གྲྭ་བློ་བཟང་བསྟན་འཛིན་ལགས་ཀྱིས་རང་ལུས་མེར་སྲེག་གཏོང་མཁན་ཞིག་སྲུང་སྐྱོབ་བྱས་པར་བརྟེན་“བསམ་བཞིན་དུ་མི་བསད་པའི་”ཉེས་མིང་འོག་བཙོན་འཇུག་བྱས་པ་ལོ་བཅུའི་རྗེས་སུ་གློད་གྲོལ་ཐོབ།

ད་ལོ་དགུང་གྲངས་ ༣༢ ལ་སོན་པའི་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་བསྟན་འཛིན་ལགས་དང་ཕྱག་རོགས་གྲྭ་བཙུན་གཞན་གཉིས་ཀྱིས་ཕྱི་ལོ་༢༠༡༡ ལོའི་ཟླ་ ༠༣ ཚེས་ ༡༦ ཉིན་རང་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་དཔའ་བོ་བློ་བཟང་ཕུན་ཚོགས་ལགས་སྲུང་སྐྱོབ་བྱས་པར་བརྟེན་རྒྱ་གཞུང་གིས་“བསམ་བཞིན་དུ་མི་བསད་པའི་”ཉེས་མིང་བཏགས་ཏེ་ལོ་དེའི་ཟླ་བ་ ༠༣ ཚེས་ ༢༣ ཉིན་འཛིན་བཟུང་བྱས་ཤིང་ཟླ་ ༠༨ ཚེས་༢༨ ཉིན་རྔ་བ་ཁུལ་འབར་ཁམས་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་བློ་བཟང་བསྟན་འཛིན་ལགས་ལ་ལོ་བཅུ་གསུམ་གྱི་བཙོན་འཇུག་ཁྲིམས་ཆད་བཏང་།  འོན་ཀྱང་ཁོང་ཉིད་བཙོན་འཇུག་དུས་ཡུན་ལོ་བཅུ་ཟིན་མཚམས་སུ་ཉེ་ཆར་དངོས་སུ་གློད་གྲོལ་བཏང་ནས་ཕྱིར་ཕ་ཡུལ་གཅའ་གྲོང་རྡལ་ཕྱུགས་ལས་འགབ་མར་འབྱོར་ཟིན་ཡོད་པ་རེད།   ཁོང་གིས་དེ་སྔ་རྒྱ་ནག་གཞུང་གི་ཉེས་འཛུགས་ལ་ངོས་ལེན་གནང་མེད་ཀྱང་ཁོང་ཉིད་ལ་ཁྲིམས་རྩོད་པ་གླ་རྒྱུ་དང་དྲང་བདེན་གྱི་ཁྲིམས་བཤེར་བྱ་རྒྱུའི་གོ་སྐབས་སྤྲད་མེད་པ་རེད།  

ད་ཐེངས་ཁོང་ཉིད་བཙོན་འཇུག་དུས་བཀག་མ་རྫོགས་སྔོན་ནས་གློད་གྲོལ་བཏང་བའི་རྒྱུ་རྐྱེན་ཅི་ཡིན་གསལ་པོ་ཤེས་རྟོགས་བྱུང་མེད།  སྤྱིར་རྒྱ་ནག་གཞུང་གིས་དུས་རྒྱུན་བཙོན་པར་མནར་གཅོད་འཕོག་ནས་སྐུ་གཟུགས་ཉེན་ཁའི་གནས་སུ་ལྷུང་དུས་བཙོན་ཁང་དོ་དམ་པར་ཚེ་སྲོག་གི་འགན་འཁྲི་མི་འགོས་པའི་ཆེད་དུ་དུས་ཡུན་མ་ཟིན་སྔོན་ནས་གློད་གྲོལ་གཏོང་སྲོལ་ཡོད་པ་རེད།  གྲྭ་བློ་བཟང་བསྟན་འཛིན་ལགས་ཀྱི་ད་ལྟའི་སྐུ་གཟུགས་ཀྱི་གནས་སྟངས་གང་འདྲ་ཡོད་མེད་ཐད་གནས་ཚུལ་གསལ་པོ་མི་ཤེས་པར་བརྟེན་འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཉི་མ་འོད་ཟེར་ལགས་ཀྱིས་གསུང་བར་“བཙོན་ཁང་དུ་མནར་གཅོད་འཕོག་པ་དང་དུས་ལྟར་སྨན་བཅོས་མ་རག་ནས་ཉེན་ཚབས་ཀྱི་གནས་སུ་ལྷུང་བའི་བཙོན་པ་རྣམས་བཙོན་འཇུག་དུས་བཀག་མ་རྫོགས་སྔོན་ལ་གློད་གྲོལ་གཏོང་བ་ནི་རྒྱ་ནག་གཞུང་གིས་བཙོན་པའི་ཚེ་སྲོག་གི་འགན་འཁྲི་གཡོལ་ཐབས་ཀྱི་ཐབས་ཤེས་ཤིག་རེད། དེར་བརྟེན་ང་ཚོར་གྲྭ་བློ་བཟང་བསྟན་འཛིན་ལགས་ཀྱི་སྐུ་གཟུགས་དང་སེམས་ཁམས་ཀྱི་གནས་སྟངས་ཐད་བློ་འཚབ་ཆེན་པོ་ཡོད།”ཅེས་འགྲེལ་བརྗོད་གནང་སོང་།  

 ༢༠༡༤ ལོར་འདས་གྲོངས་སུ་གྱུར་བའི་ཆབ་སྲིད་བཙོན་ཟུར་སྒོ་ཤུལ་བློ་བཟང་ལགས་དང་ ༢༠༡༨ ལོར་འདས་གྲོངས་སུ་གྱུར་བའི་ཆབ་སྲིད་བཙོན་ཟུར་གཞོན་ནུ་དཔལ་ལྡན་རྣམ་གཉིས་ཀྱི་གནད་དོན་ལས་རྒྱའི་བཙོན་ཁང་ནང་གི་མནར་གཅོད་ནི་བོད་ཀྱི་ཆབ་སྲིད་བཙོན་ཟུར་མང་པོའི་འདས་རྐྱེན་དངོས་ཡིན་པ་ང་ཚོས་གསལ་པོ་རྟོགས་ཐུབ།  

to top