རྒྱ་ནག་དམར་ཤོག་ཚོགས་པའི་བརྡ་དོན་གནད་འགྲེལ་བྱས་པ་འདི་ཅི་ཞིག་ཡིན་ནམ། དེའི་དམིགས་ཡུལ་གང་ཡིན་ནམ། དེས་དགོས་དོན་ཅི་ཞིག་བསྐོང་ཐུབ་བམ།

ད་ལྟའི་ཆར་རྒྱ་ནག་གི་ཐུན་མོང་མ་ཡིན་པའི་དྲྭ་རྒྱའི་འཇིག་རྟེན་དང་གཞུང་འབྲེལ་གསར་ཁང་ཁག་གིས་ཡང་དང་བསྐྱར་དུ་དྲྭ་ལམ་གྱི་བསམ་ཚུལ་ཞིག་ལ་ཆེ་བསྟོད་བྱེད་བཞིན་འདུག  ཨ་རི་གཙོས་པའི་ཕྱིའི་རྒྱལ་ཁབ་ཁག་གི་ཤུགས་རྐྱེན་འགོག་ཕྱིར་དུ་རྒྱ་ནག་གིས་བསམ་བློ་བཅོས་བསྒྱུར་དང་གོམས་གཤིས་བཅོས་བསྒྱུར་བྱེད་དགོས་པའི་དུས་ལ་བབ་ཡོད་ཚུལ་འཁོད་པའི་བསམ་ཚུལ་དེའི་ནང་རྒྱ་ནག་དམར་ཤོག་ཚོགས་པས་རྒྱུན་དུ་བཀོལ་སྤྱོད་བྱེད་བཞིན་པའི་དྲིལ་བསྒྲགས་ཀྱི་ཚིག་གནད་མང་དག་ཅིག་འཁོད་འདུག་པས་ང་ཚོས་བསམ་ཚུལ་རྩོམ་ཡིག་དེ་དཔེ་རུ་དྲངས་ནས་རྒྱ་ནག་གི་དྲིལ་བསྒྲགས་ཚིག་གནད་ཁག་གནས་བབ་ཅི་འདྲ་ཞིག་ལ་བཀོལ་གྱི་ཡོད་མེད་དང་དེའི་ནང་དོན་ཅིག་ཞིག་ཡིན་མིན་སོགས་ཚིག་གནད་གསེད་བཀྲོལ་བྱས་པའི་ལམ་ནས་སྟོན་ཐབས་བྱས་ཡོད། 

རྩོམ་ཡིག་དེ་ཡིས་རྒྱའི་མི་རིགས་རིང་ལུགས་ཀྱི་ལྟ་བ་དང་། ཕོ་མཆོག་གི་ལྟ་བ། ཐེ་ཚོམ། ཁོང་ཁྲོ་སོགས་མཚོན་པར་བྱས་ཡོད། རྩོམ་ཡིག་དེའི་ནང་འཁོད་དོན་ལ་“ད་ལྟའི་ཆར་རྒྱ་ནག་གིས་ཧ་ཅང་དཀའ་རྙོག་ཆེ་བའི་རྒྱལ་སྤྱིའི་གནས་བབ་ཅིག་ལ་གདོང་ལེན་བྱེད་བཞིན་ཡོད། ཨ་མི་རི་ཀས་དམག་དང་དཔལ་འབྱོར། བརྡ་འཕྲིན་འཕྲུལ་ཆས། ཆབ་སྲིད། ཕྱི་འབྲེལ་ཐབས་ཇུས་སོགས་ལ་བརྟེན་ནས་རྒྱ་ནག་ལ་ཚུར་རྒོལ་བྱེད་བཞིན་ཡོད་པ་མ་ཟད་སྐྱེ་དངོས་ཀྱི་འཐབ་རྒོལ་དང་། དྲྭ་རྒྱའི་འཐབ་རྒོལ།  བསམ་བློའི་འཐབ་རྒོལ། བར་སྣང་གི་འཐབ་རྒོལ་སོགས་སྤྱད་དེ་ཁོང་ཚོར་བློ་དཀར་བའི་རྒྱ་ནག་གི་ཁོངས་མི་རྣམས་ལ་བརྟེན་ནས་ཁ་དོག་སྣ་ཚོགས་ཀྱི་གསར་བརྗེ་ཞིག་སློང་ཐབས་བྱེད་བཞིན་ཡོད། ང་ཚོས་ད་དུང་བཙན་རྒྱལ་རིང་ལུགས་པ་དང་དབང་ཆ་གཙོ་བདག་བྱེད་མཁན་ལ་ཁ་གཏད་གཅོག་ཕྱིར་མ་རྩ་རིང་ལུགས་ལ་བརྟེན་ཆེ་བ་དང་(ཨ་རིའི་རིག་གཞུང་གི་ཤུགས་རྐྱེན་ལ་དགའ་དད་བྱས་པ་ཡིན་ན་རང་རེའི་ན་གཞོན་ཚོའི་དཀའ་ཐུབ་ཀྱི་གཤིས་ཀ་དང་སྐྱེས་པ་ཕོའི་རང་ཚུགས་ཡོངས་སུ་ཤོར་ནས་གྲོགས་མེད་ཁེར་རྐྱང་ངང་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ནང་བཞིན་འཐོར་ཞིག་ཏུ་འགྲོ་རྒྱུ་གཏན་འཁེལ་རེད།

