ཡོན་ཏན་བཟང་པོར་ཉེས་འཛུགས་ཁྲིམས་གཅོད་ཀྱི་བརྒྱུད་རིམ་དང་ད་ལྟའི་ཁོང་གི་གནས་སྟངས།

ལོ་སྔོན་མའི་རྒྱའི་ལོ་སར་ཉིན་ཁམས་བྲག་མགོ་རུ་མང་གི་ཞི་རྒོལ་གནས་ཚུལ་བྱུང་རྗེས། རྒྱ་གཞུང་ཉེན་རྟོག་པ་འབྲོག་སར་ཡོང་སྟེ་མེ་མདའ་བརྒྱབ་ནས་ཡེ་ཤེས་བསམ་འགྲུབ་དང་གྲྭ་ཡེ་ཤེས་རིག་གསལ་གཉིས་དམར་གསོད། ཁོང་གཉིས་ཀྱི་སྤུན་མཆེད་ཡོན་ཏན་བཟང་པོ་འཇུ་བཟུང་བཙན་འཁྲིད་བྱས་མཐར། ས་གནས་མང་ཚོགས་ཀྱི་ཞུ་གཏུགས་རིམ་ཞུས་བརྒྱུད་རང་ཁྱིམ་དུ་བཟང་བཙོན་འོག་གློད་ཡོད་ཀྱང་། ད་ལྟའི་ཆར་ཁོང་གི་གཟུགས་པོ་གཅུང་ཅན་དུ་གྱུར་ཡོད་རྐྱེན། ཤུལ་ལུས་ནང་མི་རྣམས་ཀྱི་འཚོ་བར་དཀའ་ངལ་འཕྲད་ཉེན་ཡོད་འདུག

རྒྱ་གཞུང་གིས་ཉེས་མེད་ཉེས་འཛུགས་ཀྱིས་འཇུ་བཟུང་གཅར་རྡུང་བྱས་མཐར་བཟང་བཙོན་འོག་ཕྱིར་རང་ཁྱིམ་དུ་གློད་ཡོད་པའི་ཡོན་ཏན་བཟང་པོའི་འདྲ་པར།
རྒྱ་གཞུང་གིས་ཉེས་མེད་ཉེས་འཛུགས་ཀྱིས་འཇུ་བཟུང་གཅར་རྡུང་བྱས་མཐར་བཟང་བཙོན་འོག་ཕྱིར་རང་ཁྱིམ་དུ་གློད་ཡོད་པའི་ཡོན་ཏན་བཟང་པོའི་འདྲ་པར།

ཕྱི་ལོ་༢༠༡༢ ཟླ་ ༡ ཚེས་ ༡༣ སྟེ་རྒྱའི་ལོ་སར་ཉིན། བོད་མདོ་ཁམས་བྲག་མགོ་རྫོང་ཐོག་ཏུ་བོད་མིའི་ཞི་རྒོལ་ལ་རྒྱ་གཞུང་གིས་ཡ་ང་བའི་དམར་གསོད་དྲག་གནོན་བྱས་པ་མ་ཟད། ལོ་དེའི་ཕྱི་ཟླ་ ༢ ཚེས་ ༩ ཉིན་རྒྱ་གཞུང་དྲག་ཆས་ཉེན་རྟོག་པ་རྣམས་ནོར་བ་འབྲོག་སར་ཕྱིན་ཏེ། ཡེ་ཤེས་བསམ་འགྲུབ་ཀྱི་ཁང་ཁྱིམ་གྱི་མཐའ་སྐོར་རྗེས་ནང་མིའི་ཐོག་གང་བྱུང་མེ་མདའ་བརྒྱབ་ནས། དེ་སྔོན་བྲག་མགོའི་ཞི་རྒོལ་ཁྲོད་རྨས་སྐྱོན་ཕོག་མཁན་གྲྭ་ཡེ་ཤེས་རིག་གསལ་དང་། ཁོང་གི་སྤུན་མཆེད་ཡེ་ཤེས་བསམ་འགྲུབ་གཉིས་དམར་གསོད་བྱས་ཡོད་ལ། སྐབས་དེར་སྤུན་མཆེད་ཡོན་ཏན་བཟང་པོར་མེ་མདས་བརྒྱབ་སྟེ་རྨས་རྗེས་འཇུ་བཟུང་བཙན་ཁྲིད་ཀྱིས་བཀག་ཉར་དང་། རང་ལོ་ ༧༠ ཙམ་ཡིན་པའི་ཁོ་ཚོའི་ཨ་མ་སངས་ལྷ་དང་བྱིས་པ་ལྔ་ལའང་མེ་མདས་བརྒྱབ་སྟེ་རྨས་བཟོས་པ་མ་ཟད། རྗེས་སུ་ཡོན་ཏན་བཟང་པོར་མི་བསད་ཀྱི་ཉེས་པ་བཙུགས་ཏེ་སྲོག་ཁྲིམས་གཅོད་རྩིས་བྱས་ཡོད་ཀྱང་། ས་གནས་མང་ཚོགས་ཀྱིས་དྲང་བདེན་མིན་པའི་ཁྲིམས་གཅོད་དེར་ཞུ་གཏུགས་རིམ་པར་བྱས་པར་བརྟེན། ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༢༡ ཁོང་ཕྱིར་གློད་དེ་རང་ཁྱིམ་དུ་ལོ་གསུམ་རིང་བཟང་བཙོན་གྱི་ཚུལ་དུ་བཀག་ཉར་འོག་སྡོད་དགོས་བྱུང་ཡོད་པ་རེད། ཡིན་ནའང་། རྒྱ་གཞུང་གིས་ཁ་པར་དང་དྲ་རྒྱའི་བརྒྱུད་ལམ་ཁག་ལ་དམ་དྲག་ཤུགས་ཆེན་བྱེད་བཞིན་པའི་རྐྱེན་གྱིས། སྐབས་དེའི་ཞིབ་ཕྲའི་གནས་ཚུལ་རིགས་ཤེས་རྟོགས་ཐུབ་ཁག་པོ་ཆགས་ཡོད།

