རྒྱ་གཞུང་གིས་བོད་མིར་བཙན་དྲག་གཅར་རྡུང་གིས་དམར་དམག་དུས་ཆེན་བསུ་བཅུག་འདུག

1631140690རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱིས་མི་སེར་སྤེལ་བཞིན་པའི་ལྟའི་དབང་བསྒྱུར་སྲིད་འཛིན་ས་ཁོངས་ལྟར་བྱས་ན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་ཀ་གཞུང་ཡུལ་ཚོས་བཙན་དྲག་གྱི་སྒོ་ནས། ས་གནས་བོད་རིགས་མང་ཚོགས་ལ་རྒྱ་དམར་གྱི་དམག་བཙུགས་དུས་ཆེན་སྲུང་བརྩི་བཅུག་ཡོད་པར་མ་ཟད། མང་ཚོགས་ཀྱི་དུས་སྟོན་དེ་སྲུང་བརྩི་བྱས་པའི་རྣམ་འགྱུར་ཡག་པོ་མེད་པར་ཁ་གཡར་ནས། མཚན་མོ་མང་ཚོགས་ཐོག་དམག་མི་མང་པོ་བཏང་སྟེ་གཅར་རྡུང་དྲག་གནོན་བྱས་པ་དང་། འབྲི་རུ་རྫོང་དུ་བཙོན་གྱིས་བོད་མི་ཚོར་བཙན་གྱིས་གཅན་གཟན་གྱི་པགས་རིགས་གྱོན་དགོས་པ་དང་དམར་གཞུང་ལ་བསྟོད་གླུ་ལེན་བཅུག་ཡོད་འདུག

ནམ་རྒྱུན་རྒྱ་གཞུང་གིས་བོད་རིགས་མང་ཚོགས་རྣམས་དམར་དམག་ལ་དགའ་མོས་ཡོད་སྐོར་གྱི་གནས་ཚུལ་རྫུན་སྒྲོག་དང་། རྒྱ་དམར་གྱི་དབང་བསྒྱུར་འོག་བོད་རིགས་མང་ཚོགས་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་པའི་རྣམ་འགྱུར་རྫུན་མ་དྲིལ་སྒྲོག་བྱ་ཐབས་སུ། ལོ་ལྟར་རྒྱ་དམར་གཞུང་འབྲེལ་དུས་སྟོན་ཁག་ལ་བོད་རིགས་མང་ཚོགས་རྣམས་ལ་བཙན་གྱིས་དུས་སྟོན་སྲུང་བརྩི་བྱེད་འཇུག་གི་ཡོད་པ་ལྟར། ཉེ་ཆར་ཡང་རྒྱ་གཞུང་གིས་བརྒྱད་གཅིག་དམག་བཙུགས་དུས་ཆེན་ཟེར་བ་སྲུང་བརྩི་དགོས་པའི་བཀའ་རྒྱ་བཏང་སྟེ། བོད་ཀྱི་ས་ཁུལ་སོ་སོའི་ནང་རྒྱ་དམར་བཅིངས་འགྲོལ་དམག་(དམར་དམག)བཙུགས་ནས་ལོ་ ༨༨ འཁོར་བའི་དུས་ཆེན་བརྩི་སྲུང་གོ་སྒྲིག་གིས་རིག་རྩེད་སྤྲོ་ཚོགས་བསྡུས་ཐོག ས་གནས་བོད་མི་རྣམས་བཙན་གྱིས་མཉམ་ཞུགས་བྱེད་འཇུག་གིན་ཡོད་འདུག

1631140691འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཉེ་སྔོན་ཁམས་ནང་ཆེན་རྫོང་ཀ་གཞུང་ཡུལ་ཚོའི་སྲིད་གཞུང་གིས། ས་གནས་བོད་རིགས་མང་ཚོགས་རྣམས་ཀ་གསུམ་སུམ་མདོར་བསྡུས་ཏེ། བརྒྱད་གཅིག་དམག་བཙུགས་དུས་སྟོན་ལ་རོལ་དགོས་པའི་བཙན་བཀའ་བཏང་ཡོད་པ་མ་ཟད། མང་ཚོགས་ཀྱི་ངོས་ནས་དུས་སྟོན་གྲ་སྒྲིག་བྱས་པ་དེ་སྲིད་གཞུང་གི་འདོད་པ་ནང་བཞིན་མ་བྱུང་བར་བརྟེན། ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༥ ཉིན་གྱི་མཚན་མོར། རྫོང་གི་མགོ་ཁྲིད་ཁག་ཅིག་ནས་དྲག་ཆས་དམག་མི་མང་པོ་ཁྲིད་ཡོང་སྟེ། མཚན་མོར་མང་ཚོགས་ཉལ་བསྡད་པའི་སྐབས་དང་བསྟུན་ནས། དབྱུག་པ་དང་ཐོ་བ། རྡོ་སོགས་ལག་ཆ་འདྲ་མིན་སྤྱད་དེ་གང་བྱུང་མང་ཚོགས་ལ་གཅར་རྡུང་བྱས་པ་མ་ཟད། མང་ཚོགས་ཁྲོད་མིག་སྦྲིད་ཀྱི་དུག་རླངས་ཡང་གཏོར་ཡོད་འདུག

