འགྲོ་བ་མིའི་ཐོབ་ཐང་ཉིན་མོ།: རྒྱ་གཞུང་གིས་རིམས་ནད་སྐབས་འདིར་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་བྱེད་དགོས་པའི་འབོད་སྐུལ་ཞུ། 

དེ་རིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་བྱས་ཏེ་མི་ལོ་༧༤ འཁོར་བའི་དུས་ཆེན་འཁེལ་ཞིང་འཛམ་གླིང་ཡོངས་སུ་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྲུང་བརྩི་ཞུ་བཞིན་ཡོད། འདི་ལོའི་བརྗོད་དོན་གཙོ་བོ་ནི་‘མི་ཐམས་ཅད་ལ་ཆེ་མཐོང་དང་། རང་དབང་། དྲང་གཞག་’དགོས་པ་དེ་ཡིན།  ང་ཚོས་དེ་རིང་འགྲོ་བ་མིའི་ཐོབ་ཐང་སྲུང་བརྩི་ཞུ་བཞིན་པའི་སྐབས་འདིར་བོད་ནང་གི་བོད་མི་ཚོ་གཙོས་པའི་མི་མང་ས་ཡ་མང་པོས་ད་དུང་རྒྱ་ནག་གི་རིམས་ནད་གཙང་དག་ཟེར་བའི་གདུག་རྩུབ་ཆེ་བའི་སྲིད་ཇུས་དེ་འོག་ཏུ་དཀའ་སྡུག་ཚད་མེད་མྱངས་དང་མྱོང་མུས་ཡིན།  

རྒྱུན་དུ་ནས་བོད་དང་ཡུ་གུར། སོག་པོ་སོགས་རྒྱ་གཞུང་གིས་གྲངས་ཉུང་མི་རིགས་སུ་འབོད་པ་རྣམས་ནི་རྒྱ་ནག་གི་དབང་བསྒྱུར་འོག་གི་རང་དབང་ཉུང་ཤོས་དང་དམ་དྲག་ཆེ་ཤོས།  འགྲོ་བ་མིའི་ཐོབ་ཐང་ཐད་དཀའ་ཁག་མང་ཤོས་འཕྲད་སའི་ས་ཁུལ་ཡིན་པ་བཞིན། ཉེ་དུས་རིམས་ནད་ཀྱི་སྐབས་འདིར་ཡང་དཀའ་ཁག་མང་ཤོས་འཕྲད་ས་ནི་བོད་དང་ཡུ་གུར་གྱི་ས་ཆ་ཆགས་ཡོད། ཡུལ་ལུང་འདི་གཉིས་ལ་སླེབས་དུས་ཏོག་དབྱིབས་རིམས་ནད་ལ་ནུས་པ་དམིགས་ཞིག་སྐྱེས་པ་མ་ཡིན་པར་རྒྱ་ནག་གཞུང་གི་ངོས་ནས་ཡུལ་ལུང་འདི་གཉིས་ལ་དམིགས་བསལ་གྱིས་དམ་དྲག་ཚད་མེད་བྱས་པ་དང་དོན་དངོས་གནས་ཚུལ་ཕྱིར་གྱར་བར་བཀག་བསྡོམས་ཚད་མེད་བྱས་པ།  མི་མང་གི་བདེ་སྡུག་དང་ཞུ་སྐུལ་དང་ལེན་བྱ་རྒྱུའི་ཚབ་ལ་མགོ་གནོན་དང་འབུར་འཇོམས་བྱས་པ་སོགས་ལ་བརྟེན་ནས་གནད་དོན་ཚབས་ཆེན་དུ་གྱུར་བ་རེད། 

བོད་ནང་དུ་འདི་ལོ་ཕྱི་ཟླ་བརྒྱད་པའི་འགོ་ཙམ་ནས་རིམས་ནད་ཁྱབ་བརྡལ་དུ་སོང་བའི་རྒྱ་ནག་གཞུང་འབྲེལ་གྱི་གསལ་བསྒྲགས་བྱས་རྗེས་རྒྱ་གཞུང་གིས་རིམས་ནད་གཙང་དག་གི་སྲིད་ཇུས་ཟེར་བ་ལག་བསྟར་བྱས་ཏེ་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་ཡོངས་རྫོགས་སྒོ་རྒྱ་བཀག་བསྡོམས་ཀྱི་འོག་ཏུ་བཅུག  མི་མང་གི་བདེ་སྡུག་ལ་བསམ་བློ་མ་བཏང་བའི་བཀག་བསྡོམས་གློ་བུར་བ་དེས་བོད་དབུས་ཁུལ་གྱི་བོད་མི་རྣམས་ལ་བཟོད་གླགས་བྲལ་བའི་དཀའ་སྡུག་སྤྲད་ཡོད། རིམས་ནད་ཕོག་མཁན་དང་ནད་པ་ཚབས་ཆེན་གྱི་རིགས་ལ་ཡ་ལན་མ་བྱས་པར་རང་ཁྱིམ་དུ་མི་འདས་གྲོངས་སུ་གྱུར་བའི་གནས་ཚུལ་བྱུང་ཡོད་པ་དང་། ཟས་དང་སྨན་སོགས་ཀྱི་མཐུན་རྐྱེན་མ་རག་པར་དཀའ་ཁག་འཕྲད་པ། སྒོ་རྒྱ་བཀག་བསྡོམས་ཀྱི་དབང་གིས་ལུས་སེམས་གཉིས་ཀར་བཟོད་གླགས་བྲལ་བའི་དཀའ་ངལ་བྱུང་སྟེ་ཉུང་མཐར་ཡང་ལྷ་ས་གཅིག་པོ་ནས་མི་ལྔ་ཙམ་རང་ཤི་བརྒྱབས་པའི་ཛ་དྲག་གི་གནད་དོན་བྱུང་ཡོད། སྐབས་རེར་རིམས་ནད་ཕོག་མཁན་ཡང་བདག་པོ་མེད་པར་ལུས་པ་དང་མཚམས་རེར་རིམས་ནད་ཡོད་མེད་གཉིས་ཀ་མཉམ་གཅིག་ཏུ་ཟུར་བཀག་ཁང་དུ་བཅུག ཟུར་བཀག་ཁང་དུ་ཁ་ཟས་དང་སྨན་སོགས་ཀྱི་མཐུན་རྐྱེན་ཚུལ་བཞིན་མ་རག་པ་མ་ཟད་ཁ་ཤས་ལ་ཁ་ལག་རུལ་པ་སྤྲད་པ་དང་ནད་པར་རྡུང་རྡེག་བཏང་བ་སོགས་ཀྱི་གནས་ཚུལ་བྱུང་ཡོད།