ཉེ་སྔོན་བོད་ནས་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་མཁན་ཞིག་གིས། འདི་ག་ལྟེ་གནས་ཁང་ལ་སྐབས་དེའི་གནས་ཚུལ་སྐོར་བརྗོད་དོན། རྒྱ་གཞུང་དྲག་ཆས་ཉེན་རྟོག་པ་བྲག་མགོ་ནོར་བའི་འབྲོག་སར་འོངས་སྟེ། གྲྭ་ཡེ་ཤེས་རིག་གསལ་དང་ཁོའི་སྤུན་མཆེད་ཡེ་ཤེས་བསམ་འགྲུབ་གཉིས་དམར་གསོད་དང་། ཡོན་ཏན་བཟང་པོར་མེ་མདས་བརྒྱབ་སྟེ་རྨས་སྐྱོན་བཟོས་རྗེས་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་དུ་གནས་ཚུལ་དེ་བྱུང་རྗེས། ཉིན་ ༡༥ ཙམ་གྱི་རྗེས་སུ་ཡོན་ཏན་བཟང་པོ་མ་ཤི་བར་དར་རྩེ་མདོའི་སྨན་ཁང་ཞིག་ཏུ་ཡོད་རབས་གོ་ཐོས་བྱུང་ཡང་། ཁོང་གི་གཟུགས་པོའི་གནས་སྟངས་ངོ་མ་ཅི་ཡིན་ཤེས་རྟོགས་བྱུང་མེད། དེ་ནས་ཉིན་ ༢༠ ཙམ་གྱི་རྗེས་སུ་ཁོང་དར་རྩེ་མདོ་ཡི་བཙོན་ཁང་ཞིག་ཏུ་བཙོན་འཇུག་བྱས་ཡོད་པ་ཤེས་ཡོད། ཡིན་ན་ཡང་། ཁོང་ལ་ཁྲིམས་ཐོག་ནས་ཉེས་འཛུགས་དང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་མེད། ད་དུང་གཟུགས་གཞིའི་གནས་སྟངས་སོགས་གང་འདྲ་ཆགས་མིན་ཤེས་རྟོགས་མེད་པར་ལུས་ཤིང་། དེ་ནས་ཟླ་བ་གཅིག་ཙམ་གྱི་རྗེས་སུ་དར་རྩེ་མདོ་ཡི་མི་མང་ཁྲིམས་ཁང་ནས་ཡོན་ཏན་བཟང་པོའི་ཁྱིམ་དུ་ཡི་གེ་ཞིག་འབྱོར་བའི་ནང་། ཡོན་ཏན་བཟང་པོས་རྒྱལ་ཁབ་ཀྱི་ལས་དོན་ལ་འགོག་རྐྱེན་བཟོས་ཏེ་མི་མང་ཉེན་རྟོག་པ་ལ་མེ་མདའ་བརྒྱབ་ནས་གཅིག་བསད་ཅིང་གཉིས་རྨས་པ་དང་། གཞན་ད་དུང་ཁོང་གི་ཁྱིམ་དུ་འགད་རྫས་དང་མེད་མདའ་རིང་ཐུང་གསུམ་རྙེད་ཡོད་པར་བརྟེན། ཁོང་ལ་སྲོག་ཐོག་གི་ཁྲིམས་ཐག་བཅད་ཡོད་པས་ཁྱིམ་མི་རྣམས་ལ་བསམ་འཆར་ཡོད་ཚེ་ཉིན་བཅོ་ལྔའི་ནང་ཚུད་ཞུ་གཏུགས་བྱ་དགོས་པའི་བཀའ་བཏང་ཡོད་འདུག