དེ་ལྟར་མང་ཚོགས་མང་པོ་ཞིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་འདུག ཉེ་ཆར་ཤེས་རྟོགས་བྱུང་བའི་མི་སྣ་ཁག་ཅིག་ནི། སེང་སྨད་རུ་ཆེན་གྱི་མི་སྣ་བཀྲ་འདུལ་དང་། ཞོ་འཕེལ། རྦུ་དར་སོགས་ལ་རྨས་སྐྱོན་ཕོག་སྟེ། ད་ལྟའི་ཆར་ས་གནས་རྫོང་མི་དམངས་སྨན་ཁང་ཟེར་བའི་ནང་སྨན་བཅོས་ཆེད་བསྐྱལ་དགོས་བྱུང་ཡོད་པ་དང་། ཉེས་རྡུང་ཚབས་ཆེན་ཕོག་པའི་བོད་མི་ཁག་ཅིག་ཡུལ་ཤུལ་ཁུལ་གྱི་སྨན་ཁང་དུ་བསྐྱལ་ཡོད་པ་དང་། དེ་ལས་གནས་སྟངས་ཛ་དྲག་ཆགས་མཁན་རེ་ཟུང་ཟི་ལིང་དུ་སྨན་དུ་འཁྱེར་དགོས་བྱུང་ཡོད་འདུག དེའི་ཁྲོད་ནས་བོད་མི་ཨ་རྡོར་ལགས་ལ་ཉེས་རྡུང་ཚབས་ཆེན་ཕོག་སྟེ་ཛ་དྲག་ཆགས་ཡོད་སྟབས། ས་གནས་མང་ཚོགས་ཀྱིས་ཁོང་འདས་གྲོངས་སུ་འགྲོ་རྒྱུའི་ཉེན་ཁ་ཡོད་པའི་སེམས་ཁྲལ་བྱེད་བཞིན་ཡོད་འདུག

འབྲི་རུ་རྫོང་གིས་བརྒྱད་གཅིག་དམག་བཙུགས་(དམར་དམག)དུས་སྟོན་ཉིན་ཟེར་བའི་སྐབས། ས་གནས་ཀྱི་དམག་སྡེ་ཁག་དྲུག་ལ་འཚམ་འདྲི་དང་སྐུལ་སློང་གི་སྒོར་མོ་སོགས་སྤྲོད་ཀྱིན་པའི་རྣམ་པ། པར་གྱི་ཡོང་ཁུངས་འབྲི་རུ་རྫོང་གི་གཞུང་འབྲེལ་དྲ་བ།
འབྲི་རུ་རྫོང་གིས་བརྒྱད་གཅིག་དམག་བཙུགས་(དམར་དམག)དུས་སྟོན་ཉིན་ཟེར་བའི་སྐབས། ས་གནས་ཀྱི་དམག་སྡེ་ཁག་དྲུག་ལ་འཚམ་འདྲི་དང་སྐུལ་སློང་གི་སྒོར་མོ་སོགས་སྤྲོད་ཀྱིན་པའི་རྣམ་པ། པར་གྱི་ཡོང་ཁུངས་འབྲི་རུ་རྫོང་གི་གཞུང་འབྲེལ་དྲ་བ།