རྒྱལ་ཁབ་འཐོར་ཞིག་ཏུ་སོང་བའི་རྐྱེན་གྱིས་དཔལ་འབྱོར་རྡིབ་པ་དང་མི་དམངས་ལ་དཀའ་སྡུག་ཚོད་མེད་ཅིག་འབྱུང་བར་ངེས།  དེར་བརྟེན་ད་ལྟའི་དུས་སུ་རྒྱ་ནག་གི་ནང་དུ་འབྱུང་བཞིན་པའི་འགྱུར་ལྡོག་དེ་དག་ནི་དཀའ་རྙོག་ཅན་གྱི་རྒྱལ་སྤྱིའི་སྤྱི་ཚོགས་དང་གཏུམ་དྲག་ཆེ་བའི་ཨ་མི་རི་ཀའི་ཚུར་རྒོལ་ལ་གདོང་ལེན་བྱེད་པར་ཅིས་ཀྱང་ལག་བསྟར་བྱེད་དགོས་པའི་ཁ་ཚ་དགོས་གཏུག་གི་འགྱུར་ལྡོག་ཡིན།ང་ཚོས་ད་ལྟ་དངོས་སུ་མྱོང་འགོ་བཙུགས་པའི་སྤྱི་ཚོགས་ཀྱི་འགྱུར་ལྡོག་འདི་དག་ནི་མ་རྩ་གཏོང་ཕྱོགས་ཙམ་མ་ཡིན་པར་གླུ་གར་སྒྱུ་རྩལ་དང་གློག་བརྙན་འཁྲབ་སྟོན་སོགས་སྤྲོ་སེང་གི་རིགས་ཀྱང་འདིའི་ཁོངས་སུ་གཏོགས་པ་ཡིན། ཉམས་རྒུད་དུ་འགྲོ་བཞིན་པའི་ཁ་གཏད་ཀྱི་སྟོབས་ཤུགས་ཕམ་ཉེས་སུ་གཏོང་དགོས་པ་མ་ཟད་རུས་པ་ཆག་ཧྲུག་བཟོས་ཏེ་རྨ་ཁ་སོས་ཐབས་བྱེད་དགོས།  ད་དུང་ཁང་ཁྱིམ་གཙང་དག་དང་མཁའ་རླུང་དྭངས་གཙང་། སྤྱི་ཚོགས་བདེ་ཐང་དུ་འབུད་ཐབས་བྱས་ནས་སྤྱི་ཚོགས་ཀྱི་གྲུབ་ཆ་གཙོ་བོར་སྲུང་སྐྱོབ་ནན་པོ་བྱེད་དགོས།”ཞེས་འཁོད་ཡོད།