ལྷག་པར་དུ་རྒྱ་ནག་གི་ས་ཁུལ་གཞན་དག་དང་མི་འདྲ་བར་བོད་ནང་གི་རིམས་ནད་ཀྱི་གནས་ཚུལ་ཐད་རྒྱ་གཞུང་གིས་བསམ་བཞིན་དུ་སྦས་གསང་དང་བཀག་བསྡོམས་བྱེད་ཐབས་བྱས་ཏེ། བོད་མི་ཚོས་འུ་ཐུག་ཐབས་ཟད་ཀྱི་ཞུ་སྐུལ་ལ་ཡ་ལན་བྱ་རྒྱུའི་ཚབ་ལ་བོད་མི་བརྒྱ་ཕྲག་མང་པོར་“དཀྲོག་གཏམ་སྤེལ་མཁན་”ཉེས་མིང་བཀལ་ནས་ཁྲིམས་ཆད་བཏང་ཡོད། བཀག་བསྡོམས་དེ་འདྲའི་འོག་ཏུ་བོད་ནང་གི་རིམས་ནད་ཀྱི་ཛ་དྲག་གནས་ཚུལ་མང་པོ་“འདང་ལ་རི་རྒྱུད་བརྒལ་མ་ཐུབ་པར་ལྷག་ཡོད་”པར་བརྟེན་ད་དུང་ཡང་ཡ་ང་བའི་གཏམ་རྒྱུད་མང་དག་ཅིག་ང་ཚོས་ཤེས་རྟོགས་མ་ཐུབ་པར་ལུས་ཡོད་པ་སྨྲོས་མེད་རེད། 

ཉེ་ལམ་རྒྱ་ནག་གི་གྲོང་ཁྱེར་མང་པོའི་ནང་དུ་དམ་དྲག་དང་ཉེན་ཁ་ཆེ་མིན་ལ་མ་བལྟོས་པར་མི་མང་བརྒྱ་ཕྲག་མང་པོས་སྙིང་སྟོབས་ཆེར་བསྐྱེད་ཀྱིས་ཞི་ཅིན་ཕིང་གི་རིམས་ནད་གཙང་དག་གི་སྲིད་ཇུས་སོགས་ལ་ངོ་རྒོལ་ཤུགས་ཆེར་བྱས་ཡོད། ངོ་རྒོལ་ལས་འགུལ་འདི་ཉིད་ནི་མི་མང་གི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གནད་དོན་གལ་ཆེན་ཞིག་ཡིན་པར་བརྟེན་ད་རེས་ཀྱི་རིམས་ནད་བཀག་རྒྱ་ཅུང་ལྷོད་དུ་བཏང་བ་ཙམ་ཞིག་གིས་གནད་དོན་འདི་དག་ཡོངས་སུ་ཐག་གཅོད་ཐུབ་པ་ཞིག་མིན། གནད་དོན་འདི་དག་ཡོངས་སུ་ཐག་གཅོད་པར་ཞི་ཅིན་ཕིང་གིས་འགོ་ཁྲིད་པའི་རྒྱ་ནག་དམར་ཤོག་ཚོགས་པའི་ངོས་ནས་དུས་རྒྱུན་དུ་མི་མང་གི་མངོན་འདོད་ལ་བརྩི་འཇོག་བྱས་ཏེ་སྨྲ་བརྗོད་དབང་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་ངེས་པར་མི་མང་གིས་ལོངས་སུ་སྤྱོད་ཐུབ་པ་བྱ་དགོས། ལྷག་པར་དུ་རྒྱ་ནག་གཞུང་གིས་ལག་བསྟར་ཁས་ལེན་བྱས་ཟིན་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་སྤྱི་ཆིངས་མཐའ་དག་ཚུལ་བཞིན་ལག་བསྟར་བྱས་ཏེ་བོད་ནང་གི་བོད་མི་ཚོའི་མངོན་འདོད་ལ་བརྩི་བཀུར་བྱས་པའི་ཐོག་རིག་གཞུང་དང་སྐད་ཡིག་བདག་ཉར་གྱི་ཐོབ་ཐང་དང་། ཆོས་དད་རང་དབང། སྨྲ་བརྗོད་རང་དབང་སོགས་ཁྲིམས་ལྟར་ཚུལ་བཞིན་སྤྲོད་དགོས་པ་མ་ཟད་ཐོབ་ཐང་དེ་དག་གི་ཕྱིར་དུ་བཙོན་དུ་ཚུད་པའི་བོད་ཀྱི་ཆབ་སྲིད་བཙོན་པ་མཐའ་དག་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན། 

to top