གཞན་ཡང་། བརྒྱད་གཅིག་དམག་བཙུགས་དུས་སྟོན་ཟེར་བའི་ཉིན་མོར། འབྲི་རུ་རྫོང་གིས་འབྲེལ་ཡོད་མགོ་ཁྲིད་དག་ས་གནས་དྲག་ཆས་སྡེ་ཁག་དང་། དྲག་ཆས་ཉེན་རྟོག་རུ་ཁག་བཞི་པ། ཐོན་སྐྱེལ་དམག་དཔུང་། དྲག་ཆས་ཉེན་རྟོག་རུ་ཁག་འབྲིང་བ་བཅས། འབྲི་རུ་རྫོང་ས་ཁུལ་ཏུ་གནས་སྡོད་དམག་མིའི་དཔུང་སྡེ་ཁག་དྲུག་ཏུ་བསྐྱོད་དེ། དམག་མི་རྣམས་ལ་འཚམ་འདྲི་དང་སྐུལ་སློང་ཆེད་སྒོར་མོ་ཁྲི་ ༤ ལྷག་སྤྲད་ཡོད་འདུག ཡིན་ནའང་། འབྲི་རུ་རྫོང་གིས་བོད་རིགས་མང་ཚོགས་རྣམས་ལ་དེ་ལས་ལྡོག་སྟེ། མི་འདོད་བཞིན་བཙན་པོ་དབང་ཡོད་ཀྱི་སྒོ་ནས་གཅན་གཟན་གྱི་པགས་རིགས་དང་གླུ་གཞས་འཁྲབ་སྟོན་བྱེད་བཅུག་ཡོད་པ་རེད།

འབྲི་རུ་རྫོང་གི་གཞུང་འབྲེལ་དྲ་རྒྱའི་སྟེང་གནས་ཚུལ་སྤེལ་བའི་ནང་། ཕྱི་ཟླ་ ༧ ཚེས་ ༢༧ ཉིན་འབྲི་རུ་རྫོང་གིས་ ༼འབྲོག་པའི་གཟི་ཉམས། འབྲི་རུའི་སྣང་བརྙན།༽ ཞེས་པའི་གཅན་གཟན་གྱི་པགས་པའི་གྱོན་གོས་འགྲན་བསྡུར་དང་། རྒྱ་དམར་གཞུང་ལ་བསྟོན་བསྔགས་ཀྱི་གླུ་གཞས་འགྲན་བསྡུར་གྱི་བྱ་འགུལ་སྤེལ་ཏེ། ས་གནས་ཞང་དང་གྲོང་རྡལ་སྲིད་གཞུང་གི་གོ་སྒྲིག་དང་རྩ་འཛུགས་འོག མི་སྣ་ ༤༠ ལྷག་ལ་གཅན་གཟན་པགས་པའི་གྱོན་གོས་འགྲན་བསྡུར་བྱེད་བཅུག་ཡོད་པ་དང་། དེ་བཞིན། འབྲི་རུ་རྫོང་གི་ཐད་གཏོགས་ལས་ཁུངས་དང་གཞུང་གཉེར་ཁེ་ལས། ཞང་དང་གྲོང་རྡལ་གྱི་ལས་བྱེད། སྡེ་བར་བཅའ་སྡོད་ལས་དོན་རུ་མི། ཉེན་རྟོག་མི་སྣ་བཅས་མི་གྲངས་ ༣༡ ལ། འབྲི་རུ་འཆམ་མཐུན་དང་བདེ་སྐྱིད་འཚོ་བ་སོགས་ལ་བསྟོན་བསྔགས་ཀྱི་གླུ་གཞས་འགྲན་བསྡུར་བྱེད་བཅུག་ཡོད་པ་རེད།

ད་དུང་འབྲི་རུ་རྫོང་གི་གཞུང་འབྲེལ་དྲ་རྒྱའི་སྟེང་། འགྲན་བསྡུར་དེ་དག་བརྒྱུད་ནས་འདས་པའི་ལོ་ ༥༠ ནང་འབྲི་རུ་རྫོང་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འཕེལ་རྒྱས་བྱུང་པ་དང་། འབྲི་རུའི་རིགས་སོ་སོའི་ན་གཞོན་ལ་གཟི་ཉམས་དང་གསོན་ཤུགས་རྒྱས་ཡོད་པ། འབྲི་རུའི་ལས་བྱེད་པ་རྣམས་ཀྱི་བརྩོན་སེམས་ལྡན་པའི་སྤོབས་ཉམས་བཅས་མངོན་ཡོད་སྐོར་དྲིལ་བསྒྲགས་བྱས་ཡོད་པ་རེད།