རྩོམ་ཡིག་འདིས་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་རིག་གཞུང་དང་སྒྱུ་རྩལ། དམག  བདེ་སྲུང་། དཔལ་འབྱོར་སོགས་ཕྱོགས་གང་ཐད་ནས་གཞན་གྱི་ཤུགས་རྐྱེན་དག་སེལ་བྱེད་བཞིན་པར་བསྔགས་བརྗོད་བྱས་ཏེ་ཨ་མི་རི་ཀའི་ཤུགས་རྐྱེན་མཐའ་དག་རྩ་མེད་གཏོང་དགོས་པ་ནན་སྐུལ་བྱས་ཡོད། རྒྱ་ནག་དམར་ཤོག་ཚོགས་པའི་ལོ་རྒྱུས་ཁྲོད་གསར་བརྗེའི་ལས་དོན་སྤེལ་བར་དམངས་སེམས་ལ་སྐུལ་ལྕག་གཏོང་རྒྱུ་ནི་ཐབས་ཤེས་གལ་ཆེན་ཞིག་ཏུ་བརྩིས་ཡོད། ད་ལན་གྱི་རྩོམ་ཡིག་འདི་ཡང་གཞུང་འབྲེལ་དྲྭ་རྒྱ་ཁག་ཏུ་ཡང་དང་བསྐྱར་དུ་སྤེལ་བར་བལྟས་ན་རྒྱ་ནག་དམར་ཤོག་ཚོགས་པས་རྣམ་པ་ཐམས་ཅད་ཀྱི་ལམ་ནས་ཕྱིའི་ཤུགས་རྐྱེན་འགོག་ཐབས་ཀྱི་ལས་དོན་དེ་དག་ལ་རྒྱ་ནག་གི་ཚོང་ཚོགས་ཁག་དང་གསར་ཁང་ཁག མི་སྣ་གྲགས་ཆེན། དམངས་ཚོགས་བཅས་སྤྱི་ཚོགས་ཀྱི་སྡེ་ཁག་ཐམས་ཅད་ཀྱི་ངོས་ནས་དང་ལེན་དང་མཉམ་ཞུགས་ཡོང་རྒྱུའི་སྐུལ་ལྕག་གཏོང་བཞིན་ཡོད་པ་གསལ་པོ་རེད།

ཉེ་དུས་རྒྱ་ནག་གིས་ཕྱིའི་ཤུགས་རྐྱེན་ངན་པ་འགོག་པའི་ལས་འགུལ་ཁྲོད་དུ་ན་གཞོན་ཚོར་སྐྱེས་པ་ཕོའི་རང་ཚུགས་དགོས་པ་དང་བུད་མེད་ཚོས་ཆགས་ཉམས་མངོན་འགྱུར་གྱི་གོམས་གཤིས་དོར་དགོས་པའི་སྐུལ་ལྕག་ནན་པོ་བྱེད་བཞིན་པ་དེར་ཕྱི་ལོགས་ནས་བལྟས་ན་མིའི་འདོད་མོས་ལ་ཚོད་བཀག་བྱས་པ་དང་གཞན་ལ་སྐྱོན་འགེབས་བྱས་པ། འཁྲུག་འཛིང་སློང་བ་ལྟ་བུར་མཐོང་ན་ཡང་རྒྱ་ནད་དམར་ཤོག་ཚོགས་པའི་ངོས་ནས་དེ་ལྟ་བུའི་བསམ་བློའི་བཅོས་བསྒྱུར་དང་གོམས་གཤིས་བཅོས་བསྒྱུར་ནི་སྒྲུབ་ཐུབ་པའི་དོན་དག་ཅིག་ཡིན་པ་མ་ཟད་ཅིས་ཀྱང་སྒྲུབ་དགོས་པའི་དོན་དག་ཅིག་ཀྱང་ཡིན་པ་རེད། ཁྱིམ་གཞིས་ཕ་ཡིས་སྐྱོང་བའི་ལམ་ལུགས་དང་རྒྱལ་པོ་སྤྱི་ཚོགས་ཀྱི་གྲལ་མགོར་བཞུགས་ཏེ་བུད་མེད་དང་བྱིས་པ་རྣམས་སྤྱི་ཚོགས་ཀྱི་གྲལ་མཐར་སྡོད་པ་ནི་ཁུང་ཙི་ལམ་ལུགས་ཀྱི་བསྟན་དོན་ཡིན་པས་རྒྱ་ནག་གིས་ངེས་པར་དུ་ལག་བསྟར་བྱེད་དགོས་པ་བཤད་ཀྱི་ཡོད།

