རྩོམ་པ་པོ་སྐུ་ཞབས་སྒྲོལ་མ་སྐྱབས་བཙོན་དུས་རྫོགས་ཏེ་གློད་གྲོལ་ཐོབ་འདུག

རྩོམ་པ་པོ་སྒྲོལ་སྐྱབས་ཀྱིས་མི་ལོ་བཅུ་ལྷག་གི་རང་བཙོན་མཇུག་མནར་གཅོད་མྱངས་མཐར་བཙོན་གྲོལ་ཐོབ་སྟེ་རང་ཁྱིམ་དུ་འབྱོར་རྗེས་ཀྱི་འདྲ་པར།
རྩོམ་པ་པོ་སྒྲོལ་སྐྱབས་ཀྱིས་མི་ལོ་བཅུ་ལྷག་གི་རང་བཙོན་མཇུག་མནར་གཅོད་མྱངས་མཐར་བཙོན་གྲོལ་ཐོབ་སྟེ་རང་ཁྱིམ་དུ་འབྱོར་རྗེས་ཀྱི་འདྲ་པར།

རྩོམ་པ་པོ་སྐུ་ཞབས་སྒྲོལ་མ་སྐྱབས་ལགས་ལྷ་སའི་ཆུ་ཤུལ་བཙོན་ཁང་དུ་ལོ་བཅུའི་བཙོན་འཇུག་དུས་བཅད་རྫོགས་ཏེ་གློད་གྲོལ་གྱིས་ཕྱིར་རང་ཁྱིམ་དུ་འབྱོར་ཡོད་པ་དང་། ས་གནས་བོད་མི་རྣམས་ཆེད་དུ་འཚམས་འདྲི་ཞུ་བར་བསྐྱོད་དེ་ཁོང་ལ་ཁ་བཏགས་གཡོག་ནས་བཙོན་གྲོལ་ཐོབ་པར་རྟེན་འབྲེལ་ཞུས་ཡོད་འདུག ད་ལྟའི་ཆར་ཁོང་གི་གཟུགས་པོའི་གནས་སྟངས་སྐྱོ་བོ་ཆགས་ཡོད་པ་མ་ཟད། ས་གནས་ཡུལ་མིདག་གིས་རྩོམ་པ་པོ་ཁོང་ལ་ཕོ་བ་དང་མཆིན་པའི་ན་ཚ་ཕོག་ཡོད་པར་ཚོད་དཔག་བྱེད་ཀྱིན་ཡོད་འདུག

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༨ ཉིན་རྩོ་པ་པོ་སྐུ་ཞབས་སྒྲོལ་མ་སྐྱབས་ལགས་བཙོན་འཇུག་དུས་བཅད་རྫོགས་ཏེ་ལྷ་ས་ཆུ་ཤུལ་བཙོན་ཁང་ནས་གློད་གྲོལ་བཏང་ཡོད་པ་དང་། སྐབས་དེར་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གི་ཉེན་རྟོག་པ་གཉིས་ཆེད་དུ་ཁོང་ལེན་དུ་ལྷ་སར་སླེབས་ཡོད་འདུག ཞོགས་པ་ཆུ་ཚོད་ ༨ པའི་སྟེང་ཆུ་ཤུར་བཙོན་ཁང་ནས་ཕྱིར་གློད་རྗེས་ལྷ་ས་ནས་ཟི་ལིང་བར་གནམ་གྲུའི་ནང་བསྐྱལ་ཡོད་པ་དང་། ཕྱི་དྲོའི་ཆུ་ཚོད་ ༤ པའི་སྟེང་ཟི་ལིང་སྤྱི་བདེ་ཉེན་རྟོག་ལས་ཁུངས་སུ་ཆུ་ཤུལ་བཙོན་ཁང་གིས་རྩིས་སྤྲོད་བྱས་རྗེས། བོད་ནང་གི་དགོང་མོའི་ཆུ་ཚོད་ ༩ དང་ཕྱེད་ཀ་ཙམ་ལ་མདོ་ལ་རྫོང་སྤྱི་བདེ་ལས་ཁུངས་སུ་རྩིས་སྤྲོད་ཀྱིས། དེ་གར་ཡིག་ཆ་ཁག་ཅིག་ལ་གན་རྒྱའི་མཚན་རྟགས་བརྒྱབ་པ་སོགས་འགྲོ་ལུགས་བསྒྲུབ་རྗེས། དགོང་མོའི་ཆུ་ཚོད་ ༡༠ དང་སྐར་མ་ ༤༠ ཡས་མས་སུ་དངོས་སུ་བཙོན་གྲོལ་ཐོབ་སྟེ་སྤུན་མཆེན་ཁག་ཅིག་དང་ལྷན་དུ་ཕྱིར་རང་ཁྱིམ་དུ་ལོག་ཡོད་འདུག

དེ་བཞིན། རྩོམ་པ་པོ་ཁོང་གློད་ནས་མདོ་ལ་རྫོང་ཐོག་ཏུ་འབྱོར་སྐབས། དེར་ཡོད་བོད་མི་འགས་མཐོང་སྟེ་ཁོང་ལ་ཁ་བཏགས་གཡོག་པ་སོགས་དགའ་བསུ་ཞུས་ཡོད་འདུག ཡིན་ནའང་། དགོང་མོ་ཡིན་སྟབས་ས་གནས་བོད་མི་མང་པོ་ཞིག་གིས་ཤེས་རྟོགས་བྱུང་མ་ཐུབ་པར་མི་ཚོགས་འདུ་འཛོམས་ཤུགས་ཆེན་པོ་བྱུང་མེད་པ་རེད། ས་གནས་བོད་མི་ཞིག་གིས་བརྗོད་པ་ལྟར་ན། ལོ་འདི་ཚོར་ས་གནས་གང་ས་གང་ནས་ཆབ་སྲིད་བཙོན་པ་གློད་གྲོལ་ཐོབ་སྟེ་ཕྱིར་རང་ཁྱིམ་དུ་ལོག་སྐབས། བོད་རིགས་མང་ཚོགས་ཕོན་ཆེན་པོ་འདུ་འཛོམས་ཀྱིས་དགའ་བསུའི་སྣེ་ལེན་དང་ཁ་བཏགས་གཡོག་པ། ཀི་སྒྲ་སྒྲོག་པ། ལྷ་རྒྱལ་འཐེན་པ་སོགས་བྱེད་ཀྱི་ཡོད་སྟབས། རྒྱ་གཞུང་ཉེན་རྟོག་པས་གནས་ཚུལ་དེ་རིགས་ལ་གཡོལ་ཐབས་སུ་དམིགས་ཏེ། རྩོམ་པ་པོ་ཁོང་མཚན་མོ་མ་གཏོགས་ཕྱིར་རང་ཁྱིམ་དུ་སླེབས་མི་ཐུབ་པ་ཆེད་བཟོ་བྱས་པ་ཞིག་ཡིན་འདུག ཡིན་ནའང་། རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་གློད་གྲོལ་གྱིས་ཕྱིར་རང་ཁྱིམ་དུ་ལོག་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་རྗེས། ཕྱི་ཚེས་ ༩ ཉིན་ས་གནས་བོད་མི་མང་པོ་ཞིག་ཁོང་ཚང་ལ་ཆེད་བཅར་གྱིས་འཚམས་འདྲི་དང་དགའ་བསུའི་ཁ་བཏགས་གཡོག་པ་སོགས་བྱེད་བཞིན་ཡོད་འདུག