སྐབས་དེར། ཁོང་གི་ཉེ་འབྲེལ་དང་འབྲོག་སྡེ་སྤྱིའི་མགོ་ཁྲིད་ཚོས་རྡོག་རྩ་ཆིག་སྒྲིལ་ཐོག ཡོན་ཏན་བཟང་པོས་ཉེན་རྟོག་པ་བསད་མེད་ལ། ཁོང་ལ་འགད་རྫས་དང་མེ་དམའ་སོགས་གང་ཡང་མེད་པས། ཞུ་གཏུགས་ཡིག་ཆའི་སྟེང་དུ་མིང་རྟགས་བཀོད་ནས། དར་རྩེ་མདོ་རུ་ཡོད་པའི་དཀར་མཛེས་རང་སྐྱོང་ཁུལ་གྱི་ལས་ཁུངས་ཡོངས་ལ་སྤྲད་དེ་ཁྲིམས་ཁང་ལ་ཞུ་གཏུགས་བརྒྱབ་པས། རྒྱ་གཞུང་གིས་ཁོང་སྲོག་ཐོག་གི་ཉེས་པ་ནས་ཚེ་བཙོན་བྱ་རྒྱུ་ཡིན་པ་བཤད་འདུག འབྲེལ་ཡོད་མི་སྣས་མུ་མཐུད་དུ་ཡོན་ཏན་བཟང་པོ་ལ་ནག་ཉེས་གང་ཡང་མེད་པས་ཁོང་གློད་བཀྲོལ་མ་བཏང་ཚེ། མི་མང་དང་མགོ་ཁྲིད་ཚང་མས་གསོན་ན་མཉམ་གསོན་དང་ཤི་ན་མཉམ་ཤི་ཡིན་པའི་དམ་བཅའ་ནམ་ཡང་མ་ལྷོད་པར་ཁྲིམས་གཏུགས་ཐེངས་མང་བརྒྱབ་པར་བརྟེན། རྒྱ་གཞུང་གིས་ཁོང་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད། ཡིན་ན་ཡང་། ཁོང་ཚོས་ཡང་བསྐྱར་ཞུ་གཏུགས་བྱས་སྟབས། མཐར་ཁོང་ཁྱིམ་དུ་ལོག་ནས་ལོ་གསུམ་རིང་བཟང་བཙོན་འོག་བཀག་སྡོམ་གྱི་ཁྲིམས་ཆད་འཁུར་ནས་བསྡད་ཆོག་པ་བཟོས་ཏེ། ཕྱི་ལོ་ ༢༠༡༣ ཕྱི་ཟླ་ ༤ ཚེས་ ༢༡ ཉིན་ཁོང་ཁྱིམ་དུ་འབྱོར་ཡོད། འོན་ཀྱང་། ཟླ་བ་རེ་ལ་ས་གནས་ཉེན་རྟོག་ལས་ཁང་དུ་སོང་སྟེ་ཐོ་འགོད་བྱེད་དགོས་སྟབས། འགྲོ་འདུག་གི་རང་དབང་མེད་པ་དང་གཟུགས་གཞིའི་གནས་སྟངས་ཧ་ཅང་སྐྱོ་པོར་གྱུར་ཡོད་འདུག

