རྒྱ་གཞུང་གིས་སྟོན་པའི་སྐུ་བརྙན་དང་ནང་བསྟན་སློབ་གླིང་གཏོར་བཤིག་བཏང་རྗེས་བྲག་མགོར་དམ་དྲག་ཇེ་ཆེར་གཏོང་བཞིན་འདུག

འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་འཕེལ་རྒྱས་ལྟེ་གནས་ཁང་དུ་ཁུངས་ལྡན་གྱི་གནས་ཚུལ་འབྱོར་བ་ལྟར་ན་བྲག་མགོ་རྫོང་སྲིད་གཞུང་ལས་ཁུངས་ནས་འདས་པའི་ཟླ་བ་གཅིག་གཉིས་ཙམ་གྱི་ནང་དུ་བྲག་མགོ་དགོན་པའི་ཉེ་འདབས་སུ་ཡོད་པའི་བྲག་མགོ་ནང་བསྟན་སློབ་གླིང་དང་མ་ཎིའི་ལག་འཁོར། ཕི་ཊི་ ༩༩ ཙམ་ཡོད་པའི་སྟོན་པའི་སྐུ་བརྙན་བཅས་གཏོར་བཤིག་བཏང་བ་མ་ཟད་གང་སར་དམག་མི་དང་ཉེན་རྟོག་པ་འགྲེམ་འཇོག་གིས་བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་དང་དྲྭ་ལམ་གྱི་བྱ་སྤྱོད་སོགས་ལ་དོ་དམ་བྱེད་ཤུགས་སྔར་ལས་ཀྱང་ཇེ་ཆེར་གཏོང་བཞིན་ཡོད་པ་རེད།  

བྲག་མགོ་ནང་བསྟན་སློབ་གླིང་།

བྲག་མགོ་ནང་བསྟན་སློབ་གླིང་བཙུགས་ནས་མི་ལོ་ཉི་ཤུ་ཙམ་སོང་ཟིན་ཞིང་སློབ་གླིང་འདི་ནི་བྲག་མགོ་དགོན་པའི་ཁྱབ་ཁོངས་ཀྱི་གྲྭ་བཙུན་གྱི་སློབ་གྲྭ་ཞིག་ཡིན་པ་དང་ཉེ་ཆར་གཏོར་བཤིག་མ་བཏང་བའི་གོང་དུ་སློབ་གྲྭ་དེར་ཁང་མིག་ལྔ་བཅུ་ཙམ་དང་།  སློབ་མ་བརྒྱ་ལྷག  དགེ་རྒན་ལས་བྱེད་ཉི་ཤུ་རྩ་གྲངས་བཅས་ཡོད་པ་རེད།  སློབ་གྲྭའི་ནང་དུ་བོད་ཀྱི་ཐུན་མིན་གྱི་ཆོས་དང་རིག་གནས་གཙོ་བྱས་པའི་བོད་ཡིག་དང་དབྱིན་ཡིག  རྒྱ་ཡིག་སོགས་སློབ་ཁྲིད་བྱེད་ཀྱིན་ཡོད་ཅིང་ས་ཁུལ་དེའི་ཞིང་འབྲོག་དམངས་ཚོགས་ཀྱི་རེ་བ་ཆེ་ཤོས་བྱ་སའི་སློབ་གྲྭ་ཞིག་ཡིན་པ་རེད། སྤྱིར་སློབ་གྲྭ་དེ་ཉིད་ཀྱི་ནང་དུ་སློབ་གཉེར་བྱེད་མཁན་ཚང་མ་གྲྭ་བཙུན་ཡིན་ན་ཡང་ལོ་ལྟར་དབྱར་དགུན་གཉིས་པོར་སློབ་གྲྭ་གཞན་དག་ནས་གུང་གསེང་དུ་ཡོང་བའི་བྲག་མགོའི་སློབ་ཕྲུག་ཕོ་མོ་གཉིས་ཀར་བོད་ཀྱི་རིག་གནས་ཀྱི་གཟབ་སྦྱོང་འཛིན་གྲྭ་གོ་སྒྲིག་བྱེད་ཀྱི་ཡོད་པ་རེད། 