རྩོམ་པ་པོ་སྐུ་ཞབས་སྒྲོལ་མ་སྐྱབས་ལགས་ཀྱིས་འདས་པའི་ལོ་བཅུ་ལྷག་རིང་བཙོན་ཁང་ནང་སྡུག་སྦྱོང་མནར་གཅོད་ཚད་མེད་མྱངས་པར་བརྟེན། ཁོང་གི་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ཡོད་པ་རེད། ས་གནས་བོད་མིས་འགྲེལ་བརྗོད་བྱས་པ་ལྟར་ན། རྩོམ་པ་པོ་ཁོང་གི་ཕོ་བ་དང་མཆིན་པར་ན་ཚ་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་དང་། ཁོང་གི་ཁ་དང་མུད་པ་ནམ་རྒྱུན་ཡང་ཡང་སྐམ་པོ་ཆགས་བཞིན་ཡོད་འདུག འདི་གར་འབྱོར་བའི་པར་རིས་དག་ལས་ཀྱང་ཁོང་སྔར་དང་བསྡུར་ན་ཧ་ཅང་རྒས་ཉམས་དོད་པོ་ཆགས་ཡོད་པ་གསལ་བོར་མཐོང་ཐུབ་ཀྱི་འདུག དེ་བཞིན། དེ་སྔོན་རྩོམ་པ་པོ་ཁོང་ལྷ་སར་འཇུ་བཟུང་བཀག་བསྐྱིལ་དུས་ཡུན་ཁྲོད་གཅར་རྡུང་མནར་གཅོད་ཚད་མེད་བཏང་བར་བརྟེན་ནས། གཟུགས་པོའི་གནས་སྟངས་སྐྱོ་བོ་ཆགས་ཏེ་གློ་བའི་གཅོང་ནད་ཕོག་ཡོད་སྟབས་སྨན་ཁང་དུ་ཁྲིད་ནས་སྨན་བཅོས་བྱ་དགོས་བྱུང་འདུག ཡིན་ནའང་། ནད་དྲག་སྐྱེད་ཡག་པོ་མ་བྱུང་སྔོན་ནས་ཕྱིར་བཙོན་ཁང་དུ་བསྐྱལ་ཡོད་པ་རེད།

རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་ཀྱིས་བཙོན་ཁང་ནང་རི་མོ་བརྒྱ་ལྷག་བྲིས་ཡོད་པའི་གྲས་ཀྱི་བོད་རིགས་འབྲོག་མོ།
རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་ཀྱིས་བཙོན་ཁང་ནང་རི་མོ་བརྒྱ་ལྷག་བྲིས་ཡོད་པའི་གྲས་ཀྱི་བོད་རིགས་འབྲོག་མོ།

གཞན་ཡང་གནས་ཚུལ་ཤེས་རྟོགས་བྱུང་པ་ལྟར་ན། རྩོམ་པ་པོ་ཁོང་གིས་འདས་པའི་ལོ་བཅུ་ལྷག་གི་བཙོན་འཇུག་དུས་ཡུན་རིང་། བཙོན་ཁང་ནང་བོད་དབྱིན་གཉིས་བྱང་ཆུབ་པ་སྦྱངས་ཡོད་པར་མ་ཟད། ཁོང་གིས་རི་མོ་སྒྱུ་རྩལ་གྱི་ཕྱོགས་ལའང་སྦྱངས་པ་མི་དམན་པ་བྱས་ཏེ། བཙོན་གྲོལ་ཐོབ་ནས་རང་ཁྱིམ་དུ་ལོག་སྐབས་བཙོན་ནས་བྲིས་པའི་རི་མོ་བརྒྱ་ལྷག་བསྣམས་ཕེབས་ཡོད་པ་རེད། འདི་གར་ཁོང་གིས་བཙོན་འོག་བྲིས་པའི་རི་མོའི་པར་རིས་འགའ་འབྱོར་སོན་བྱུང་བའི་ནང་། མིའི་ཞལ་གཟུགས་དང་གཅན་གཟན། འདབས་ཆགས། སྒོ་ཁྱི་སོགས་རི་མོ་སྣ་ཚོགས་བྲིས་ཡོད་པ་རེད། དེ་དག་ལས་བོད་རིགས་འབྲོག་མོ་ཞིག་དང་འབྲོག་ཁྱི་ཞིག་བྲིས་ཡོད་པ་དེ་ནི་ཧ་ཅང་གསོན་ཉམས་དོད་པོ་ཞིག་འདུག

༢༠༠༥ ལོའི་ཕྱི་ཟླ་ ༣ ཚེས་ ༩ ཉིན་རྩོམ་པ་པོ་སྐུ་ཞབས་སྒྲོལ་མ་སྐྱབས་ལགས་རྒྱ་གཞུང་ཉེན་རྟོག་པས་ལྷ་སར་འཇུ་བཟུང་གིས་ཐོག་མར་ཉེན་རྟོག་ཁང་དུ་བཀག་ཉར་བྱས་པ་དང་། ལོ་དེའི་ཕྱི་ཟླ་ ༡༡ ཚེས་ ༣༠ ཉིན་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་གསང་སྟབས་ཀྱི་སྒོ་ནས། རྩོམ་པ་པོ་ཁོང་ལ་ “རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོན་སྐྱོན་བཟོས་པའི” ཉེས་མིང་འོག ལོ་ ༡༠ དང་ཟླ་ ༦ གི་བཙོན་འཇུག་ཁྲིམས་ཐག་བཅད་དེ་ལྷ་སའི་ནུབ་ཕྱོགས་སུ་ཡོད་པའི་ཆུ་ཤུལ་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་རེད། དེ་སྔོན་བརྒྱུད་ལམ་ཁག་ཅིག་ཏུ་རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་བར་སྐབས་ཤིག་ལ་ཆུ་ཤུལ་བཙོན་ཁང་ནས་ཟི་ལིང་གི་བཙོན་ཁང་ཞིག་ཏུ་གནས་སྤོར་བྱས་པའི་གནས་ཚུལ་ཐོན་ཡོད་ཀྱང་། ད་ལྟ་ས་གནས་མང་ཚོགས་ཀྱིས་ཤེས་རྟོགས་བྱུང་བ་ལྟར་ན། རྩོམ་པ་པོ་ཁོང་ད་ལྟའི་བར་དུ་ལྷ་ས་ཆུ་ཤུལ་བཙོན་ཁང་རང་དུ་བཙོན་འཇུག་བཀག་ཉར་བྱས་པ་ལས་བཙོན་ཁང་གཞན་དུ་གནས་སྤོར་བྱས་མྱོང་མེད་འདུག