དེ་བཞིན། སྤུན་མཆེད་གཉིས་དམར་གསོད་བྱས་པའི་སྐབས། ཁོང་ལའང་མེ་མདས་ཐེངས་གཉིས་བརྒྱབ་ཡོད་པ་དང་། མདེའུ་གཅིག་གིས་འགྲམ་པའི་ངོས་ལ་བརྒྱབ་སྟེ་འགྲམ་རུས་གཏོར་ནས་མིད་པར་རྨས་སྐྱོན་བྱས་ཤིང་། མདེའུ་གཅིག་གིས་སྒལ་ཚིགས་ངོས་སུ་བརྒྱབ་ཡོད་པར་བརྟེན་སྐབས་དེར་དྲན་པ་འཐོར་ཡོད་པ་དང་། དྲན་པ་སོས་རྗེས་བྲག་འགོ་རྫོང་ཉེན་རྟོག་ལས་ཁང་དུ་ཁྲིད་ནས་རྡུང་བརྡེག་བཏང་ཡོད་འདུག ཡིན་ན་ཡང་། རྫོང་སྨན་ཁང་གི་སྨན་པ་རྣམས་ཀྱིས་ཉེན་རྟོག་པར་ནད་པའི་འགན་ཁོ་ཚོར་ཡོད་པར་བཤད་དེ། ཁོང་སྨན་ཁང་གི་མྱུར་སྐྱོབ་རླངས་འཁོར་ནང་དུ་བཅུག་སྟེ། རྐང་ལག་བཞི་བོར་ལྕགས་བརྒྱབ་ནས་དར་རྩེ་མདོ་ཡི་སྨན་ཁང་ཞིག་ཏུ་ཁྲིད། སྨན་ཁང་དུ་སླེབས་ནས་ཉིན་དྲུག་བདུན་ཙམ་གྱི་རྗེས་སུ་གཞི་ནས་མིག་གིས་སྨན་པ་དང་ཉེན་རྟོག་པ་སུ་ཡིན་དབྱེ་འབྱེད་ཐུབ་ཙམ་བྱུང་ཞིང་། དེ་རྗེས་ཟླ་བ་ ༡ དང་ཉིན་ ༡༥ ཡས་མས་ཀྱི་རྗེས་སུ་ཡར་ལངས་ཐུབ་པ་དང་མིག་གིས་ཀྱང་གསལ་པོ་མཐོང་ཐུབ་སྟབས། ཁོང་དར་རྩེ་མདོ་ཡི་བཙོན་ཁང་དུ་བཅུག་ཡོད་འདུག

ཡོན་ཏན་བཟང་པོ་ལགས་བཙོན་ཁང་དུ་བཅུག་རྗེས། བྲག་འགོ་རྫོང་ཉེན་རྟོག་པ་འདྲི་གཅོད་བྱེད་པར་ཐེངས་གསུམ་སླེབས་ཤིང་། སླེབས་ཐེངས་རེ་ལ་ཉེན་རྟོག་པ་གསོད་མཁན་ཁྱོད་ཡིན་པ་དང་། ཁྱོད་ལ་མེ་མདའ་དང་འགད་རྫས་ཡོད་པར་ཁས་ལེན་བྱེད་དགོས་པའི་བཙན་སྐུལ་བྱས་པར་མ་ཟད། ད་དུང་རྡུང་རྡེག་དྲག་པོ་བཏང་ཡོད་པ་རེད། རྡུང་རྡེག་གཏོང་ཐེངས་རེ་ལ་ཁོང་གི་ཁ་ནས་ཁྲག་བསྐྱུགས་ཤིང་། གཟུགས་པོ་རང་དབང་མེད་པར་ས་ལ་འགྱེད་ནས་ཡར་ལངས་མི་ཐུབ་པ་བཟོས་ཀྱང་། ཁོ་ཚོའི་མ་ཉེས་ཁག་གཡོགས་ཀྱི་ཉེས་འཛུགས་མཐའ་དག་ཁས་ལེན་གཅིག་ཀྱང་མ་བྱས་པར་ཟླ་བ་ ༡༡ ཙམ་སོང་ཡོད་འདུག དེའི་རྗེས་སུ་བྲག་འགོ་རྫོང་གི་ཉེན་རྟོག་ལས་ཁང་དུ་ཁྲིད་ཡོད་པ་རེད། བྲག་འགོ་ཉེན་རྟོག་པ་ཚོས་ཁོང་མཐོང་བ་དང་རྒྱལ་ཁབ་ལ་ཁ་གཏད་གཅོག་མཁན་གྱི་གདོན་འདྲེ་ཁྱོད་ཟེར་ནས་རྡུང་རྡེག་བཏང་ཞིང་། ཟླ་བ་ ༡ ལ་ལག་ལྕགས་བརྒྱབ་ནས་བཞག་པ་དང་། ཟླ་བ་ ༡ ལ་རྐང་ལྕགས་བརྒྱབ་སྟེ་བཞག་པར་བརྟེན། གཟུགས་པོ་གཅོང་ནད་ཅན་དུ་གྱུར་ཏེ་བཟོད་དཀའ་བའི་ན་ཟུག་དྲག་པོ་ཐེངས་མང་བརྒྱབ་ཡོད་འདུག