བྲག་མགོ་དགོན་དང་ནང་བསྟན་སློབ་གླིང་གི་པར།

ཕྱི་ལོ ༢༠༡༦ ཡས་མས་སུ་རྒྱ་གཞུང་གིས་སློབ་གྲྭའི་སློབ་མ་ ༣༠ ལྷག་ལོ་ཚད་མ་ལོན་པར་བསྙད་དེ་སློབ་གྲྭ་ནས་ཕྱིར་ཕུད་བཏང་ཞིང་གདན་ཞུའི་རིག་གནས་ཀྱི་དགེ་རྒན་ཡང་ཕྱིར་ཕུད་བཏང་བའི་གནས་ཚུལ་བྱུང་འདུག

འདི་ལོ་ཕྱི་ཟླ་ ༡༡ པའི་ཚེས་ ༡ ནས་ ༤ བར་རྫོང་ས་གནས་སྲིད་གཞུང་གི་ཉེན་རྟོག་རུ་ཁག་དང་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་ཟེར་བའི་ལས་བྱེད་བཅས་ནས་འགན་ཁུར་ཐོག་སློབ་གྲྭ་དེ་ཉིད་ཡོངས་སུ་གཏོར་བཤིག་བཏང་ཡོད་པ་རེད།  རྫོང་སྲིད་གཞུང་གིས་སློབ་གྲྭ་དེར་ཡིག་ཆ་ཚད་ལྡན་མེད་པའི་རྒྱུ་མཚན་གྱིས་གཏོར་བཤིག་བཏང་བ་ཡིན་ལུགས་བརྗོད་འདུག་ཀྱང་དོན་དངོས་ཐོག་ས་གནས་བོད་མི་ཚོའི་རང་གི་རིག་གཞུང་རྒྱུན་འཛིན་བྱ་སའི་སློབ་གྲྭ་གཅིག་པོ་དེ་ཡང་མེད་པ་བཟོས་ནས་མངོན་སུམ་འཛེམ་མེད་ཐོག་བོད་ཀྱི་རིག་གཞུང་རྩ་གཏོར་གྱི་ལས་འགུལ་སྤེལ་བཞིན་འདུག་ཅེས་གནས་ཚུལ་མཁོ་སྤྲོད་པས་འགྲེལ་བརྗོད་གནང་སོང་། 

སློབ་གྲྭ་གཏོར་བའི་རྗེས་སུ་དགེ་རྒན་ལས་བྱེད་ཚང་མའི་ལས་ཀ་ཤོར་བ་མ་ཟད་སློབ་ཕྲུག་ཚོ་ཡང་སློབ་གྲྭ་གཞན་དུ་འགྲོ་མི་ཆོག་པར་རང་ཁྱིམ་དུ་ལོག་དགོས་འཁེལ་ཡོད་པ་རེད། 

ནང་བསྟན་སློབ་གྲྭ་གཏོར་བཞིན་པའི་སྐབས་ཀྱི་པར།

སྟོན་པའི་སྐུ་བརྙན་གཏོར་བཤིག

བྲག་མགོ་རུ་སྔོན་ཆད་ས་འགུལ་གྱི་གནོད་ཚབས་བྱུང་ནས་མི་རྒྱུ་གཉིས་ཀར་གོད་ཆགས་ཚབས་ཆེན་བྱུང་བར་བརྟེན་དེ་འདྲའི་བར་ཆད་ལས་ལྡོག་ཐབས་སུ་ས་གནས་ཞིང་འབྲོག་དམངས་ཚོགས་ཀྱིས་ཞལ་འདེབས་བསྡུས་ཏེ་ཕྱི་ལོ་ ༢༠༡༥ ལོར་རྒྱ་སྒོར་ས་ཡ་ ༤༠ ནས་༥༠ བར་གྱི་འགྲོ་གྲོན་བཏང་ནས་སྟོན་པའི་སྐུ་བརྙན་ཕི་ཊི་ ༩༩ ཟིན་པ་ཞིག་བཞེངས་བསྐྲུན་ལེགས་པར་གྲུབ།

ཉེ་བའི་ཆར་སྐུ་བརྙན་དེ་ནི་བྲག་མགོ་མི་མང་ཙམ་མ་ཟད་ཕྱོགས་ཁག་གི་བོད་མི་ཚོས་དད་རྟེན་གཙོ་བོ་ཞིག་ཏུ་གྱུར་ཡོད་ཅིང་ཉིན་ལྟར་དད་ལྡན་མང་ཚོགས་ཀྱིས་ཕྱག་དང་སྐོར་བ་མཚམས་མི་ཆད་པར་བྱེད་བཞིན་ཡོད་པ་རེད།