མ་གཞི་རྒྱ་གཞུང་གིས་རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་ལ་ཁྲིམས་གཅོད་བྱས་པ་དེ་ནི། དྲང་བདེན་གྱི་ཁྲིམས་གཅོད་ཞིག་མ་ཡིན་པར་ཁོང་གི་རྩོམ་འབྲི་རང་དབང་དང་སྨྲ་བརྗོད་རང་དབང་བཙན་འཕྲོག་ཆེད་བསམ་བཞིན་ནག་ཉེས་བཙལ་འགལ་བྱས་པ་ཞིག་ཆགས་ཡོད། དེར་བརྟེན། ཁོང་གིས་ཕྱི་ལོ་ ༢༠༠༥ ཟླ་ ༡༡ ཚེས་ ༣༠ ཉིན་བཙོན་ཁང་ནང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་དོན་ལྷན་ཚོགས་དང་། འཛམ་གླིང་བུད་མེད་ལྷན་ཚོགས། རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་མཐུན་ཚོགས། མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་ལྷན་ཚོགས་བཅས་ལ་ཞུ་གཏུགས་ཡི་གེ་བྲིས་ཏེ། བཙོན་ཁང་ནས་ཕྱིར་གློད་ཀྱིན་པའི་བཙོན་པ་ཞིག་བརྒྱུད་ནས་ཞུ་ཡིག་དེ་རྒྱལ་སྤྱིའི་སྒང་ཕྱིར་སྒྲོག་བྱ་ཐུབ་པ་བྱུང་ཡོད་པ་རེད།

ཁོང་གི་ཞུ་ཡིག་དེའི་ནང་དུ། རྒྱ་གཞུང་གིས་ཁོང་ལ་ནག་ཉེས་འགེལ་རྒྱུར་ཁ་གཡར་ས་གཙོ་བོ་ནི། ཁོང་གིས་བརྩམས་དེབ་༼ལྷིང་འཇགས་མེད་པའི་ཧི་མ་ལ་ཡ༽ཆགས་ཡོད་པ་དང་། དེབ་ནང་དམངས་གཙོ་དང་རང་དབང་། བོད་ཀྱི་གནད་དོན་སོགས་བྲིས་པ་ཡོད་དེ་རྒྱ་གཞུང་གིས་ཁོང་ལ་ནག་ཉེས་འགེལ་བྱེད་གཙོ་བོ་ཆགས་ཡོད། ཡིན་ནའང་། རྒྱ་ནག་གི་ཁྲིམས་ལུགས་གཞིར་བཟུང་ན་དེབ་དེ་ཁོ་ནར་བརྟེན་ནས་རྒྱལ་ཁབ་ཁ་བྲལ་ལ་ངལ་སྐུལ་གྱི་ནག་ཉེས་བསྒྲུབ་ཐུབ་ཀྱི་མེད་སྟབས། རྒྱ་གཞུང་གིས་དོན་དངོས་བདེན་དཔང་གང་ཡང་མེད་པར་བཙན་པོ་དབང་ཡོད་ཀྱི་སྒོ་ནས་ཁོང་ལ་གསང་ཉུལ་བའི་ཉེས་མིང་འགེལ་ཐབས་བྱས་ཡོད་པའི་སྐོར་གསལ་འདོན་བྱས་པ་རེད། སྤྱིར་རྒྱ་གཞུང་གིས་རྩོམ་པ་པོ་དག་གི་བརྩམས་དེབ་རིགས་ལ་ནག་ཉེས་འཛུགས་སྐབས་ནམ་རྒྱུན་ “ རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ” གྱི་ཉེས་མིང་གཡོག་གིན་ཡོད་པ་རེད། ཡིན་ནའང་། ནག་ཉེས་དེར་ལོ་ལྔའི་བཙོན་འཇུག་ཁྲིམས་ཆད་མ་གཏོགས་ཕོག་གི་མེད་སྟབས། རྒྱ་གཞུང་གིས་རྩོ་པ་པོ་ཁོང་ལ་བཙོན་ཐག་ལྕི་མོ་གཅོད་ཐབས་སུ་ “གསང་ཉུལ་བའི” ཉེས་མིང་བཙན་གྱིས་གཡོག་ཡོད་པ་རེད།

རྒྱ་གཞུང་གིས་ཁྲིམས་མེད་ལུགས་མེད་ཀྱི་ཁྲིམས་གཅོད་དེ་རིགས་སྤྱི་ཚོགས་ཐོག་ཤེས་རྟོགས་མི་ཡོང་བའི་ཆེད་དུ། ཁྲིམས་བཤེར་གྱི་བརྒྱུད་རིམ་ཆ་ཚང་གསང་བའི་སྒོ་ནས་བྱེད་ཀྱིན་ཡོད་པ་རེད། རྩོམ་པ་པོ་སྒྲོལ་མ་སྐྱབས་ཀྱི་བཙོན་འོག་ནས་བྲིས་པའི་ཞུ་ཡིག་ནང་དུའང་། རྒྱ་གཞུང་གིས་ཕར་ཕྱོགས་ཀྱི་སྐད་ཆར་ཉན་འཇོག་དང་དངོས་ཡོད་གནས་ཚུལ་བརྩད་ཞིབ་མ་བྱས་པར་ཁོང་ཉིད་ལ་ཁྲིམས་གཅོད་བྱས་པ་དང་། ཁོང་གིས་རང་བྱུང་ས་ཁམས་རིག་པའི་སྐོར་ནས་དེབ་ཞིག་འབྲི་འཆར་ཙམ་ལས་དངོས་སུ་བྲིས་མེད་པ་དེའང་། ཕྱི་ལོག་ལ་གསང་གནས་མཁོ་སྤྲོད་བྱས་པ་ཡིན་ཚུལ་ཁུངས་མེད་ལུང་མེད་ཐོག་ནས་བཙན་འགེལ་བྱས་མ་ཟད། ཁོང་གིས་རང་བྱུང་ས་ཁམས་རིག་པའི་སྐོར་ནས་རྩོམ་འབྲི་བྱེད་པ་ནི་བོད་རང་བཙན་ལས་དོན་སྤེལ་པར་ངོས་འཛིན་བྱས་པ་དེ་ནི། དུས་རབས་བཅུ་བདུན་པའི་ནང་དབྱི་ཏ་ལིའི་སྙན་གྲགས་ཅན་གྱི་རབ་བྱུང་ས་ཁམས་རིག་པ་བ་བྷོ་རའོ་ནོ་ལགས་ཀྱིས་ཉི་མ་ནི་རྒྱུ་སྐར་དག་གི་འཁོར་བསྐྱོད་ལྟེ་བ་ཆགས་ཡོད་པ་བརྗོད་པར་བརྟེན་ནས། རཱོམ་ཆོས་ལུགས་དཔོན་འཛིན་པ་དག་གིས་ཁོང་སྲོག་ཁྲིམས་བཅད་པའི་གནས་ཚུལ་དང་འདྲ་བའི་སེམས་ཚོར་སྐྱེས་སུ་བཅུག་པ་འགྲེལ་བརྗོད་བྱས་ཡོད།

རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་བཙོན་གྲོལ་ཐོབ་སྟེ་ཕྱིར་རང་ཁྱིམ་དུ་སླེབས་ནས་ནང་མི་ལྷན་འཛོམས་ཀྱི་འདྲ་པར།
རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་བཙོན་གྲོལ་ཐོབ་སྟེ་ཕྱིར་རང་ཁྱིམ་དུ་སླེབས་ནས་ནང་མི་ལྷན་འཛོམས་ཀྱི་འདྲ་པར།