དེ་རྗེས་བཙོན་ཁང་ནས་གློད་དེ་ཕྱིར་ཁྱིམ་དུ་འབྱོར་རྗེས། དེ་སྔོན་མདེའུས་འགྲམ་རུས་གཏོར་ཏེ་མིད་པར་རྨས་སྐྱོན་བྱས་ཡོད་སྟབས། སྐད་ཆ་བཤད་སྐབས་སྐད་གདངས་དམའ་བ་དང་། རྒྱུན་རིང་སྐད་ཆ་བཤད་དུས་མིན་པ་ན་སྟེ་བཤད་མི་ཐུབ་པར་འགྱུར་བཞིད་ཡོད་པ་དང་། སྒལ་ཚིགས་ངོས་སུ་མེ་མདས་བརྒྱབ་པ་དེས་འགུལ་བསྐྱོད་བྱེད་སྐབས་ད་དུང་ན་ཟུག་དྲག་པོ་ལངས་ཀྱི་ཡོད་པར་བརྟེན། རྒྱ་གཞུང་གིས་དམར་གསོད་བྱས་པའི་སྤུན་ཡེ་ཤེས་རིག་གསལ་གྱི་ཁ་ཆེམས་ལྟར། ཡེ་ཤེས་བསམ་འགྲུབ་ཀྱི་བཟའ་ཟླ་དང་ཕྲུ་གུ་བཞི་བོ་དང་། ལོ་ན་ ༦༨ ལ་སོན་པའི་ཨ་མ་སངས་ལྷ། ལོ་ན་ ༧༡ སོན་པའི་ཕ་དགའ་རབ་ཉི་མ། ད་དུང་ཁོང་གི་རང་གི་ཕྲུ་གུ་བཞི་དང་བཟའ་ཟླ། བཟའ་ཟླའི་ཕ་མ་གཉིས། བཟའ་ཟླའི་གཅུང་པོ་བཅས་ལ་འཚོ་བའི་ཐད་ལྟ་སྐྱོང་བྱེད་ཧ་ཅང་དཀའ་ཞིང་། ཕྲུ་གུ་རྣམས་ད་ལྟ་སློབ་གྲྭར་འགྲོ་བཞིན་ཡོད་མོད། ཁོང་རྣམས་ཀྱི་འཚོ་བ་དང་བདེ་སྡུག་ཡོངས་རྫོགས་ཡོན་ཏན་བཟང་པོ་ལ་བརྟེན་དགོས་ཀྱི་ཡོད་སྟབས། མ་འོངས་པར་ཕྲུ་གུ་རྣམས་ཀྱི་མདུན་ལམ་དང་། ཁྱིམ་ཚང་གཉིས་ཀྱི་འཚོ་བའི་གནས་སྟངས་ཅི་འདྲ་ཞིག་ཏུ་འགྱུར་མིན་བཤད་དཀའ་བའི་གནས་གྱར་ཡོད་འདུག

གོང་གསལ་གྱི་གནས་ཚུལ་འདི་ལས། དེ་སྔོན་རྒྱ་གཞུང་གིས་ཡེ་ཤེས་བསམ་འགྲུབ་ཀྱི་ཁྱིམ་དུ་མེ་མདའ་རིང་ཐུང་གསུམ་དང་འགད་རྫས། མདེའུ་སོགས་ཡོད་ཚུལ་དྲིལ་བསྒྲགས་བྱས་ཐོག ཉེན་རྟོག་པ་གསོད་མཁན་ནི་ཡོན་ཏན་བཟང་པོ་ཡིན་པའི་ནག་ཉེས་བཙུགས་ཏེ། བྲག་མགོ་རྫོང་མི་དམངས་ཁྲིམས་ཁང་གིས་ཁོང་ལ་སྲོག་ཁྲིམས་བཅད་པ་དེ་ནི། དྲང་བདེན་གྱི་ཁྲིམས་གཅོད་ཅིག་རྩ་བ་ནས་མིན་པ་དང་། རྒྱ་གཞུང་གིས་ནམ་རྒྱུན་བོད་མི་རྣམས་འཇུ་བཟུང་རྗེས་ཉེས་པ་ཡོད་མེད་ཁྲིམས་ཐོག་ནས་གསལ་ཁ་མ་བྱུང་བའི་སྔོན་ནས་བཟུང་། གཞུང་ཕྱོགས་ནས་ཉེས་མིང་འདྲ་མིན་བཏགས་ཏེ་གཞུང་གི་བརྒྱུད་ལམ་ཁག་ཏུ་དྲིལ་སྒྲོག་བྱས་ཐོག ཁོ་ཚོའི་ཆབ་སྲིད་ཀྱི་དགོས་མཁོ་ལྟར་ཆེད་དམིགས་ཉེས་འདོགས་བྱས་ཏེ་ཁྲིམས་ཐག་འདྲ་མིན་གཅོད་ཀྱིན་ཡོད་པ་གསལ་བོར་བསྟན་ཡོད།

 

