རྔ་བ་སྤྲོ་ཚིགས་དགོན་པའི་དགེ་སྐོས་དཀོན་མེ་ལགས་འཇུ་བཟུང་བཀག་ཉར་བྱས་ནས་གར་སོང་ཆ་མེད་དུ་གྱུར་བ།

འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་འཕེལ་རྒྱས་ལྟེ་གནས་ཁང་དུ་ཁུངས་ལྡན་གྱི་གནས་ཚུལ་འབྱོར་བ་ལྟར་ན། སྤྱི་ཟླ་ ༠༧ ཚེས་ ༢༠ ཡས་མས་ཤིག་ལ། དགུང་ལོ་ ༤༥ ལ་སོན་པའི་རྔ་བ་སྤྲོ་ཚིགས་དགོན་པའི་དགེ་སྐོས་དཀོན་མེ་ལགས་རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བཀག་ཉར་བྱས་ནས་བདུན་ཕྲག་གཉིས་ཙམ་ཕྱིན་ཀྱང་ད་དུང་ཁོང་ཉིད་གང་དུ་བཀག་ཉར་བྱས་མིན་དང་ཅིའི་ཕྱིར་དུ་འཇུ་བཟུང་བྱས་མིན་སོགས་གནས་ཚུལ་གང་ཡང་ཤེས་རྟོགས་བྱུང་མི་འདུག  གྲྭ་དཀོན་མེ་ལགས་ནི་སྤྲོ་ཚིགས་སྡེ་པ་ནས་ཡིན་ཞིང་སྐུ་ན་ཆུང་དུས་ནས་དགོན་པར་ཚོགས་ཞུགས་གནང་ཡོད་པ་རེད། 

འདི་ག་ལྟེ་གནས་ཁང་ནས་གྲྭ་དཀོན་མེ་ལགས་ཆ་རྐྱེན་ཅི་ཡང་མེད་པར་འཕྲལ་དུ་གློད་གྲོལ་གཏོང་དགོས་པ་དང་རྒྱ་ནག་གཞུང་གིས་ཁྲིམས་མེད་ལུགས་མེད་ཀྱི་སྒོ་ནས་བོད་མི་རྣམས་འཇུ་བཟུང་བཀག་ཉར་བྱེད་པ་དང་མནར་གཅོད་གཏོང་བའི་རིགས་མཚམས་འཇོག་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན།  

བཙན་འཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་བ་ནི་འགྲོ་བ་མིའི་འཚོ་གནས་རང་དབང་དང་འདོད་དབང་། བདེ་འཇགས་ཀྱི་ཐོབ་ཐང་། མནར་གཅོད་དང་གདུག་རྩུབ་རིགས་མྱོང་མི་དགོས་པའི་ཐོབ་ཐང་། མི་ཆོས་དང་མཐུན་པའི་བཀག་ཉར་གྱི་ཐོབ་ཐང་། དྲང་བདེན་ཁྲིམས་བཤེར་གྱི་ཐོབ་ཐང་སོགས་གཞི་རྩའི་ཐོབ་ཐང་མང་དག་ཅིག་དང་དངོས་སུ་འགལ་བ་ཡིན།  

“མི་རྣམས་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་བ་ལས་སྐྱོབ་པའི་རྒྱལ་སྤྱིའི་གན་ཆིངས་”ལྟར་ན་སྲིད་གཞུང་གི་ངོ་ཚབ་བམ། ཡང་ན་སྲིད་གཞུང་གི་དབང་ཚད་དམ། ཆོག་མཆན། རྒྱབ་སྐྱོར་ཡོད་པའི་གང་ཟག་གམ། མི་སྡེ་གང་རུང་གིས་འཇུ་བཟུང་བྱེད་པའམ། བཀག་ཉར་བྱེད་པ། བཙན་འཁྲིད་བྱེད་པ། ཡང་ན་སྦྱོར་བ་གང་རུང་གི་ལམ་ནས་ཕ་རོལ་པོའི་རང་དབང་འཕྲོག་པའི་རྗེས་སུ་མི་དེའི་རང་དབང་འཕྲོག་ཚར་བ་གསལ་བཤད་མི་བྱེད་པའམ། ཁོའི་གནས་བབ་གསལ་འདོན་མི་བྱེད་པ། ས་གནས་གང་དུ་བཅུག་ཡོད་མེད་སོགས་གསང་རྒྱ་བྱས་ཏེ་ཁྲིམས་ཀྱིས་སྲུང་སྐྱོབ་མི་ཐུབ་པའི་གནས་སུ་བསྐྱལ་བ་དེ་ལ་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་བ་ཟེར། 