རྒྱ་གཞུང་གི་ཁྲིམས་ལུགས་ནང་དུ་དོ་བདག་གང་ཞིག་ལ་ཁྲིམས་བཤེར་དང་ཁྲིམས་ར་འཚོགས་ཏེ་ཁྲིམས་གཅོད་བཅས་ཀྱི་སྐབས། དོགས་ཡོད་ཉེས་ཅན་པ་སོ་སོའི་ངོས་ནས་ཉེས་པ་དག་འབུལ་བྱེད་པའི་ཐོབ་ཐང་ཡོད་པ་དང་། དོ་བདག་གང་དེའི་ནང་མི་ཉེ་འབྲེལ་རྣམས་ཁྲིམས་རྭར་ཉན་ཞིབ་ཏུ་བཅར་ཆོག་པ། ཁྲིམས་རྭ་འཚོགས་སྐབས་ཡོངས་བསྒྲགས་ཐོག་མང་ཚོགས་ཀྱིས་ཟུར་ཉན་བྱ་ཆོག་པ་གཏན་འབེབས་བཟོས་ཡོད། ཡིན་ནའང་། རྒྱ་གཞུང་གིས་རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་ལ་དྲང་བདེན་མ་ཡིན་པའི་བཙོན་འཇུག་ཁྲིམས་ཐག་བཅད་པ་དེ་གསང་ཐབས་སུ། ཕྱི་ལོ་ ༢༠༠༥ ཟླ་ ༡༡ ཚེས་ ༢༦ ནས་ཚེས་ ༢༧ བར། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྐུ་ཚབ་མི་སྣ་ལྷ་སར་གཟིགས་སྐོར་སྐབས། རྩོམ་པ་པོ་ཁོང་ཉིན་ཤས་རིང་ས་གནས་གཞན་ཞིག་ཏུ་གནས་སྤོར་གྱིས་གསང་བའི་ཐོག་སྦོས་སྐོང་བྱས་ཡོད་པ་རེད། དེར་བརྟེན། ཁོང་གི་ཞུ་ཡིག་ནང་དུའང་རྒྱ་གཞུང་གིས་རྩོམ་པ་པོ་ཁོང་ལ་ཁྲིམས་ལུགས་གཞིར་བཟུང་དྲང་བདེན་གྱི་སྒོ་ནས་ཁྲིམས་གཅོད་བྱས་མེད་པའི་གནས་ཚུལ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ལ་གསལ་བརྗོད་ཀྱི་གོ་སྐབས་བྱུང་མ་སོང་བའི་སྐོར་བྲིས་ཡོད་པ་རེད།

རྒྱ་གཞུང་གིས་མི་རྒྱུ་གཉིས་ཀྱི་འགྲོ་སོང་ཕོན་ཆེན་པོ་བཏང་སྟེ་བོད་ཀྱི་ས་ཁུལ་སོ་སོའི་ནང་དྲག་པོའི་དམག་དཔུང་མང་པོ་འགྲེམས་འཇོག་བྱས་ཐོག བོད་མིའི་འགྲོ་འདུག་སྤྱོད་གསུམ་མཐའ་དག་ལ་བཀག་སྡོམ་དྲག་གནོན་བྱེད་ཀྱིན་ཡོད་པ་མ་ཟད། བོད་མི་རྣམས་ལ་ཁྲིམས་ཀྱི་མདུན་སར་མི་རིགས་དབྱེ་འབྱེད་ཀྱི་སྒོ་ནས་ཁྲིམས་ཆད་ནན་མོ་བཅད་དེ་བཙོན་འཇུག་མནར་གཅོད་གཏོང་བཞིན་ཡོད་ལ། བོད་མི་ཆབ་སྲིད་བཙོན་པ་མང་པོ་ཞིག་བཙོན་འོག་དང་བཙོན་གྲོལ་ཐོབ་རྗེས་སྐུ་འཚོ་བཞུགས་མ་ཐུབ་པར་འདས་གྲོངས་སུ་འགྲོ་བཞིན་ཡོད། ཡིན་ནའང་། རྒྱ་གཞུང་གི་གདུག་རྩུབ་མནར་གཅོད་གཏོང་ཐབས་དེ་རིགས་ཀྱིས་བོད་མི་ཆབ་སྲིད་བཙོན་པ་དག་གི་སྙིང་སྟོབས་དང་དཔའ་ཞུམ་པ་བཟོ་ཐུབ་ཀྱིན་མེད།

རྩོམ་པ་པོ་ཁོང་གི་ཞུ་ཡིག་ནང་དུའང་། “ཁོ་ཚོས་ངས་རང་དབང་བཙན་འཕྲོག་བྱས་པ་རེད། ཡིན་ནའང་། ཁོ་ཚོས་བདག་གིས་འགྲོ་བ་མིའི་རིགས་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་དང་། བུད་མེད་ཀྱི་བདེ་ཐང་ཤེས་བྱ་ཁྱབ་བསྒྲགས་ཀྱི་ཆོད་སེམས་བཙན་འཕྲོག་བྱ་ཐུབ་གི་མ་རེད། ཁོ་ཚོས་བདག་གསོད་ཐུབ་གི་རེད། ཡིན་ནའང་། བདག་གིས་རང་བྱུང་ས་ཁམས་ཚན་རིག་ལ་འཛིན་པའི་དགའ་མོས་དེ་གསོད་ཐུབ་ཀྱི་མ་རེད། དེ་བཞིན། མི་དང་ཁོར་ཡུག མི་དང་ཨ་མ། རང་བྱུང་ཁོར་ཡུག་བཅས་ཀྱི་འཚོལ་རྟོགས་ནི་འགྲོ་བ་མིའི་རིགས་ཡོངས་ཀྱི་སྤྱི་མཐུན་གྱི་བརྩི་མཐོང་བྱ་ཡུལ་ཞིག་ཆགས་ཡོད་ལ། བདག་གིས་ཐོག་མཐའ་བར་གསུམ་དུ་རང་ཉིད་ཀྱི་རིན་ཐང་འདུ་ཤེས་དེ་རྒྱུན་འཁྱོངས་བྱེད་བཞིན་ཡོད།” ཞེས་བརྗོད་ཡོད་པ་ལས་ཀྱང་གསལ་བོར་བསྟན་ཡོད།

རྒྱ་གཞུང་གིས་ཉེས་མེད་ཉེས་འཛུགས་ཀྱིས་རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་ལ་བཙོན་འཇུག་ཁྲིམས་ཐག་ལྕི་མོ་བཅད་པ་ལ་བརྟེན་ནས། ཁོང་གིས་འདས་པའི་ལོ་བཅུ་ལྷག་རིང་བཙོན་འོག་ཏུ་སྡུག་སྦྱོང་མནར་གཅོད་ཚད་མེད་མྱངས་དགོས་བྱུང་ཡོད། ཡིན་ནའང་། ཁོང་གི་བདེན་པ་སྐྱོང་བའི་སྙིང་སྟོབས་དང་། རང་བྱུང་ཁོར་ཡུག་དང་བུད་མེད་ཀྱི་ཐོབ་ཐང་སྲུང་སྐྱོབ་ཀྱི་འདུན་པ། བོད་མི་རིགས་ལ་བཅངས་པའི་བརྩེ་བ་བཅས་ལ་བོད་རིགས་མང་ཚོགས་ཀྱིས་གུས་བརྩི་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་དང་རྒྱབ་སྐྱོར་ཐོབ་ཡོད་པ་རེད། ཕྱི་ལོ་ ༢༠༠༩ ལོར་ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོགས་ཚོགས་པའི་ངོས་ནས། རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་ལ་ཧེལ་མན་ཧམ་མེ་ཊ་གཟེངས་རྟགས་ (Hellman/Hammett) ཕུལ་ཡོད། ༢༠༡༢ ལོར་རྒྱལ་སྤྱིའི་སྨྱུག་ཚོགས་ཀྱི་བཙོན་འོག་རྩོམ་པ་པོའི་མཐུན་ཚོགས་དང་། རྒྱའི་རང་དབང་སྨྱུག་ཚོགས་གཉིས་ཀྱིས་ངོས་ནས་ཁོང་ལ་བཙོན་འོག་རྩོམ་པ་པོའི་གཟེངས་རྟགས་ཕུལ་པ་སོགས། རྩོམ་པ་པོ་ཁོང་གི་རྩོམ་འབྲིའི་སྙིང་སྟོབས་ལ་ཡི་རངས་གུས་བརྩི་དང་ཆེ་མཐོང་བསྔགས་བརྗོད་ཐོབ་ཡོད་པ་རེད།