སྔར་བཀོད་ཟིན་པའི་གནས་ཚུལ་རྒྱབ་ལྗོངས།

ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༡ ཚེས་ ༡༣ སྟེ་རྒྱ་རྩིས་ཀྱི་ལོ་སར་ཉིན། བོད་མདོ་ཁམས་བྲག་མགོ་རྫོང་ཐོག་ཏུ་བོད་རིགས་མང་ཚོགས་ཀྱིས་ལག་ཏུ་རྒྱལ་དར་འཕྱར་ཏེ། བོད་ལ་རང་དབང་དགོས་པའི་སྐད་འབོད་ངོ་རྒོལ་བྱུང་སྐབས། རྒྱ་གཞུང་གིས་དམག་མི་འབོར་ཆེན་བཏང་སྟེ་མང་ཚོགས་ཁྲོད་དུག་རླངས་དང་མེ་མདའ་བརྒྱབ་སྟེ། འབྲི་རུ་རྫོང་ནོར་པ་ནས་ཡིན་པའི་ཡོན་ཏན་དང་ལུ་ཁོག་མ་ནས་ཡིན་པའི་གེ་འཕན་ལོ་བརྒྱ་ཚང་གི་བུ་གཉིས་དམར་གསོད། དགེ་འདུན་པ་ ༣ གཙོས་མི་མང་པོར་རྨས་སྐྱོན་བཟོས་པར་མ་ཟད། བོད་མི་མང་པོ་འཇུ་བཟུང་བཙན་འཁྲིད་ཀྱིས་གཅར་རྡུང་འདྲི་གཅོད་སོགས་བྱས་ཏེ། འབྲི་རུ་རྫོང་གི་གནས་སྟངས་ཧ་ཅང་ཛ་དྲག་གནས་སྟངས་ཆགས་ཡོད་པ་རེད།

སྐབས་དེའི་མང་ཚོགས་རང་བཞིན་གྱི་ངོ་རྒོལ་ཁྲོད་གྲྭ་ཡེ་ཤེས་རིག་བཟང་གི་ལག་པར་མདེའུ་ཕོག་སྟེ་རྨས་སྐྱོན་བཟོས་ཡོད་སྟབས། སྨན་ཁང་དུ་ཕྱིན་ཚེ་རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བྱ་དོགས་ནས། འབྲི་རུ་རྫོང་ནོར་བའི་འབྲོག་སར་སོང་སྟེ་ཁོང་གི་སྤུན་མཆེད་ཡེ་ཤེས་བསམ་འགྲུབ་ཀྱི་ཁྱིམ་དུ་ཡུབ་སྡོད་བྱས་ཡོད་ཀྱང་། ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༩ ཉིན་གྱི་ཞོགས་པར། རྒྱ་གཞུང་ཉེན་རྟོག་པ་དང་དྲག་ཆས་དམག་མི་མཉམ་རུབ་ཐོག གྲྭ་ཡེ་ཤེས་རིག་གསལ་འཇུ་བཟུང་ཆེད་དཀྲོ་པ་ལུང་པ་དང་སྒ་ལྟག རྒྱས་སྒྱོང་སྒང་བཅས་བགྲོད་ལམ་མི་འདྲ་བ་གསུམ་དུ་ཁག་བགོས་ཏེ། འཛི་ར་གདོང་དུ་ཡོད་པའི་ཁོང་གི་ནང་མི་སྡོད་སའི་དགུན་ཁའི་ཁང་པའི་ཕྱོགས་སུ་སོང་ཡོད་པ་དང་། ཉིན་དེར་ཡེ་ཤེས་རིག་གསལ་གྱི་སྤུན་མཆེད་ཀྱི་བཟའ་ཟླ་རྣམ་སྒྲོན་ཡར་ལངས་ཏེ་ཕྱི་རུ་ཐོན་སྐབས། ཁང་པའི་ཕྱོགས་གསུམ་ནས་རྒྱ་དམག་ཁག་བགོས་ཀྱིས་བསླེབ་ཀྱིན་པ་མཐོང་ནས། ཁོ་མོ་བྲེལ་འཚུབ་ཀྱིས་ཁང་པའི་སྒོ་མར་བརྒྱབ་སྟེ་ཁྱིམ་དུ་ཡོང་ནས་ནང་མི་རྣམས་ལ་རྒྱ་དམག་སླེབས་བརྒྱབ་ཡོད་ཀྱང་། དེ་མ་ཐག་རྒྱ་དམག་ཉེན་རྟོག་པ་འགས་བཙན་གྱིས་སྒོ་ཕྱེ་སྟེ་ནང་དུ་འཛུལ་ཡོང་ནས། ནང་མིའི་ཐོག་ལ་མེ་མདའ་རྒྱག་མགོ་བརྩམས་ཡོད་པ་རེད།

