མནར་གཅོད་ཕོག་མཁན་རྣམས་ལ་རྒྱབ་སྐྱོར་གི་རྒྱལ་སྤྱིའི་ཉིན་མོར་རྒྱའི་བཙོན་འོག་གི་བོད་མི་རྣམས་ལ་གདུང་སེམས་བསྐྱེད་ཞུ།

མི་ལ་མནར་གཅོད་གཏོང་བའི་བྱ་སྤྱོད་ཀྱི་གདུག་རྩུབ་རང་བཞིན་དང་དེས་བསླངས་བའི་འཕྲལ་ཕུགས་ཀྱི་ཉེས་སྐྱོན་སོགས་གསལ་སྟོན་བྱ་བར་དམིགས་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལོ་ལྟར་ཕྱི་ཟླ་ ༦ པའི་ཚེས་ ༢༦ ཉིན་མོ་འདི་བཞིན་“མནར་གཅོད་ཕོག་མཁན་རྣམས་ལ་རྒྱབ་སྐྱོར་གི་རྒྱལ་སྤྱིའི་ཉིན་མོར་”གཏན་འབེབས་བྱས་ཡོད་པ་བཞིན་ཉིན་འདིར་ང་ཚོས་མནར་གཅོད་ཀྱི་གདུག་རྩུབ་རང་བཞིན་དང་མནར་གཅོད་ཕོག་མཁན་རྣམས་ཀྱི་ལུས་སེམས་གཉིས་པོར་བསླངས་པའི་ཆག་སྒོར་བསམ་གཞིགས་ནན་ཏན་བྱས་ནས་སྐྱུག་བྲོ་བའི་བྱ་སྤྱོད་དེ་ཉིད་འགོག་པར་བརྩོན་དགོས་པ་མ་ཟད་མནར་གཅོད་ཕོག་མཁན་རྣམས་ཀྱི་ལུས་སེམས་གཉིས་ཀ་གསོ་སྐྱོང་ལེགས་པོ་ཡོང་ཐབས་སུ་སྔར་ལས་འབད་དགོས་པ་ཡིན། 

མནར་གཅོད་དང་མི་སྤྱོད་ལས་འདས་པའི་ཉེས་ཆད་རིགས་འགོག་པའི་རྒྱལ་སྤྱིའི་སྤྱི་ཆིངས་ཀྱིས་མནར་གཅོད་ཅེས་པ་ནི་ལུས་ལ་ཉེས་རྡུང་བཏང་སྟེ་བཙན་གྱིས་ནག་ཉེས་སོགས་ཁས་ལེན་བྱེད་དུ་འཇུག་པའམ་བསམ་ཚུལ་ལོག་པ་འཛིན་མཁན་ལ་ཉེས་གཅོད་གཏོང་བ། ཡང་ན་འཇིགས་སྐྲག་སློང་བ་ཙམ་དུ་མ་ཟད། དེ་ལྟ་བུའི་དམིགས་ཡུལ་འགྲུབ་ཐབས་སུ་སེམས་ཁམས་དང་བསམ་བློར་གནོན་ཤུགས་ཚད་མེད་སྤྲོད་པའི་བརྙས་བཅོས་ཀྱི་རིགས་ཀྱང་ཚུད་ཡོད། 

རྒྱ་ནག་ལ་མཚོན་ན་ཕྱི་ལོ་ ༡༩༩༨ ལོ་ནས་བཟུང་མནར་གཅོད་དང་མི་སྤྱོད་ལས་འདས་པའི་ཉེས་ཆད་རིགས་འགོག་པའི་རྒྱལ་སྤྱིའི་སྤྱི་ཆིངས་དེ་ཉིད་ལ་མིང་རྟགས་བཀོད་ཟིན་ཞིང་ལག་བསྟར་ཁས་ལེན་བྱས་ཡོད་པས་རྒྱལ་སྤྱིའི་ཁྲིམས་ཐོག་ནས་མནར་གཅོད་རིགས་མཚམས་འཇོག་དགོས་པ་དང་དེ་རིགས་མི་འབྱུང་བའི་སྔོན་འགོག་འཐུས་ཚང་བྱ་དགོས་པའི་གཡོལ་དུ་མེད་པའི་འགན་འཁྲི་ཆེན་པོ་ཡོད། 