རྩོམ་པ་པོ་ཁོང་གིས་རྒྱ་ཡིག་ཐོག་བརྩམས་པའི་ <<ལྷིང་འཇགས་མེད་པའི་ཧི་མ་ལ་ཡ>> ཞེས་པའི་དེབ་དེ། ཕྱི་ལོ་ ༢༠༠༧ ལོར་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ནས་བོད་ཡིག་ཏུ་བསྒྱུར་ཏེ་བོད་རྒྱ་ཡིག་རིགས་གཉིས་ཐོག་དེབ་པར་བསྐྲུན་འགྲེམས་སྤེལ་བྱས་རྗེས། སྤྱི་ཚོགས་ཐོག་དོ་སྣང་ཆེན་པོ་བྱུང་སྟེ་རྒྱལ་ཁབ་གཞན་དག་གི་ཡིག་རིགས་ནང་བསྒྱུར་ནས་གདེང་འཇོག་ཐོབ་བཞིན་ཡོད། དེབ་དེའི་ནང་རྩོ་པ་པོ་ཁོང་གིས་ “ཅི་ནས་ཀྱང་། ངས་བོད་མི་ཡོངས་ཀྱི་མདུན་དུ་པུས་མོའི་ལྷ་ང་ས་ལ་བཙུགས་ནས་རང་ཉིད་ཀྱིས་གང་ཤེས་པ་འབད་པ་ཆེན་པོས་ཁྱེད་ཅག་ལ་ཞུ་པར་འདོད། གཅིག་བྱས་ན་ཁྱེད་ཅག་གིས་སེམས་ནང་ངས་བྱབ་ཆུང་གི་ལས་ཀ་ཞིག་བྱེད་པར་འདོད་མོད། ཕྱོགས་གཞན་ཞིག་ནས་ཁྱེད་ཚོས་ང་རང་དབང་གི་ཆེད་དུ་དགྲ་བོའི་མེ་མདའི་སོ་ཁ་རུ་ལངས་བསྡད་ཡོད་པའང་མཐོང་ངེས་ཡིན། གང་ལྟར་འདི་ཚང་མ་ང་ཚོར་རང་དབང་གི་བདེ་སྐྱིད་འཐོབ་ཕྱིར་ཡིན། ” ཞེས་བརྗོད་ཡོད་པ་མ་ཟད། ཁོང་གི་ <བོད་རིགས་སྤུན་ཟླ་ཡོངས་ལ་ཕུལ་བའི་ཡི་གེ་ཞིག> ཅེས་པའི་ནང་། “ང་ཚོ་ཞེད་སྣང་སྐྱེ་མི་དགོས་ལ། མཆི་མ་ཡང་འདོན་མི་དགོས། ང་ཚོར་ངེས་པར་དུ་རྒྱལ་ཁ་ཐོབ་ཡོང་། ཁྱེད་ཚོ་སྟེ། སྙིང་ཉེ་བའི་བོད་རིགས་སྤུན་ཟླ་རྣམ་པ། ངའི་ཤ་ཉེ་ཚོ། ང་ཚོས་ངེས་པར་དུ་ལས་ཀའི་མཐའ་བསྐྱལ་དགོས། ང་ཚོ་ཉིན་ཞིག་གཟི་བརྗིད་ལྡན་པ་ཞིག་ཏུ་འགྱུར་ཐུབ།” ཞེས་གདམས་ཡོད།

རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་ཀྱི་བརྩམས་དེབ་༼ལྷིང་འཇགས་མེད་པའི་ཧི་མ་ལ་ཡ༽།
རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་ཀྱི་བརྩམས་དེབ་༼ལྷིང་འཇགས་མེད་པའི་ཧི་མ་ལ་ཡ༽།

གཞན་ཡང་། དེབ་ཀྱི་མཇུག་བྱང་དུ་རྩོམ་པ་པོ་ཁོང་གིས “དེབ་འདི་ངའི་མི་རིགས་ལ་འབུལ་བར་བྱ་སྟེ། ཁོས་ང་ལ་མི་མང་པོ་ངོ་ཤས་སུ་བཅུག དེབ་འདི་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མ་མཆིས་པའི་དབུ་འཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་བར་བྱ་སྟེ། ཁོང་གི་མི་ཚེ་མཚན་ཉིད་ཀྱིས་ང་ལ་འདོད་རྔམ་སྤང་ནས་གཞན་དོན་འབའ་ཞིག་བསྒྲུབ་པར་ལམ་སྟོན་མཛད། དེ་བཞིན། དེབ་འདི་ངའི་ཕ་མ་དང་སྤུན་མཆེད་དག་ལ་འབུལ་བར་བྱ་སྟེ། ཁོང་ཚོ་ནང་ཆོས་ལ་དད་ཅིང་འཚོ་བ་ལ་སྤྲོ་སྣང་འཕེལ་བ་མ་ཟད། ང་ལའང་ཤ་ཚ་བྱེད་ཀྱི་ཡོད། ངས་ཀྱང་མི་གཞན་ལ་སྔར་ལྷག་ཤ་ཚ་བྱེད་དགོས་པ་ཤེས་སུ་བཅུག” ཅེས་བྲིས་ཡོད་པ་མ་ཟད། ཁོང་གི་དེབ་དེར་འཐོབ་དགོས་པའི་ལས་ཀའི་རིན་ཐང་དེ་ཐོབ་པ་ཡིན་ན། དེབ་དེའི་ཡོངས་འབབ་ཀྱི་བརྒྱ་ཆ་ ༣༠ བོད་ཀྱི་བྱིས་པ་དབུལ་པོའི་སློབ་གསོའི་ཆེད་གཏོང་རྒྱུ་དང་། བརྒྱ་ཆ་ ༣༠ རྒྱ་ནག་གི་བྱིས་པ་དབུལ་པོའི་སློབ་གསོའི་ཆེད་གཏོང་རྒྱུ། དེ་འཕྲོས་ཀྱི་བརྒྱ་ཆ་ ༤༠ ལས་བརྒྱ་ཆ་ ༡༥ གསོག་སྒར་སློབ་གྲྭའི་སློབ་མ་ཚོའི་ལག་དངུལ་ཆེད་གཏོང་རྒྱུ་ཡིན། འདི་ནི་སློབ་གྲྭ་དེར་ང་ལ་སློབ་སྦྱོང་ཐོབ་པས་དྲིན་ལན་འཇལ་བ་ཡིན་སྐོར་གསལ་བརྗོད་བྱས་ཡོད།