འབྲི་རུ་རྫོང་གིས་བརྒྱད་གཅིག་དམག་བཙུགས་(དམར་དམག)དུས་སྟོན་ཟེར་བའི་སྐབས། བཙན་གྱིས་མང་ཚོགས་ལ་རི་དྭགས་དང་གཅན་གཟན་རྩ་ཆེན་གྱི་པགས་རིགས་རྒྱ་གོས་གྱོན་བཅུག་ནས་འཁྲབ་སྟོན་བྱེད་བཞིན་པ། པར་གྱི་ཡོང་ཁུངས་འབྲི་རུ་རྫོང་གི་གཞུང་འབྲེལ་དྲ་བ།
འབྲི་རུ་རྫོང་གིས་བརྒྱད་གཅིག་དམག་བཙུགས་(དམར་དམག)དུས་སྟོན་ཟེར་བའི་སྐབས། བཙན་གྱིས་མང་ཚོགས་ལ་རི་དྭགས་དང་གཅན་གཟན་རྩ་ཆེན་གྱི་པགས་རིགས་རྒྱ་གོས་གྱོན་བཅུག་ནས་འཁྲབ་སྟོན་བྱེད་བཞིན་པ། པར་གྱི་ཡོང་ཁུངས་འབྲི་རུ་རྫོང་གི་གཞུང་འབྲེལ་དྲ་བ།

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན་ལྟར་ན། ཕྱི་ཟླ་ ༧ ཚེས་ ༢༥ ཉིན་འབྲི་རུ་རྫོང་གིས་ངེས་པར་དུ་སྒྲུབ་དགོས་པ་བཞི་ཞེས་པའི་སྲིད་ཇུས་དྲིལ་བསྒྲགས་བྱས་ཏེ། ས་གནས་བོད་རིགས་མང་ཚོགས་ཀྱིས་༼བརྒྱད་གཅིག་དམག་བཙུགས་དུས་སྟོན༽་སྲུང་བརྩི་བྱས་ཐོག ངེས་པར་དུ་རིག་རྩེད་འཁྲབ་སྟོན་འགྲན་བསྡུར་སྤེལ་དགོས་པ། ངེས་པར་དུ་གར་སྟེགས་སྟེང་གླུ་ལེན་འགྲན་བསྡུར་བྱེད་དགོས་པ། ངེས་པར་དུ་གཅན་གཟན་དང་རི་དྭགས་ཀྱི་པགས་པའི་རྒྱན་གོས་གྱོན་ནས་འཁྲབ་སྟོན་བྱེད་དགོས་པ། ངེས་པར་དུ་ས་གནས་རྫོང་དང་ཐག་ཉེ་རིང་ལ་མ་ལྟོས་པར་མང་ཚོགས་རྣམས་དུས་སྟོན་ལ་མཉམ་ཞུགས་དགོས་པ་བཅས་ཀྱི་བཙན་བཀའ་བཏང་སྟེ། ཕྱི་ཟླ་ ༨ ཚེས་ ༡ ཉིན་ས་གནས་སྲིད་གཞུང་གི་ངོས་ནས། གཅན་གཟན་དང་རི་དྭགས་རྩ་ཆེན་གྱི་པགས་རིགས་ཀྱིས་བཟོས་པའི་རྒྱན་གྱོས་འདྲ་མིན་ཁྱེར་ཡོང་སྟེ། ས་གནས་འབྲེལ་ཡོད་སྡེ་ཁག་གིས་གོ་སྒྲིག་འོག་འཁྲབ་སྟོན་བྱེད་མཁན་བོད་མི་རྣམས་ལ་གྱོན་བཅུག་པ་དང་། དེ་བཞིན། སྡེ་བ་རེ་ནས་འཐུས་མི་གཉིས་རེ་གོ་སྒྲིག་ཐོག་ངེས་པར་དུ་གཅན་གཟན་རི་དྭགས་ཀྱི་པགས་གོས་གྱོན་དགོས་པའི་བཀའ་ཕབ་སྟེ། གལ་སྲིད་གཅན་གཟན་གྱི་པགས་རིགས་མ་གྱོན་པ་ཡིན་ན། སྡེ་བ་ཡོངས་རྫོགས་ལ་ལོ་ལྔའི་རིང་དབྱར་རྩྭ་དགུན་འབུ་བརྐོ་འཐུ་མི་ཆོག་པ་གཏན་འབེབ་བཟོས་ཡོད་འདུག