ཡིན་ན་ཡང་། བྲག་མགོ་རྫོང་སྲིད་གཞུང་ལས་ཁུངས་ནས་ས་གནས་བོད་མི་ཚོའི་དད་མོས་ལ་བརྩི་བཀུར་ཏིལ་འབྲུ་ཙམ་ཡང་མི་བྱེད་པར་ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་སྔོན་ནས་གོང་རིམ་གྱི་བཀའ་ཡོད་ཚུལ་བཤད་དེ་སྟོན་པའི་སྐུ་བརྙན་དེ་ཉིད་ཡོངས་སུ་རྩ་གཏོར་བཏང་འདུག

སྟོན་པའི་སྐུ་བརྙན་འདི་དང་ཐོག་བཞེངས་པའི་སྐབས་སུ་ས་གནས་སྲིད་གཞུང་ནས་ཆོག་མཆན་ཐོབ་ཡོད་པ་མ་ཟད་ཕྱིས་སུ་ལེགས་གྲུབ་བྱུང་བའི་སྐབས་སུའང་རྒྱབ་སྐྱོར་ཡོད་པའི་རྣམ་འགྱུར་བསྟན་ཡོད་པ་རེད།  འོན་ཀྱང་བར་སྐབས་ཤིག་ནས་སྐུ་བརྙན་དེའི་རྨང་གདན་མཐོ་དྲགས་འདུག་ཅེས་རྫོང་སྲིད་གཞུང་གིས་སྐྱོན་འཛུགས་བྱས་པ་མ་ཟད་ཉེ་ལམ་གཏོར་བཤིག་གཏོང་བའི་སྐབས་སུའང་རྒྱུ་མཚན་གཙོ་བོ་སྐུ་བརྙན་དེ་མཐོ་དྲགས་འདུག་ཅེས་བཤད་པ་ལས་ཁྲིམས་མཐུན་ལུགས་མཐུན་གྱི་འགྲེལ་བརྗོད་གང་ཡང་བྱས་མི་འདུག    

དེ་བཞིན་བྲག་མགོ་དགོན་པའི་ཉེ་འགྲམ་གྱི་མ་ཎིའི་འཁོར་ལོ་ ༤༥ ཙམ་ཡོད་པ་དེ་དག་ཐམས་ཅད་ཀྱང་རྩ་གཏོར་བཏང་འདུག 

གནས་ཚུལ་མཁོ་སྤྲོད་པས་བཤད་རྒྱུར་“བྲག་མགོའི་ནང་བསྟན་སློབ་གླིང་དང་སྟོན་པའི་སྐུ་བརྙན། མ་ཎི་འཁོར་ལོ་སོགས་གཏོར་གཤིག་བཏང་བའི་གནས་བབ་འདི་ལ་བལྟས་ན་བོད་དུ་རིག་གནས་གསར་བརྗེ་བསྐྱར་ལོག་བརྒྱག་བཞིན་ཡོད་པ་གསལ་པོ་རེད་འདུག་”ཅེས་འགྲེལ་བརྗོད་གནང་སོང་། 

