ཉེན་རྟོག་པས་ཁོང་ཚོ་འཇུ་བཟུང་གིས་གཅར་རྡུང་ཚད་མེད་བཏང་བ་དང་། མཚན་ཧྲིལ་བོར་ཡར་ལངས་པ་ལས་སར་བསྡད་དུ་མ་བཅུག་པ་དང་།  ཕྱི་ཉིན་ཉག་རོང་ས་གནས་སྲིད་གཞུང་གིས་ངོས་ནས་ཁག་ཐེག་འོག ཁོང་ཚོ་གློད་གྲོལ་བྱུང་འདུག་ཀྱང་། རྐང་བ་ན་བ་དང་སྒལ་གཞུང་ན་ཟུག་རྒྱབ་ཀྱིན་ཡོད་པའི་གནས་ཚུལ་འདུག་ན།  ཉེན་རྟོག་པའི་འགན་དབང་ལོག་སྤྱོད་ཀྱིས་མི་དམངས་ལ་གཅར་རྡུང་དང་། ། མི་སེར་གྱི་བདེ་སྡུག་ལ་སྣང་ཆུང་བྱས་པའི་བྱེད་བབ་དེ་ནི་རྒྱལ་སྤྱིའི་ཁྲིམས་དང་། རྒྱ་ནག་གི་ཉེས་ཁྲིམས་གཙོས། རྒྱ་གཞུང་གི་ཉེན་རྟོག་པའི་རྩ་འཛིན་ཁྲིམས་སྲོལ་ཁག་ལ་རྡོག་རོལ་བཏང་བ་ཞིག་ཡོད་ཆགས་ན། འདི་ག་ལྟེ་གནས་ཁང་གིས་ཚུལ་མིན་གྱི་བྱ་སྤྱོད་དེ་རིགས་ལ་ངོ་རྒོལ་མཐའ་གཅིག་ཏུ་ཡོད་པ་མ་ཟད། ད་ལྟ་གློད་གྲོལ་བྱུང་བའི་མི་གྲངས་༡༠སུ་ཞིག་ནད་མནར་དང་འཚབ་ཆེན་གནད་དོན་བྱུང་ཚེ། སྨན་བཅོས་ཀྱི་འགྲོ་གྲོན་དང་འགན་དབང་ནི་སྤྱི་བདེ་ཉེན་རྟོག་ཁང་གི་འབྲེལ་ཡོད་པར་བདའ་འདེད་བྱེད་ཀྱིས་ཡོད། འདི་ལོའི་ཕྱི་ཟླ་༣པའི་ཚེས་༣་དང་༥་ཉིན། རྒྱ་ནག་གཞུང་གིས་སྔ་ཕྱི་རུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་པའི་གྲོས་ཚོགས་ཐེངས་ལྔ་བ་དང་།  རྒྱལ་ཡོངས་སྲིད་གྲོས་ཐེངས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བ་ཞེས་པ་འཚོགས་འགོ་ཚུགས་ཤིང་། ཆབ་སྲིད་ཀྱི་ཚོར་བ་ཧ་ཅང་རྣོ་ངར་ཅན་གྱི་ཚོགས་འདུ་འདི་གཉིས་ནམ་འཚོགས་་ལ། རྒྱ་ནག་རྒྱལ་ཡོངས་དང་། ལྷག་པར་དུ་བོད་ས་ཁྱོན་ཡོངས་ལ་དམ་དྲག་དང་སྟངས་འཛིན་བྱེད་ཤུགས་སྔར་བས་ཆེ་རུ་འགྲོ་བ་ནི་རྒྱུན་ལྡན་ལྟ་བུ་ཡིན་ལ།…

Continue Reading