སྐབས་དེར་གྲྭ་ཡེ་ཤེ་རིག་གསལ་ལ་རྨས་སྐྱོན་དྲག་པོ་དང་། ཨ་མ་སངས་ལྷའི་ལག་མགོར་མེ་མདས་བརྒྱབ་སྟེ་ལག་པ་གཏོར་ཡོད་སྟབས། ཡེ་ཤེས་བསམ་འགྲུབ་ཀྱིས་ཡ་ང་བའི་དྲག་ནོན་བྱ་སྤྱོད་དེ་བཟོད་མ་ཐུབ་པར་གདོང་ལེན་གྱིས་ཕན་ཚུན་པར་འཁྲུག་འཛིང་བྱས་ཏེ། དྲག་གནོན་བྱེད་མཁན་ཉེན་རྟོག་པ་གཉིས་ལ་རྨས་སྐྱོན་དང་གཅིག་བསད་པ་དང་། ཉེན་རྟོག་པས་མེ་མདས་བརྒྱབ་སྟེ་ཡེ་ཤེས་བསམ་འགྲུབ་ཁོ་རང་ཡང་དམར་གསོད་བཏང་ཡོད་པ་རེད། དེ་དུས་གྲྭ་ཡེ་ཤེས་རིག་གསལ་གྱིས་སྤུན་ཆུང་བ་ཡོན་ཏན་བཟང་པོ་ལ་ཁ་ཆེམས་ཀྱི་ཚུལ་དུ། དེ་རེས་རྒྱ་དམག་གིས་འདི་ལྟར་མེ་མདའ་བརྒྱབ་སྟེ། ང་ཚོ་སྤུན་མཆེད་ཡོངས་རྫོགས་དམར་གསོད་བྱས་ཀྱང་། ཡོད་ངེས་པར་དུ་ཐར་ཐབས་བྱས་ཏེ་ཕ་མ་གཉིས་དང་། ཤུལ་ལུས་དྭ་ཕྲུག་རྣམས་ལ་ལྟ་སྐྱོང་བྱེད་དགོས་པ་དང་། ང་ཚོའི་མགོ་ཐོག་ལ་ད་རེས་དམར་གསོད་དོན་འདི་འབྱུང་དོན་ནི། རྒྱ་གཞུང་གིས་དབང་སྒྱུར་བྱེད་བཞིན་པའི་བོད་མི་སྤྱིའི་སྐྱིད་སྡུག་དང་འབྲེལ་ཡོད་སྟབས། མ་འོངས་པར་གནས་ཚུལ་ཅི་འདྲ་ཞིག་འཕྲད་ཀྱང་འཁོན་ལན་བསློག་མི་རུང་བའི་དམ་བཅའ་བཞག་བཅུག་ཡོད་པ་རེད།

ཁོ་ཚང་གི་ནང་དུ་ཆུང་བ་ལོ་བཞི་ནས་ཆེ་བ་ལོ་བཅུ་བཞི་བར་གྱི་བྱིས་པ་དགུ་ཡོད་ལ། ཉིན་དེར་བྱིས་པ་རྣམས་ཧ་ཅང་འཇིགས་སྐྲག་གིས་ངུ་འབོད་དྲག་པོ་བྱས་ཡོད་པ་དང་། ཡོན་ཏན་བཟང་པོས་ཕྲུག་དགུ་རྣམས་ཁྲིད་དེ་ཁང་པའི་ཕྱི་རུ་ཐོན་མ་ཐག ཉེན་རྟོག་པས་ཁོང་ཚོའི་ཐོག་ལ་མེ་མདའ་བརྒྱབ་སྟེ། ཡོན་ཏན་བཟང་པོ་དང་བྱིས་པ་ལྔ་ལ་རྨས་སྐྱོན་དྲག་པོ་བཟོས་པ་དང་། ཡེ་ཤེས་བསམ་འགྲུབ་ཀྱི་བཟའ་ཟླ་རྣམ་སྒྲོན་ལ་ལག་བརྒྱབ་སྟེ་ཐལ་ལྕག་གཞུས་ཏེ་སྡིག་ར་སྐུལ་བཞིན། བྱིས་པ་གཞན་བཞི་དང་མཉམ་དུ་ཟུར་ཅིག་ཏུ་འདུག་བཅུག་ཡོད་པ་རེད།