ཉེ་ལམ་གཏོར་བཤིག་བཏང་ཟིན་པའི་མ་ཎིའི་ལག་འཁོར།

བཙན་ཤེད་དང་དམ་དྲག

ཉེ་དུས་བྲག་མགོའི་ནང་བསྟན་སློབ་གྲྭ་གཏོར་བཤིག་མ་བཏང་བའི་ཉིན་བཅོ་ལྔ་ཙམ་གྱི་སྔོན་ལ་བྲག་མགོ་དགོན་པའི་མཁན་པོ་དཔལ་དགའ་དང་ཕྱག་མཛོད་ཉི་མ་གཉིས་བྲག་མགོ་རྫོང་གི་ཉེན་རྟོག་ལས་ཁུངས་སུ་འབོད་འགུག་བྱས་ནས་གཏོར་བཤིག་གི་ལས་གཞི་དེར་ངོས་ལེན་བྱེད་དགོས་པ་དང་དམངས་ཚོགས་ཀྱི་ངོས་ལེན་ཡོང་ཐབས་སུ་ཁོང་གཉིས་ཀྱིས་ཐད་ཀར་མི་མང་ལ་སྐད་ཆ་ཤོད་དགོས་པའི་བཙན་བཀའ་བཏང་ཡང་ཁོང་རྣམ་གཉིས་ཀྱིས་གསན་འཇོག་མ་བྱས་པར་བརྟེན་བཀག་ཉར་བྱས་ཡོད་པ་དང་ཉེན་རྟོག་ལས་ཁུངས་ནས་དུས་རྒྱུན་སྐད་འཕྲིན་སོགས་སྤྱི་ཚོགས་དྲྭ་རྒྱ་ཁག་ཏུ་བོད་མི་ཚོས་མི་སུ་འདྲ་ཞིག་ལ་འབྲེལ་བ་བྱེད་ཀྱི་ཡོད་མེད་ཉེན་རྟོག་པས་བརྡ་འཕྲིན་བརྒྱུད་གསང་མྱུལ་བྱེད་བཞིན་པའི་དཔེ་མཚོན་ཞིག་ཀྱང་བརྙན་ལམ་ནས་བསྟན་ཏེ་མ་འོངས་པར་གཟབ་གཟབ་དགོས་རབ་ཀྱི་འཇིགས་སྐུལ་བྱས་འདུག མ་ཟད་བཀག་ཉར་ཁང་དུ་ཁོང་རྣམ་གཉིས་ལ་མནར་གཅོད་བཏང་བ་དང་ཞལ་ལག་ཡག་པོ་མ་སྤྲད་པའི་གནས་ཚུལ་ཡང་བྱུང་འདུག་ཅིང་ད་ལྟའི་ཆར་ཁོང་རྣམ་གཉིས་ཀྱི་གནས་ཚུལ་ཤེས་རྟོགས་མི་ཐུབ་པར་གྱུར་འདུག

བྲག་མགོ་དགོན་པའི་ཉེ་འགྲམ་དུ་བཙུགས་པའི་ཉེན་རྟོག་ལས་ཁུངས།

ནང་བསྟན་སློབ་གླིང་དང་སྟོན་པའི་སྐུ་བརྙན་གཉིས་ཀ་གཏོར་བཤིག་གཏོང་བའི་སྐབས་སུ་བྲག་མགོ་རྫོང་སྲིད་གཞུང་གིས་བྲག་མགོ་དགོན་པའི་གྲྭ་པ་དང་ས་གནས་དམངས་ཚོགས་ཀྱང་ལས་གཞི་དེར་ངེས་པར་དུ་མཉམ་ཞུགས་བྱེད་དགོས་པ་དང་དེ་ལྟར་མ་བྱས་ཚེ་བཙོན་འཇུག་སོགས་ཀྱི་ཉེས་ཆད་འབྱུང་སྲིད་པའི་ཉེན་བརྡ་བཏང་འདུག  གཞན་ཡང་གཏོར་བཤིག་གི་ལས་གཞི་ལ་གྲྭ་དམངས་མཉམ་ཞུགས་བྱས་ཚེ་སྟོན་པའི་སྐུ་བརྙན་གྱི་ཟུང་འཇུག་དང་རྒྱུ་ཆ་ཡོད་ཚད་ཀྱི་བདག་དབང་དགོན་པར་སྤྲོད་རྒྱུ་ཡིན་པ་དང་གལ་ཏེ་མཉམ་ཞུགས་མ་བྱས་ཚེ་དེ་དག་ཐམས་ཅད་གཞུང་བཞེས་བྱ་རྒྱུ་ཡིན་ཚུལ་ཡང་བཤད་འདུག  

མ་ཟད་གཏོར་བཤིག་གཏོང་བའི་སྐབས་སུ་མི་འདོད་པའི་རྣམ་འགྱུར་སྟོན་མཁན་དང་མཉམ་ཞུགས་མ་བྱེད་མཁན་ཚོ་ལ་འདྲི་རྩད་དང་བཀག་ཉར་བྱས་པ་སོགས་སུན་བཙིར་ཆེན་པོ་བྱས་དང་བྱེད་མུས་ཡིན་པ་རེད། 