ས་གནས་མང་ཚོགས་ཀྱི་བརྗོད་དོན་ལྟར་ན། འབྲི་རུ་རྫོང་གིས་སྤེལ་བཞིན་པའི་བྱེད་སྒོ་དེ་དག་ནི། གཅིག་ནས་རྒྱ་གཞུང་གིས་ཕྱི་ལོགས་སུ་བོད་མིའི་འཚོ་བ་ཡར་རྒྱས་ཕྱིན་ཏེ་མང་ཚོགས་ཀྱིས་དགའ་སྐྱིད་འཚོ་བ་རོལ་བཞིན་པའི་རྣམ་འགྱུར་རྫུན་མ་དྲིལ་བསྒྲགས་ཀྱི་སྒོ་ནས། རྒྱ་ནག་མི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་མགོ་སྐོར་གཏོང་ཐབས་དང་། གཉིས་ནས་དེ་སྔོན་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་བདག་མེད་གཅན་གཟན་དང་རི་དྭགས་ལ་སྲུང་སྐྱོབ་ཆེད། བོད་རིགས་རྣམས་ཀྱིས་གཅན་གཟན་དང་རི་དྭགས་ཀྱི་པགས་རིགས་རྒྱན་གོས་མི་བྱེད་པའི་བཀའ་སློབ་ལམ་སྟོན་གནང་ཡོད་སྟབས། རྒྱ་གཞུང་གིས་བཙན་གྱིས་བོད་མི་རྣམས་ལ་གཅན་གཟན་གྱི་པགས་རིགས་གྱོན་བཅུག་སྟེ། བོད་རིགས་མང་ཚོགས་ཀྱིས་ཏཱ་ལའི་བླ་མར་བརྩི་འཇོག་ངོས་ལེན་བྱ་བཞིན་མེད་པའི་རྣམ་འགྱུར་རྫུན་མ་འཁྲབ་སྟོན་བྱ་ཆེད་དང་། བོད་རིགས་ནང་ཁུལ་ཕན་ཚུན་བར་འགལ་བ་དང་རྩོད་རྙོག་བཟོ་ཐབས་ཀྱི་དམིགས་ཡུལ་བཅས་ཡིན་འདུག

རྒྱ་ནག་དམར་གཞུང་གིས་ནམ་རྒྱུན་རྒྱལ་སྤྱིའི་སྤྱི་ཚོགས་སྟེང་། རྒྱ་གཞུང་ནི་ཁྲིམས་མཐུན་གྱི་རྒྱལ་ཁབ་སྲིད་གཞུང་ཞིག་ཡིན་པ་དང་། རྒྱ་གཞུང་གིས་ཁྲིམས་ལུགས་གཞིར་བཟུང་སྲིད་དབང་སྐྱོང་གིན་ཡོད་པའི་དྲིལ་བསྒྲགས་བྱེད་བཞིན་ཡོད། དེ་བཞིན། བོད་དུ་མི་རིགས་རང་སྐྱོང་གི་སྲིད་ཇུས་སྤེལ་ཏེ་བོད་མི་རྣམས་ཀྱིས་རང་སྲིད་རང་སྐྱོང་བྱེད་བཞིན་ཡོད་པ་དང་། བོད་མི་རིགས་ལ་ཆོས་དད་དང་སྨྲ་བརྗོད། འདུ་འཛོམས་སོགས་ཀྱི་རང་དབང་ཡོད་སྐོར་ཤུགས་ཆེན་པོའི་དྲིལ་བསྒྲགས་བྱེད་བཞིན་ཡོད། བོད་ནང་རྒྱུན་ཆད་མེད་པར་བྱུང་བཞིན་པའི་གོང་གསལ་དཔེར་མཚོན་གནས་ཚུལ་འདི་དག་ལས། རྒྱ་གཞུང་གིས་བོད་རིགས་མང་ཚོགས་ཀྱི་མངོན་འདོད་དང་རེ་འབོད་རྣམས་བཙན་གྱིས་བཀག་སྡོམ་དང་། བོད་རིགས་མང་ཚོགས་ཀྱིས་འདོད་མོས་མེད་པའི་ལས་དོན་ཁག་བཙན་དྲག་གི་སྒོ་ནས་སྒྲུབ་བཅུག་སྟེ། བོད་ནང་མི་སེར་སྤེལ་བའི་སྲིད་ཇུས་ལག་བསྟར་གྱིས་བོད་མི་རིགས་ཀྱི་དད་མོས་དང་རིག་གཞུང་། བོད་མིའི་ཐུན་མོང་མ་ཡིན་པའི་རིག་གནས་འཚོ་བ་མཐའ་དག་རྩ་གཏོར་བྱེད་བཞིན་པ་གསལ་འདོན་བྱས་ཡོད།

to top