རྒྱལ་སྤྱིའི་གན་ཆིངས་དེའི་དོན་ཚན་དང་པོ་རུ་མི་སུ་ཡང་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་བར་བྱེད་མི་ཆོག་པ་མ་ཟད་དམག་འཁྲུག་དང་དམག་འཁྲུག་གི་ཉེན་ཁ་འབྱུང་བ། རྒྱལ་ནང་ལ་ཆབ་སྲིད་ཀྱི་ཟིང་འཁྲུག་ལངས་བ། དེ་མིན་སྤྱི་ཚོགས་ཀྱི་ཛ་དྲག་གནས་བབ་གང་ལའང་ཁག་དཀྲིས་ནས་མི་རྣམས་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་བ་བྱེད་མི་ཆོག་ཅེས་འཁོད་ཡོད།  

ན་ནིང་སྤྱི་ཟླ་གསུམ་པའི་ནང་མི་འགྲོ་བཅུ་ཅན་གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་སྙན་སྒྲོན་ཚོགས་ཆུང་ཞིག་དང་ཆེད་བཙུགས་ལས་དོན་རུ་ཁག་འགས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་འགལ་མིན་ལ་མ་བལྟོས་པར་རྒྱ་ནག་གཞུང་གིས་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་བར་བྱེད་པའི་རྣམ་པ་གཞན་ཞིག་སྟེ་“གསང་ཞིབ་ས་ཚུགས་”བཙུགས་ཏེ་ཉེས་དོན་ཁྲིམས་ཡིག་གི་བརྒྱུད་རིམ་ཡོངས་སུ་སྤངས་ནས་ཟླ་དྲུག་ཙམ་ལ་ཁྲིམས་བཤེར་དང་ཁྲིམས་རྩོད་པའི་ཆ་རྐྱེན་མི་སྤྲོད་པར་བཙོན་པ་ལྐོག་ཉར་བྱེད་ཀྱིན་ཡོད་པ་ཐེར་འདོན་བྱས་ཡོད།  སྤྱོད་ཚུལ་དེས་བཙོན་པ་རྣམས་མནར་གཅོད་དང་གདུག་རྩུབ་ཀྱི་བཅུན་ཐབས་དང་ཉེས་ཆད་སོགས་འཕོག་རྒྱུའི་ཉེན་ཁར་བརྫངས་བ་རེད།  

འདི་ག་ལྟེ་གནས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བརྗོད་པར་“རྒྱ་ནག་གཞུང་གིས་གྲྭ་དཀོན་མེ་ལགས་འཇུ་བཟུང་བྱས་པའི་རྒྱུ་མཚན་གསལ་བཤད་བྱེད་པའམ་ཡང་ན་ཁོང་འཕྲལ་དུ་གློད་གྲོལ་གཏོང་དགོས། འདི་འདྲ་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་བར་བྱས་པ་ཡིན་ན་དོ་བདག་གི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་མང་དག་ཅིག་རྡོག་རོལ་བཏང་བ་ཙམ་མ་ཟད་གཉེན་ཉེ་འབྲེལ་ཡོད་རྣམས་ཀྱང་ནག་ཁུང་དུ་གཡུགས་ནས་ཁོང་རྣམས་ཀྱི་རང་གི་གཉེན་ཉེ་འཇུ་བཟུང་བྱས་པའི་རྒྱུ་མཚན་སོགས་ཤེས་རྟོགས་ཐུབ་པའི་གཞི་རྩའི་ཐོབ་ཐང་ཡང་རྡོག་རོལ་བཏང་བ་རེད” ཅེས་འགྲེལ་བརྗོད་གནང་སོང་།  

to top