བྲག་མགོ་ས་གནས་སུ་ད་ལྟའི་ཆར་དམ་དྲག་ཆེས་ཆེར་བྱེད་བཞིན་པའི་ཁར་ཁ་པར་དང་སྤྱི་ཚོགས་དྲྭ་རྒྱ་སོགས་ལའང་དོ་དམ་ནན་པོ་བྱས་ནས་གཏོར་བཤིག་གཏོང་བའི་སྐབས་ཀྱི་བརྙན་པར་དང་གནས་ཚུལ་ཕྱི་ཕྱོགས་སུ་མི་ཤོར་བར་ཐབས་ཤེས་སྣ་ཚོགས་འཐེན་བཞིན་ཡོད་འདུག  རྫོང་ས་གནས་སྲིད་གཞུང་གིས་གཏོར་བཤིག་གི་ལས་གཞི་དེ་དག་ལ་ས་གནས་བོད་མི་ཚོ་རྩ་ནས་འདོད་མོས་མེད་པ་ཤེས་ཀྱི་ཡོད་པར་བརྟེན་དམངས་ཚོགས་ཀྱི་ཁྲོད་ནས་ངོ་རྒོལ་སོགས་མི་ཡོང་བའི་ཆེད་དུ་ལས་གཞིའི་ས་ཚུགས་གང་སར་དམག་མི་དང་ཉེན་རྟོག་མི་སྣ་འགྲེམ་འཇོག་བྱས་ཏེ་མི་མང་གི་འགྲོ་སྐྱོད་ལ་དམ་དྲག་བྱེད་པ་དང་གཏོར་བཤིག་ས་ཚུགས་སུ་བརྙན་པར་སོགས་རྩ་ནས་ལེན་མི་ཆོག་པའི་བཙན་བཀའ་བཏང་ཡོད་པ་རེད། གནས་ཚུལ་མཁོ་སྤྲོད་པས་གསུང་རྒྱུར་“དེང་སང་བྲག་མགོར་དམ་དྲག་ཧ་ཅང་ཆེ་བའི་རྐྱེན་གྱིས་འབྲེལ་བ་བྱེད་རྒྱུ་ཧ་ཅང་ཁག་པོ་འདུག ང་ཚོར་ལག་སོན་བྱུང་བའི་གནས་ཚུལ་དང་བརྙན་པར་དེ་དག་སྐུར་མཁན་ཚོས་སོ་སོའི་ཚེ་སྲོག་ལ་མ་འཛེམས་པར་བསྐུར་ཡོང་བ་ཤ་སྟག་རེད། ད་ལྟའི་ཆར་དམ་དྲག་ཆེ་དྲགས་པའི་རྐྱེན་གྱི་ཁྱིམ་ཚང་ཞིག་གི་ནང་ནས་ནང་མི་སུ་ཞིག་རྫོང་ཐོག་ལ་སོང་བ་ཡིན་ན་དགོང་མོ་ཚུར་ལོག་ཐུབ་ཀྱི་ཡོད་མེད་བཤད་ཚོད་མི་ཐིག་པར་གྱུར་ཡོད། ཚང་མ་དངངས་འཚབ་ཀྱི་ཁྲོད་དུ་བསྡད་འདུག”ཅེས་འགྲེལ་བརྗོད་གནང་སོང་།  

སློབ་གྲྭ་དང་སྟོན་པའི་སྐུ་བརྙན་གཏོར་བཤིག་གཏོང་ཉེན་ཡོད་པ་སྔ་མོ་ནས་གང་འཚམ་གསལ་པོ་ཆགས་ཡོད་པ་རེད།  དེ་གཉིས་ཀའི་སྒང་ལ་རྒྱ་གཞུང་གིས་མི་དགའ་བའི་རྣམ་འགྱུར་ཐེངས་མང་བསྟན་ཡོད་པ་རེད། དཔེར་ན། ༢༠༡༦ ལོར་སློབ་གྲྭའི་སློབ་མ་མང་པོ་དང་རིག་གནས་དགེ་རྒན་ཕྱིར་ཕུད་བཏང་བ་ལྟ་བུ་དང་། ༢༠༡༢ ལོར་སློབ་གྲྭའི་སློབ་སྤྱི་དང་གཉེར་པ་གཉིས་འཇུ་བཟུང་བྱས་པ་ལྟ་བུ། དེ་བཞིན་སྟོན་པའི་སྐུ་བརྙན་མཐོ་དྲགས་འདུག་ཟེར་བ་དང་སྐུ་བརྙན་དེའི་ཕྱི་རུ་ངེས་པར་དུ་ལྡིང་ཁང་ཞིག་དགོས་ཚུལ་བཤད་དེ་དམངས་ཚོགས་ཀྱི་ལག་ནས་རྒྱ་སྒོར་ས་ཡ་ལྷག་གི་འགྲོ་གྲོན་བཏང་ནས་ལྡིང་ཁང་གསར་དུ་བརྒྱག་བཅུགས་ཡོད་པ་རེད།   