རྩོམ་པ་པོ་སྐུ་ཞབས་སྒྲོལ་མ་སྐྱབས་ལགས་ནི། ཕྱི་ལོ་ ༡༩༧༦ ལོར་བོད་མདོ་སྨད་ཨ་རིག་སྟེ། ད་ལྟའི་རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱིས་མི་སེར་སྤེལ་བའི་དྲག་གནོན་དབང་བསྒྱུར་གྱི་ས་ཁོངས་ལྟར་ན། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་འབྲོང་ལུང་ཞང་དར་ལུང་རུ་ཁག་བཞི་བར་སྐྱེས་ཤིང་། ཁོང་གི་ཕའི་མིང་མཁས་བཙུན་དང་མའི་མིང་ལ་སྒྲོལ་མ་ཟེར། ཁོང་ཚང་ལ་བུ་ལྔ་དང་བུ་མོ་ལྔ་བཅས་མིང་སྲིང་བཅུ་ཡོད་པ་དང་། རྩོམ་པ་པོ་ཁོང་ནི་བུ་ལྔའི་གྲས་ནས་གསུམ་པ་དེ་ཆགས་ཡོད། ཁོང་ཆུང་དུས་ནས་བཟུང་སློབ་ཞུགས་ཀྱིས་ས་གནས་ཀྱི་སློབ་ཆུང་དང་རྫོང་སློབ་འབྲིང་། མཚོ་སྔོན་ཞིང་ཆེན་དགེ་ཐོན་སློབ་ཆེན་བཅས་རིམ་པར་སློབ་མཐར་ཕྱིན་རྗེས། མདོ་ལ་རྫོང་སློབ་འབྲིང་དུ་དགེ་རྒན་གྱི་ཕྱག་ལས་གཉེར་པ་དང་། རྗེས་སུ་པེ་ཅིན་སློབ་ཆེན་དུ་སློབ་ཞུགས་བྱས་ཏེ་ཞིབ་འཇུག་སློབ་མའི་སྡེ་ཁག་ཏུ་མུ་མཐུད་སློབ་གཉེར་གནང་། ༢༠༠༣ ལོར་ཞིབ་འཇུག་སློབ་མའི་སློབ་སྦྱོང་གནང་གྲུབ་མཚམས་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་ཡོད་པ་རེད། ཁོང་རྒྱ་གར་ཏུ་བཙོན་བྱོལ་འབྱོར་རྗེས་གསོག་སྒར་སློབ་གྲྭར་དབྱིན་ཡིག་སློབ་སྦྱོང་གི་ཞོར་དུ་༼ལྷིང་འཇགས་མེད་པའི་ཧི་མ་ལ་ཡ༽ ཞེས་པའི་དེབ་དེ་རྒྱ་ཡིག་ཐོག་རྩོམ་འབྲི་གནང་ཡོད། ༢༠༠༤ ལོའི་ཕྱི་ཟླ་ ༥ པར་ཕྱིར་རང་ཡུལ་བོད་ནང་དུ་ལོག་རྗེས། ལྷ་ས་གྲོང་ཁྱེར་གྱི་སློབ་འབྲིང་ཞིག་ནང་ལོ་རྒྱུས་དགེ་རྒན་གྱི་ཕྱག་ལས་གནང་ཡོད་པ་དང་། ལས་ཞོར་དུ་བོད་ཀྱི་ས་ཁམས་ལོ་རྒྱུས་ཀྱི་དེབ་ཅིག་ཀྱང་རྩོམ་འབྲི་བྱེད་མགོ་བརྩམས་ཡོད་ཀྱང་། མཐར་དེབ་དེ་རྩོམ་འབྲིའི་སྐལ་བ་མ་ལྡན་པར་ཕྱི་ལོ་ ༢༠༠༥ ལོར་རྒྱ་གཞུང་གིས་འཇུ་བཟུང་བྱས་ཏེ་ལོ་བཅུ་དང་ཟླ་དྲུག་གི་བཙོན་འཇུག་ཁྲིམས་བཅད་དེ་བཙོན་འོག་འཚོ་བ་སྐྱེལ་དགོས་བྱུང་ཡོད། ཕྱི་ལོ་ ༢༠༡༥ ཕྱི་ཟླ་ ༡༠ ཚེས་ ༨ ཉིན་ཁོང་གི་བཙོན་འཇུག་དུས་བཅད་རྫོགས་ཏེ་ཕྱིར་རང་ཁྱིམ་དུ་འབྱོར་ཡོད་པ་དང་། ད་ལྟའི་ཆར་ནང་མི་ལྷམ་འཛོམས་ཐོག་ཕ་ཡུལ་དུ་བཞུགས་མུས་ཡིན་འདུག

རྩོམ་པ་པོ་སྒྲོལ་མ་སྐྱབས་ཀྱིས་བཙོན་ཁང་ནས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་བྲིས་པའི་ཞུ་ཡིག

༄༅། ། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་དོན་ལྷན་ཚོགས། འཛམ་གླིང་བུད་མེད་ལྷན་ཚོགས། རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་མཐུན་ཚོགས། མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་ལྷན་ཚོགས། བཅས་ལ་ཞུ་དོན།

བདག་ལ་ལོ་བཅུའི་དུས་བཀག་བཙོན་འཇུག་ཁྲིམས་ཐག་བཅད་བྱུང་། རྒྱུ་རྐྱེན་གཙོ་ནི། བདག་གིས་སྔར་བྲིས་ཤིང་ད་དུང་པར་འགྲེམས་བྱུང་མེད་པའི་༼ལྷིང་འཇགས་མེད་པའི་ཧི་མ་ཡ་ལ༽ཞེས་པའི་དེབ་དེ་ཆགས་ཡོད། དེབ་དེའི་ནང་གཙོ་བོ་དམངས་གཙོ་དང་རང་དབང་། བོད་ཀྱི་གནད་དོན་སོགས་བྲིས་ཡོད། འདི་ནི་ཁྲིམས་ཐག་གཅོད་དགོས་པའི་སྒྲུབ་བྱེད་གཙོ་བོར་ངོས་འཛིན་བྱས་འདུག ཡིན་ནའང་། རྒྱ་ནག་གི་ཁྲིམས་ལུགས་གཞིར་བཟུང་ནས་བཤད་ན། དེབ་འདི་ལ་བརྟེན་ནས་རྒྱལ་ཁབ་ཁ་བྲལ་ལ་ངལ་སྐུལ་གྱི་ཉེས་མིང་སྒྲུབ་ཐུབ་ཀྱི་མེད། དེར་བརྟེན། ཁོ་ཚོས་ཁྲིམས་ལུགས་ལོག་སྤྱོད་ཀྱི་སྒོ་ནས་གསང་མྱུལ་བའི་ཉེས་མིང་བཀལ་ཏེ། དངོས་ཡོད་གནས་ཚུལ་དང་བདེན་དཔང་གང་ཡང་མེད་པའི་གནས་སྟངས་འོག བཙན་པོ་དབང་ཡོད་ཀྱིས་བདག་ལ་གསང་མྱུལ་བའི་ཉེས་མིང་བཀལ་ཏེ་ཁྲིམས་བསྒྲགས་བྱས་ཡོད་པ་རེད།