ལོ་རབས་འགའི་རིང་རྒྱ་ནག་གིས་ཕྱིའི་གློག་བརྙན་འཁྲབ་སྟོན་པ་དང་རོལ་དབྱངས་ཚོགས་པ། སྤྱི་ཚོགས་དྲྭ་རྒྱར་ཤུགས་རྐྱེན་ཆེ་བའི་གང་ཟག བུད་མེད་ཀྱི་སྐྱེ་གཟུགས་གཙིགས་སུ་འཛིན་པའི་སྣ་མང་དྲྭ་རྒྱ། རྩེད་འགྲན་པ། རྒྱུགས་འབྲས་གཙོར་བཟུང་གི་སློབ་གསོའི་ལམ་ལུགས། བརྡ་འཕྲིན་ཁེ་ལས་སོགས་ཀྱི་ཕྱུག་བདག་ཆེན་མོ་རྣམས་གོང་དུ་བཀུར་བའི་གཤིས་ཀ་ལ་གུ་ཡངས་བྱས་ནས་བསྡད་ཀྱང་ད་ནི་བཟུང་དེ་དག་ལ་མུ་མཐུད་གུ་ཡངས་བྱེད་ཐབས་བྲལ། གང་ཡིན་ཟེར་ན་དེ་དག་ཐམས་ཅད་ཨ་མི་རི་ཀའི་ངོས་ནས་རྒྱ་ནག་ལ་ངོ་ཚ་སློང་ཐབས་ཤིག་ཡིན་པར་བཤད། རྒྱ་ནག་གི་མི་ཚོའི་བསམ་བློ་དང་གོམས་གཤིས་བཅོས་བསྒྱུར་གཏོང་རྒྱུ་ནི་ད་ལྟའི་ཆར་དམར་ཤོག་ཚོགས་པའི་དམིགས་ཡུལ་གལ་ཆེ་ཤོས་ཤིག་ཡིན་ཞིང་དམར་ཤོག་ཚོགས་པའི་ཚན་ཁག་ནུས་ཤུགས་ཆེ་གྲས་ཀྲུང་དབྱང་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་དག་ཐེར་བྱེད་པའི་འགོ་ཁྲིད་ཚོགས་ཆུང་གི་འོས་འགན་གལ་ཆེ་ཤོས་དེ་ཡིན་པ་རེད།

རྒྱ་ནག་གིས་སྐྱེས་པ་ཕོའི་རང་ཚུགས་དར་སྤེལ་གཏོང་རྒྱུའི་དམིགས་ཡུལ་དེས་མའོ་ཙེ་དུང་གི་དུས་སྐབས་ཀྱི་སྤྱི་ཚོགས་བསྐྱར་གསོ་བྱེད་དགོས་པ་ཤུགས་ཀྱིས་བསྟན་ཡོད། དེང་སང་ཁེ་ལས་པའི་ཁྲོམ་ས་དབང་ལ་བསྒྱུར་བའི་དུས་སྐབས་འདིར་མི་རྣམས་ཁེ་དྲག་དང་འགྲན་རྩོད་ལ་འགྲམ་ཆུ་ལྡང་བ་ལས་རྒྱལ་ཞེན་གྱི་བསམ་བློ་བཟུང་ནས་སྤྱི་པའི་བདེ་དོན་ཆེད་དཀའ་སྡུག་དང་དུ་ལེན་ཐུབ་མཁན་ཉུང་དུ་ཕྱིན་ཡོད་ཙང་བག་མེད་ཀྱི་གཤིས་ཀ་དོར་ཏེ་ཕོ་རབ་ཀྱི་རང་ཚུགས་སྤེལ་བར་རྒྱ་ནག་གི་མི་རྣམས་ཀྱི་བསམ་བློ་དང་གོམས་གཤིས་ལ་མགྱོགས་མྱུར་བཅོས་བསྒྱུར་གཏོང་དགོས་ཚུལ་བཤད།