ལས་གཞི་དེ་དངོས་སུ་ལག་བསྟར་བྱེད་མཁན་ནི་བྲག་མགོ་རྫོང་གི་རྫོང་དཔོན་གསར་པ་ཏང་ཅ་གང་Deng Juan guang 鄧建光 ཟེར་བ་དེ་ཡིན་པ་རེད།  བྲག་མགོའི་རྫོང་དཔོན་དུ་བསྐོས་ནས་ཟླ་བ་དྲུག་ཙམ་ལས་མ་འགོར་ཡང་ཡུལ་དེའི་དད་རྟེན་དང་གཅེས་ནོར་དུ་བརྩི་བའི་སྟོན་པའི་སྐུ་བརྙན་དང་སློབ་གྲྭ་གཉིས་ཀ་གཏོར་གཤིག་གཏང་དགོས་པའི་བཀོད་ཁྱབ་དངོས་སུ་བཏང་འདུག   ཁོས་ད་ལྟའི་ཆར་བྲག་མགོ་རྫོང་གི་རྫོང་དཔོན་དང་།  བྲག་མགོ་རྫོང་གི་དམར་ཤོག་དྲུང་ཆེ་(ཧྲུའུ་ཅི་)གཞོན་པ། བྲག་མགོ་མི་དམངས་སྲིད་གཞུང་གི་ཏང་རྩ་འཛུགས་ཀྱི་འགོ་གཙོ་(་ཧྲུའུ་ཅི་)སོགས་ཀྱི་འགན་ཁུར་བཞིན་པ་རེད་འདུག

བྲག་མགོའི་དམ་དྲག་གི་སྔ་ཕྱིའི་བརྒྱུད་རིམ།

གནས་ཚུལ་མཁོ་སྤྲོད་པས་འགྲེལ་བརྗོད་གནང་བར་ལྟར་ན་ད་ལྟའི་ཆར་ཁམས་བྲག་མགོར་དམིགས་བསལ་གྱི་དམ་དྲག་དང་བཙན་གནོན་ཆེ་བའི་རྒྱུ་མཚན་ཆེ་ཤོས་ཤིག་ནི་ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་བྲག་མགོ་མི་མང་གིས་ཐོག་མཐའ་བར་གསུམ་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་རབ་དང་རིམ་པ་བྱས་པའི་རྒྱུ་མཚན་གྱི་ཡིན་པ་འགྲེལ་བརྗོད་གནང་སོང་།  ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་བའི་ངོ་རྒོལ་སྐབས་སུ་བྲག་མགོ་ས་གནས་ནས་རྒྱ་གཞུང་གི་བཙན་གནོན་ལ་ངོ་རྒོལ་རིམ་པ་སྤེལ་ཡོད།