ཁོ་ཚོའི་(ཁྲིམས་ཁང་)སྒྲུབ་བྱེད་ནི། ༡༽ བདག་གིས་དེ་སྔོན་བོད་སྲིད་གཞུང་(བཙོན་བྱོལ་བོད་གཞུང་)ལ་ཁོར་ཡུག་སྲུང་སྐྱོབ་ཐད་ཤུགས་སྣོན་དང་བུད་མེད་ཀྱི་བདེ་ཐང་ལས་དོན་ཡར་རྒྱས་སྐོར་ནས་བསམ་ཚུལ་བརྗོད་པར་ངེས་འཛིན་གྱིས། བདག་གིས་བོད་རང་བཙན་དར་སྤེལ་གྲ་སྒྲིག་བྱེད་ཀྱིན་ཡོད་ཚུལ་ཁོ་ཚོས་རང་སྣང་གར་གྱིས་ངོས་འཛིན་ཐག་གཅོད་བྱས་སོང་།

༢༽ བདག་གིས་རང་བྱུང་ས་ཁམས་རིག་པའི་སྐོར་ནས་དེབ་གཅིག་འབྲི་རྩིས་བྱེད་ཀྱི་ཡོད་ཀྱང་། དེབ་དེ་ད་དུང་བྲིས་མེད་པའི་གནས་སྟངས་འོག ཁོ་ཚོས་རང་སྣང་གར་ཤར་གྱི་སྒོ་ནས་བདག་གིས་ཕྱི་ལོག་ཏུ་གསང་གནས་མཁོ་སྤྲོད་བྱས་པར་ངོས་འཛིན་དང་། ལྷག་པར་དུ་རང་བྱུང་ས་ཁམས་རིག་པ་རྩོམ་འབྲི་བྱེད་པ་ནི་བོད་རང་བཙན་ལས་དོན་སྤེལ་བ་ཡིན་པར་ཁུངས་མེད་ལུང་མེད་ཀྱི་ངོས་འཛིན་བྱས་ཡོད། མདོ་མེད་ཀྱི་བཤད་སྟངས་དེ་དག་གིས། དབྱི་ཏ་ལིའི་སྙན་གྲགས་ཅན་གྱི་རང་བྱུང་ས་ཁམས་རིག་པ་བ་བྷོ་རའོ་ནོ་ (Giordano Bruno) ལགས། རྒྱུ་སྐར་ནི་ཉི་མ་ལྟེ་བར་བྱས་ཏེ་འཁོར་བསྐྱོད་བཞིན་པ་བརྗོད་པར་བརྟེན་ནས། ཕྱི་ལོ་ ༡༦༠༠ ལོར་རཱོམ་ཆོས་ལུགས་དཔོན་འཛིན་པ་དག་གིས་ཁོང་ལ་སྲོག་ཁྲིམས་བཅད་པ་དང་གཅིག་མཚུངས་ཀྱི་མཐོང་ཚོར་ཞིག་བདག་ལ་སྐྱེས་སུ་བཅུག

༣༽ ཁོ་ཚོས་མི་ཕ་རོལ་བོའི་སྐད་ཆར་ཉན་འཇོག་དང་དངོས་ཡོད་གནས་ཚུལ་བརྩད་གཅོད་མི་བྱེད་པར་ཁྲིམས་གཅོད་པ་དང་། ལྷག་པར་དུ་དབང་ཆ་ཁོ་ནར་བརྟེན་ནས་ཁྲིམས་གཅོད་བྱེད་ཀྱིན་ཡོད། དེར་བརྟེན། ཕྱི་ལོ་ ༢༠༠༥ ཟླ་ ༡༡ ཚེས་ ༢༦ ནས་ཚེས་ ༢༧ ཉིན་བར། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་མི་སྣ་ལྷ་སར་གཟིགས་སྐོར་སྐབས། ཁོ་ཚོས་དངོས་ཡོད་གནས་ཚུལ་ཤེས་རྟོགས་བྱུང་རྒྱུར་འཛེམས་དོགས་བྱས་ཏེ། བདག་ཕྱི་ཚེས་ ༢༦ དང་ ༢༧ ཉིན་ས་གནས་གཞན་ཞིག་ཏུ་གནས་སྤོར་གྱིས་སྦོས་སྐོང་བྱས་སོང་།

དེར་བརྟེན། བདག་གིས་མི་དམངས་ལ་རང་ཉིད་ནི་ཁྲིམས་ལུགས་དྲང་སྙོམས་སྒོ་ནས་ཁྲིམས་གཅོད་བྱས་པ་ཞིག་ཏུ་འགྲེལ་བརྗོད་བྱ་ཐབས་བྲལ་བྱུང་། ལྷག་པར་དུ་བདག་གིས་བོད་ཀྱི་གཙོད་སྲུང་སྐྱོབ་དགོས་པ་དང་འབྲོག་ཁུལ་གྱི་རང་དབང་བརྩེ་དུང་ཡར་སྐུལ་སྐོར་ཁྱབ་སྤེལ་བྱས་པ་རྣམས། ཁོ་ཚོས་བདག་གིས་བོད་རང་བཙན་ལས་འགུལ་སྤེལ་བར་ངོས་འཛིན་བྱས་སོང་། ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དང་། བུད་མེད་ཀྱི་བདེ་ཐང་ཤེས་བྱ་ཁྱབ་སྤེལ་དང་འཆར་ལྡན་བུ་སྐྱེས། རང་སྟེང་ནས་འཕྲོད་བསྟེན་བྱེད་པའི་བཅས་ཀྱི་ཆེད་དང་། དེ་བཞིན། རང་བྱུང་ས་ཁམས་རིག་པའི་དཔྱད་ཞིབ་ཡར་རྒྱས་བཅས་ཀྱི་ཆེད་དུ། ལོ་བཅུའི་བཙོན་འཇུག་ཁྲིམས་ཐག་བཅད་པ་དེ་ནི། དེང་རབས་ཀྱི་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ཐོག་བློ་ཡིད་ལ་མི་ཤོངས་པའི་གནས་ཚུལ་ཞིག་ཆགས་ཡོད་པར་བདག་གིས་ཡིད་ཆེས་བྱེད་ཀྱིན་ཡོད། ཁོ་ཚོས་ངས་རང་དབང་བཙན་འཕྲོག་བྱས་པ་རེད། ཡིན་ནའང་། ཁོ་ཚོས་བདག་གིས་འགྲོ་བ་མིའི་རིགས་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་དང་། བུད་མེད་ཀྱི་བདེ་ཐང་ཤེས་བྱ་ཁྱབ་སྤེལ་གྱི་ཆོད་སེམས་བཙན་འཕྲོག་བྱ་ཐུབ་གི་མ་རེད། ཁོ་ཚོས་བདག་གསོད་ཐུབ་གི་རེད། ཡིན་ནའང་། བདག་གིས་རང་བྱུང་ས་ཁམས་ཚན་རིག་ལ་འཛིན་པའི་དགའ་མོས་དེ་གསོད་ཐུབ་ཀྱི་མ་རེད། དེ་བཞིན། མི་དང་ཁོར་ཡུག མི་དང་ཨ་མ། རང་བྱུང་ཁོར་ཡུག་བཅས་ཀྱི་འཚོལ་རྟོགས་ནི་འགྲོ་བ་མིའི་རིགས་ཡོངས་ཀྱི་སྤྱི་མཐུན་བརྩི་མཐོང་བྱ་ཡུལ་ཞིག་ཆགས་ཡོད། བདག་གིས་ཐོག་མཐའ་བར་གསུམ་དུ་རང་ཉིད་ཀྱི་རིན་ཐང་འདུ་ཤེས་དེ་རྒྱུན་འཁྱོངས་བྱེད་བཞིན་ཡོད།