ཕོ་མཆོག་རིང་ལུགས་ཀྱི་ལྟ་བ་ནི་སྔ་མོའི་མི་རིགས་རིང་ལུགས་སྤེལ་བྱེད་ཀྱི་མཐུན་རྐྱེན་ཡོད་ན་མེད་ན་ཞིག་ཡིན་པ་མ་ཟད་གནམ་སྐོས་སྲིད་གཞུང་གི་ལམ་ལུགས་དང་ཐད་ཀར་འབྲེལ་བ་ཡོད། འདིས་འགྲོ་བ་མིའི་འདྲ་མཉམ་གྱི་འདུ་ཤེས་ལ་རྒྱབ་གཏོད་བྱེད་པ་མ་ཟད་མི་དང་མིའི་བར་ལ་གྲལ་རིམ་གྱི་དབྱེ་ཕྱེས་ཏེ་མིའི་རིགས་ཀྱི་མཐུན་སྒྲིལ་ལ་དོ་འཕོག་ཆེན་པོ་གཏོང་གི་ཡོད།

རང་གི་འདོད་ཕྱོགས་མཐའ་གཅིག་ཏུ་ཡང་དག་ཏུ་འཛིན་པའིབསམ་བློ་འདི་འདྲ་ཞིག་འཛིན་པ་ལས་དམར་ཤོག་ཚོགས་པ་བཙུགས་ནས་ལོ་བརྒྱ་འཁོར་བའི་རྗེས་ཀྱི་དེ་རིང་རྒྱ་ནག་གི་ངོས་ནས་དུས་དང་མཐུན་པའི་རྒྱལ་ཁབ་ཀྱི་དམིགས་འདུན་འགྲུབ་བྱེད་ཀྱི་ལམ་ཁ་གུ་ཡངས་ཤིག་འདེམ་ཆོག་པ་ཡིན་ཡང་དེ་ལས་ལྡོག་ཏེ་ལངས་ཕྱོགས་གུ་དོག་ཏུ་གཏོང་བཞྀན་ཡོད།

རྒྱ་ནག་གི་དྲྭ་ལམ་དུ་ཁོང་ཁྲོའི་རྣམ་འགྱུར་ཤུགས་ཆེར་སྟོན་བཞིན་པར་ལན་འདེབས་ཇི་ལྟར་བྱེད་དགོས་སམ།

འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་ཀྱི་ཚིག་གནད་གསེད་བཀྲོལ་བྱས་པ་འདི་ཡིས་རྒྱ་ནག་གི་མཉམ་མ་བཞག་པའི་ཕྱོགས་ལྷུང་གི་བསམ་བློ་དང་། ཞེད་སྣང་། དངས་འཚབ་སོགས་མཚོན་པའི་ཚིག་འབྲི་རེ་རེ་བཞིན་གོ་རིམ་ལྡན་པའི་ལམ་ནས་གསེད་བཀྲོལ་བྱས་ཤིང་ཚིག་གནད་སྔ་ཕྱི་བར་གྱི་འབྲེལ་བའང་གསལ་པོར་མཚོན་ཐབས་བྱས་ཡོད་པས་ད་ལྟའི་ཆར་རྒྱ་ནག་ལམ་ཁ་ཇི་འདྲ་ཞིག་ལ་ཕྱོགས་བཞིན་ཡོད་མེད་མཁྱེན་པར་ཚིག་གནད་གསེད་བཀྲོལ་བྱས་པའི་དྲ་ཚིགས་འདིས་ཁྱེད་ལ་ཕན་ཐོགས་ཤིན་ཏུ་ཆེ་ངེས་ཡིན།

to top