ལྷག་པར་དུ་ཕྱི་ལོ་ ༢༠༡༢ ལོའི་འགོ་སྟོད་དུ་བྲག་མགོ་རྫོང་ཐོག་ཏུ་རྒྱ་ནག་གིས་བོད་མི་ཚོའི་དགོས་འདུན་ལ་ཉན་འཇོག་མ་བྱས་ཚེ་མུ་མཐུད་རང་ལུས་མེར་སྲེག་གི་ངོ་རྒོལ་ལས་འགུལ་སྤེལ་རྒྱུ་ཡིན་པའི་ཡིག་ཆ་ཞིག་གང་སར་བཀྲམས་པའི་རྗེས་སུ་བོད་མི་ཁག་ཅིག་འཇུ་བཟུང་བྱས་པ་དང་གནས་ཚུལ་དེ་ནས་འཕྲོས་ཏེ་ལོ་དེའི་ཕྱི་ཟླ་ ༡ པོའི་ཚེས་ ༢༣ ཉིན་བྲག་མགོ་རྫོང་གི་ཁྲོམ་གཞུང་སུམ་མདོར་སེར་སྐྱ་མང་ཚོགས་བརྒྱ་ཕྲག་མང་པོ་འདུས་ནས་ཞི་བའི་ངོ་རྒོལ་བྱས་པ་ན་རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་པས་མང་ཚོགས་ཁྲོད་དུ་གང་བྱུང་མེ་མདའ་བརྒྱབས་ཏེ་རང་ལོ་ ༤༩  ཡིན་པའི་མི་སྐྱ་ཡོན་ཏན་དང་ལི་ཁོ་མ་ལོ་བརྒྱ་ཚང་གི་བུ་བཅས་བོད་མི་གཉིས་དམར་གསོད་བཏང་ཞིང་སེར་སྐྱ་མི་མང་ ༣༦ ཙམ་ལ་རྨས་སྐྱོན་བཏང་ཡོད་པ་རེད།  

དེ་བཞིན་ལོ་དེའི་ཕྱི་ཟླ་ ༢ ཚེས་ ༩ ཉིན་རྒྱ་གཞུང་དྲག་ཆས་ཉེན་རྟོག་པ་བྲག་མགོ་ནོར་བ་འབྲོག་སར་ཕྱིན་ཏེ། ཡེ་ཤེས་བསམ་འགྲུབ་ཀྱི་ཁང་ཁྱིམ་གྱི་མཐའ་སྐོར་རྗེས་ནང་མིའི་ཐོག་གང་བྱུང་མེ་མདའ་བརྒྱབས་ནས། དེ་སྔོན་ཞི་རྒོལ་ཁྲོད་རྨས་སྐྱོན་ཕོག་མཁན་གྲྭ་ཡེ་ཤེས་རིག་གསལ་དང་། ཁོང་གི་སྤུན་མཆེད་ཡེ་ཤེས་བསམ་འགྲུབ་གཉིས་དམར་གསོད་བཏང་བ་དང་ཡོན་ཏན་བཟང་པོ་དང་མ་རྒན་སངས་ལྷ།  བྱིས་པ་ལྔ་ལ་མེ་མདས་རྨས་སྐྱོན་བཟོས་ཡོད་པ་མ་ཟད་ནང་གི་ཆ་དངོས་ཡོད་ཚད་གཏོར་བཅོམ་བྱས་ནས་མཐའ་ན་སྒོ་ཁའི་ཁྱི་ཡན་ཆད་ལ་མེ་མདའ་བརྒྱབས་ནས་བསད་པའི་གནས་ཚུལ་བྱུང་ཡོད།     

དེ་བཞིན་སྐབས་དེའི་ཞི་རྒོལ་གྱི་ནང་མཉམ་ཞུགས་བྱེད་མཁན་བོད་མི་ཧ་ཅང་མང་པོ་འཇུ་བཟུང་བཙན་ཁྲིད་ཀྱིས་རྡུང་རྡེག་མནར་གཅོད་ཚད་ལས་བརྒལ་བ་བཏང་ཡོད་པ་དང་༢༠༡༢ ཕྱི་ཟླ་ ༣ ཚེས་ ༢༩ ཉིན་རང་ལོ་ ༢༥ ཡིན་པའི་མགོན་པོ་རིག་འཛིན་ལགས་ཀྱིས་བྲག་མགོའི་རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བཀག་ཉར་མ་ཐེབས་གོང་རང་སྲོག་བཅད་པ་སོགས་གནས་ཚུལ་ཧ་ཅང་ཛ་དྲག་ཅན་དུ་གྱུར་བ་རེད། 