དེ་རྗེས་ཉེན་རྟོག་པ་དང་དམག་རྣམས་ཁོ་ཚང་གི་ཁང་པའི་ནང་འཛུལ་ཏེ། འཆི་ལ་ཁད་དུ་ཡོད་པའི་གྲྭ་ཡེ་ཤེས་རིག་གསལ་གྱི་ཐོག་ལ་བསྐྱར་དུ་མེ་མདས་བརྒྱབ་སྟེ་དམར་གསོད་བཏང་རྗེས། ཁང་པའི་བང་གདན་ཚུན་ཆད་བཀོག་སྟེ་བསྔོག་བཤེར་བྱས་ཤིང་། ཁྱིམ་ནང་གི་དངུལ་དངོས་རྩ་ཆེན་རྣམས་འཕྲོག་འཁྱེར་དང་། ཁོ་ཚང་ལ་སྦག་སྦག་གཉིས་ཡོད་པའི་ནང་ནས། གཅིག་མེར་སྲེག་དང་གཅིག་ལ་མེ་མདས་བརྒྱབ་སྟེ་བེད་མེད་བཟོས་བ་མ་ཟད། ཐ་ན་སྒོ་ཁྱི་ལའང་མེ་མདས་བརྒྱབ་སྟེ་དམར་གསོད་བཏང་རྗེས། འདས་པོ་རྣམས་ཀྱི་བེམ་པོ་ཡང་མ་བཞག་པར་ཁྱེར་ཡོད་པ་རེད།

དེ་བཞིན། མེ་མདས་བརྒྱབ་སྟེ་རྨས་སྐྱོན་དྲག་པོ་ཕོག་ཡོན་ཏན་བཟང་པོ་དང་བྱིས་པ་ལྔ། ད་དུང་ཨ་མ་སངས་ལྷ་བཅས་རླངས་འཁོར་ནང་བཅུག་སྟེ་རྫོང་ཉེན་རྟོག་ཁང་དུ་རྗེས་གར་སོང་ཆ་མེད་དུ་གྱུར། གནས་ཚུལ་དེ་བྱུས་ནས་ཉིན་ ༡༢ རྗེས་སུ་ཨ་མ་སངས་ལྷ་དང་བྱིས་པ་ལྔ་གློད་བཀྲོལ་བཏང་སྟེ་ཕྱིར་ཁྱིམ་དུ་སླེབས་ཡོད་ལ། དེ་དུས་ད་གཟོད་ཁོ་ཚོ་དཀར་མཛེས་སྨན་ཁང་ཞིག་ཏུ་ཁྲིད་ཡོད་པ་ཤེས་རྟོགས་བྱུང་ཞིང་། བྱིས་པ་གསུམ་དྲག་སྐྱེད་བྱུང་ཡོད་ཀྱང་གཉིས་ལ་མེ་མདས་བརྒྱབ་པའི་རྨ་ཤུལ་མེད་པ་བཟོས་ཡོད་པ་མ་གཏོགས་དྲག་སྐྱེད་བྱུང་མེད་པ་དང་། དགུང་ལོ་ ༦༨ ལ་སོན་པའི་ཨ་མ་སངས་ལྷའི་ལག་པ་གཅོད་དགོས་བྱུང་པ་རེད། ཨ་མ་སངས་ལྷ་དང་བྱིས་པ་རྣམས་ཀྱིས་ཁོ་ཚོ་རྫོང་ཉེན་རྟོག་ཁང་དུ་ཁྲིད་རྗེས། རྨས་སྐྱོན་ཕོག་ཡོད་པའི་ཡོན་ཏན་བཟང་པོ་ལ་ཉེན་རྟོག་པས་སླར་ཡང་རྡུང་རྡེག་དྲག་པོ་གཏོང་བཞིན་ཤེས་ཡོད་པ་ཙམ་ལས། དེ་རྗེས་ཀྱི་ཁོང་གང་དུ་ཁྱེར་ཡོད་མེད་དང་ཁོང་གི་གཟུགས་པོའི་གནས་སོགས་ཤེས་རྟོགས་མ་ཐུབ་ལྷག་ཡོད་པ་རེད།

ཉེ་ཆར་འདི་གར་བོད་ནས་གསར་དུ་འབྱོར་མི་སྣ་ཞིག་གིས། ཡོན་ཏན་བཟང་པོ་ལགས་ལ་བཀག་ཉར་འདྲི་གཅོད་དང་ཁྲིམས་གཅོད་ཀྱི་བརྒྱུད་རིམ། ད་ལྟའི་ཁོང་གི་གཟུགས་པོའི་གནས་སྟངས་སོགས་ཞིབ་ཕྲའི་གནས་ཚུལ་བརྗོད་པ་ལྟར། ཁོང་དང་འབྲེལ་བའི་ཁོང་གི་སྤུན་མཆེད་དང་ནང་མི་བཅས་ལ་རྒྱ་གཞུང་གིས་ཇི་ལྟར་དྲག་གནོན་དམར་གསོད་བཏང་བའི་གནས་ཚུལ་རྣམས་ཕྱོགས་བསྡུས་ཀྱིས་བཀོད་ཡོད།

to top