ཡིན་ན་ཡང་། བོད་ནང་ལ་ཆ་མཚོན་ན་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་དང་སྐད་ཡིག ངོ་བོ་སོགས་ཀྱི་སྲུང་སྐྱོབ་བྱ་བའི་ཐོབ་ཐང་གི་ཆེད་དུ་འཐབ་རྩོད་གནང་མཁན་དང་། རྒྱ་ནག་གི་གདུག་རྩུབ་ཆེ་བའི་སྲིད་ཇུས་ཐེར་འདོན་གནང་མཁན་གྱི་བོད་མི་ཧ་ཅང་མང་པོར་ཆབ་སྲིད་ཀྱི་ཉེས་མིང་འདྲ་མིན་བཏགས་ཏེ་རང་གིས་བསགས་མེད་པའི་ནག་ཉེས་ལ་བཙན་གྱིས་ཁས་ལེན་བྱེད་དུ་བཅུག་གི་ཡོད་པའི་བཙོན་པའི་བདེན་དཔང་ཚིག་ཐོ་མི་ཉུང་བ་ཞིག་ཕྱིར་བསྒྲགས་ཐུབ་པ་བྱུང་ཡོད། ད་ལྟ་ཚེ་བཙོན་གྱི་བཙོན་འཇུག་ཁྲིམས་ཆད་ཁུར་བཞིན་པའི་བོད་ཀྱི་ཚོང་དཔོན་རྡོ་རྗེ་བཀྲ་ཤིས་ཀྱི་གྱོད་དོན་ནི་དཔེ་མཚོན་གསལ་ཤོས་ཤིག་ཡིན། རྒྱ་གཞུང་གིས་ཁོང་ལ་ཐོག་མར་ཆབས་སྲིད་ཀྱི་ཉེས་མིང་བཏགས་ཤིང་། དབུས་སྤྱི་བདེ་ལས་ཁུངས་ཀྱི་ཆེད་གཏོང་མི་སྣས་ཁོང་ལ་རང་གིས་བསགས་མ་མྱོང་བའི་ནག་ཉེས་ཤིག་ལ་ངོས་ལེན་དགོས་ཞེས་གཉིད་བཅགས་པ་དང་། ཁེར་བཅུག་བྱེད་པ། གནམ་བཏགས་བརྒྱག་པ། གློག་དབྱུག་སོགས་ཀྱི་རྡུང་རྡེག་དྲག་པོ་གཏོང་བ་སོགས་གདུག་རྩུབ་ཆེ་བའི་མནར་གཅོད་ཚད་མེད་བཏང་ཡོད་པའི་བདེན་དཔང་ཚིག་ཐོ་ཕྱིར་བསྒྲགས་བྱུང་ཡོད། མ་ཟད་དེའི་རིགས་ཀྱི་མནར་གཅོད་ནི་རྒྱའི་བཙོན་འོག་ཏུ་ལྷུང་བའི་བོད་ཀྱི་ཆབ་སྲིད་བཙོན་པ་མང་ཆེ་བས་མྱོང་གི་ཡོད་པའི་སྐོར་ནས་ཆབ་སྲིད་བཙོན་ཟུར་ཚོའི་ཚིག་ཐོ་དང་།  བཅར་འདྲི་རིམ་པའི་ནང་དུ་ཡོངས་གྲགས་སུ་གསལ་པོར་བཤད་ཡོད།  

དེར་བརྟེན་རྒྱ་ནག་གཞུང་གིས་མནར་གཅོད་འགོག་པའི་རྒྱལ་སྤྱིའི་སྤྱི་ཆིངས་ཀྱིས་སྐུལ་བའི་འགན་འཁྲི་དག་ངེས་པར་དུ་ཚུལ་བཞིན་བསྒྲུབ་དགོས་པ་ལས་བོད་ནང་གི་བོད་མི་རྣམས་ལ་མནར་གཅོད་ཀྱི་ལམ་ནས་སྟངས་འཛིན་བྱེད་པ་དང་། བོད་ཀྱི་ཆོས་རིག་དང་སྐད་ཡིག་དང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་རྣམས་ལ་མནར་གཅོད་ཀྱི་ལམ་ནས་འབུར་འཇོམས་བྱེད་བཞིན་པའི་སྦྱོར་བ་དག་འཕྲལ་དུ་མཚམས་འཇོག་དགོས་པ་མ་ཟད་ད་བར་མནར་གཅོད་ཀྱི་སྒོ་ནས་ཉེས་མེད་ཉེས་འགེལ་ཐོག་བཙོན་འོག་ཏུ་གནས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་མཐའ་དག་མྱུར་དུ་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན།  

to top