འབྲེལ་ཡོད་ཚོགས་སྡེ་ཁག་གིས་གནད་དོན་འདིར་དོ་སྣང་དང་རོགས་འདེགས་ཡོང་བའི་རེ་བ་ཡོད།

གོ་ཐོས་ལ་རྒྱ་གཞུང་གིས་གསང་མྱུལ་བའི་ཉེས་མིང་བེད་སྤྱོད་ཀྱིན་པ་དེ་ནི་རང་དབང་དང་དམངས་གཙོ་བརྡལ་བཤིག་གཏོང་ཐབས་ཀྱི་ཆེད་དུ་ཡིན་འདུག ད་དུང་ཕྱོགས་གཞན་ཞིག་ནས་ཁོ་ཚོས་སོ་སོའི་ལས་ཀའི་གྲུབ་འབྲས་སྟོན་སྤྱད་ཀྱི་སྙན་ཐོར་བེད་སྤྱོད་བྱ་ཆོག་གི་ཡོད་པ་རེད།

སྒྲོལ་མ་སྐྱབས་ནས།
ཕྱི་ལོ་ ༢༠༠༥ ཟླ་ ༡༡ ཚེས་ ༣༠ ཉིན་ལ།

རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་ཀྱི་བརྩམས་དེབ་ << ལྷིང་འཇགས་མེད་པའི་ཧི་མ་ལ་ཡ>> ཡི་མཇུག་བསྡུའི་གཏམ།

གསེར་མདོག་གི་ཉི་མ་ཨ་མྱེས་རྨ་ཆེན་གྱི་གངས་རྩེར་མ་འཕག་སྔོན། མི་ཐམས་ཅད་གླིང་རྗེ་གེ་སར་རྒྱལ་པོའི་འཁྲུངས་ཡུལ་དུ་འཛོམས་དང་། དེ་རུ་གསོན་ཤུགས་འབར་བའི་ངར་སྒྲ་ཞིག་གིས་མི་རེ་རེའི་གཅེས་མིང་ནས་འབོད་ཀྱིན་ཡོད། ད་དུང་ངར་སྒྲ་དེའི་ཁྲོད་ཨ་མྱེས་རྨ་ཆེན་གངས་རིའི་ཕངས་བར་ཉར་བའི་ལོ་ངོ་སྟོང་ཕྲག་བརྒྱུད་པའི་གངས་སེང་དཀར་མོའི་གཟི་ཉམས་བསྣམས་ཡོད།

གསེར་མདོག་གི་ཉི་མ་གངས་དཀར་ཏི་སེའི་དབུ་རྩེ་ནས་མ་ནུབ་སྔོན། མི་ཐམས་ཅད་རི་བོ་གངས་དཀར་ཏི་སེའི་ལྷོ་ངོས་ཀྱི། དཀར་དམར་དབྱེ་མཚམས་ཀྱི་རི་རྩེ་ཆུང་ཆུང་དེའི་འདབས་སུ་འཛོམས་ནས། དག་གཙང་གི་མཆོད་མེ་ཁྲི་འབུམ་འོད་དུ་སྒྲོན་རོགས། ཚེ་གཅིག་གི་སྨོན་འདུན་དྲག་པོ་མར་མེ་འོད་དུས་སྦྲུམ་སྟེ། ཉི་མ་བཞུད་རྗེས་ཀྱི་མུན་ནག་གི་དུས་རབས་དེ་གསལ་བར་མཛད་ངེས།

སྐབས་དེར། ལོ་ངོ་སྟོང་ཕྲག་གི་བཙན་པོའི་རྒྱལ་ཁབ་ཀྱིས་བཞག་པའི་ཉམས་པ་མེད་པའི་རྣམ་ཤེས་ཀྱི་དཔུང་ཚོགས་དེ་མི་ཀུན་གྱིས་མཐོང་ངེས། ང་ཚོར་ཕྱོགས་ཏེ་མངོན་ཡོང་བ་ནི་ལོ་ངོ་སྟོང་ཕྲག་རྗེས་ཀྱི་འཛུམ་མདངས་ཐོག་མ་དེ་ཡིན། འཛུམ་མདངས་དེ་ལས་ང་ཚོས་ལོ་ངོ་སྟོང་ཕྲག་གི་བཙན་པོའི་རྒྱལ་ཁབ་ལ་ཕོག་པའི་དཀའ་སྡུག་མཐོང་ཐུབ། འཛུམ་མདངས་དེས་ང་ཚོར་གཞི་ནས་སྐད་སེང་མཐོན་པོའི་རང་ཉིད་ཀྱི་མིང་ནས་འབོད་དུ་བཅུག འཛུམ་མདངས་དེས་ད་གཟོད་ང་ཚོའི་སེམས་ནང་གི་སྡུག་བསྔལ་མཆི་མ་རུ་བསྙིལ་ནས་ཕྱི་རུ་འདོན་དུ་འཇུག་ངེས། ངས་མཐོང་བྱུང་། ཕ་མ་ཚོས་བུ་ཕྲུག་གི་མིག་ཆུ་འབྱིད་བཞིན་པ་མཐོང་བྱུང་། སྐྱེས་པ་ཚོས་བུད་མེད་ཀྱི་མིག་ཆུ་འབྱིད་བཞིན་པ་མཐོང་བྱུང་། ཐ་ན། ཅི་ཡང་ནུས་པའི་འཇིག་རྟེན་བྱེད་པོས་ཀྱང་གློ་བུར་འདི་དག་ཐམས་ཅད་མཐོང་རྗེས། ཁོང་ཉིད་བློ་འགུ་དྲགས་པོ་ཐེབས་ནས་ཕྱག་སོར་དུས་ཀྱི་འཁོར་ལོའི་མདའ་རྩེ་སྟེང་བཞག་སྟེ། འཇིག་རྟེན་ཧྲིལ་པོའི་དུས་ཀྱི་འཁོར་འགྲོས་དེ་བོད་ཀྱི་ཆེད་སྐར་ཆ་གཅིག་རིང་འགུལ་མེད་དུ་འགོག་ངེས།

དུས་ཀྱི་འཁོར་འགྲོས་ཀྱིས་ཡུད་ཙམ་ཁེགས་པའི་ཚོར་ཤེས་དེ་མྱངས་རྗེས་བསྐྱར་དུ་འཁོར་མགོ་རྩོམ་སྐབས། གློ་བུར་དུ་མི་ཚོགས་ལ་ཤུགས་དྲག་པོའི་གཡོ་སྐྱོམ་འཐེབ་ངེས། དེ་དུས་མར་མེ་ཁྲི་འབུམ་དག་སྤྱན་རས་གཟིགས་ཀྱི་སྤྲུལ་བར་གྱུར་ཏེ། མི་ཚོགས་ཐམས་ཅད་གློ་བུར་ཞི་འཇགས་སུ་བཏང་རྗེས། གསོལ་འདེབས་ཀྱི་སྒྲ་དབྱངས་ཁོ་ན་ཐོས་ཐུབ། དེ་ནི་གསོལ་འདེབས་མ་རེད། གསོན་ཤུགས་འབར་བའི་རྣམ་ཤེས་གང་དེ་ཕྱིར་རང་ཁྱིམ་དུ་ལོག་ཕེབས་བྱུང་བ་རེད། ནང་ལངས་བྱུང་།