རེ་སྐུལ། 

འདས་པའི་ལོ་འགའི་རིང་རྒྱ་ནག་གཞུང་གིས་ཁམས་བྲག་མགོ་རུ་མི་སྤྱོད་ལས་འདས་པའི་བཙན་གནོན་དང་དྲག་སྤྱོད་སྤེལ་བ་མ་ཟད་ཉེ་བའི་ཆར་སླར་ཡང་དམ་དྲག་ནན་པོ་བྱས་ནས་བོད་མི་ཚོའི་ཆོས་དད་རང་དབང་དང་དད་རྟེན་སོགས་ལ་བརྩི་བཀུར་ཏིལ་འབྲུ་ཙམ་ཡང་མི་བྱེད་པར་འདི་ལྟར་བོད་ཀྱི་དགོན་སྡེ་དང་སློབ་གྲྭ། སྐུ་རྟེན་སོགས་གཏོར་བཅོམ་བྱེད་བཞིན་པ་ནི་བོད་ཀྱི་རིག་གཞུང་རྩ་མེད་གཏོང་བ་དང་མི་རིགས་རྩ་མེད་གཏོང་བའི་བྱ་སྤྱོད་ཐ་ཤལ་ཞིག་ཡིན་མངོན་གསལ་རེད།  དེར་བརྟེན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གཙོས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་གྱི་རྒྱལ་ཁབ་ཁག་དང་ཚོགས་སྡེ་ཁག  མི་སྒེར་བཅས་པ་ཚང་མས་རྒྱ་ནག་གི་ཐལ་ཆེའི་སྤྱོད་ཚུལ་འདི་དག་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཏེ་ཁྲིམས་འགལ་གྱི་བྱ་སྤྱོད་འདི་རིགས་འགོག་ཐབས་ལ་དངོས་ཤུགས་བརྒྱུད་གསུམ་ནས་གནོན་ཤུགས་སྤྲོད་རོགས་ཞེས་རེ་སྐུལ་ཤུགས་དྲགས་ཞུ་རྒྱུ་ཡིན།

མཆན།

དེང་སྐབས་ཁམས་བྲག་མགོར་དམ་དྲག་ཧ་ཅང་ཆེ་བའི་རྐྱེན་གྱིས་སྔ་ཕྱིའི་གནས་ཚུལ་བྱུང་བའི་ཟླ་ཚད་ཚེས་གྲངས་སོགས་ཏག་ཏག་རག་རྒྱུར་འགོག་རྐྱེན་ཤིན་ཏུ་ཆེན་པོ་འདུག འདིར་བཀོད་པའི་གནས་ཚུལ་ཁག་ཅིག་གི་སྒང་ཡར་མར་མུ་མཐུད་རྩད་གཅོད་བྱས་པ་བརྒྱུད་ཁུངས་ལྡན་གྱི་གནས་ཚུལ་འཕར་མ་རག་ནས་བཅོས་སྒྲིག་ཅུང་ཙམ་བྱས་ཡོད།  ཁ་སྔོན་ནང་བསྟན་སློབ་གྲྭ་གཏོར་བའི་དུས་ཚོད་ནི་ཕྱི་ཟླ་ ༡༡ པའི་ཚེས་ ༡༡ ཞེས་འཁོད་ཡོད་ཀྱང་རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་ལྟར་ན་ཕྱི་ཟླ་ ༡༡ པའི་ཚེས་ ༡ ནས་ ༤ བར་འཁེལ་འདུག  བྲག་མགོ་དགོན་པའི་མཁན་པོ་དཔལ་དགའ་དང་ཕྱག་མཛོད་ཉི་མ་གཉིས་སློབ་གྲྭ་མ་གཏོར་བའི་ཉིན་བཅོ་ལྔ་ཙམ་གྱི་སྔོན་དུ་བཀག་ཉར་བྱས་འདུག་པས་ཁོང་གཉིས་བཀག་ཉར་བྱས་པའི་དུས་ཚོད་ནི་ཕྱི་ཟླ་ ༡༠ པའི་ཟླ་དཀྱིལ་ཙམ་ལ་འཁེལ་འདུག་ཅིང་ཕྱིས་སུ་གློད་གྲོལ་ཐོབ་ཡོད་མེད་སོགས་ཀྱི་གནས་ཚུལ་ཤེས་རྟོགས་མི་ཐུབ་པར་གྱུར་འདུག་པས་ཉིན་གྲངས་བཅོ་ལྔའི་རིང་བཀག་ཉར་བྱས་འདུག་ཟེར་བར་ཡང་བཅོས་སྒྲིག་བྱས་ཡོད། 

to top