༧པཎ་ཆེན་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་གཞུང་གིས་འཇུ་བཟུང་བཙན་ཁྲིད་བྱས་རྗེས་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་ ༢༨ འགོར། 

དེ་རིང་ནི་ད་ལོ་དགུང་ལོ་ ༣༤ སོན་པའི་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་གཞུང་གིས་འཇུ་བཟུང་བཙན་ཁྲིད་བྱས་པ་ནས་བཟུང་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་ ༢༨ འཁོར་བའི་དུས་དྲན་ཡིན། ཕྱི་ལོ་ ༡༩༩༥ ཟླ་ ༥ པའི་ཚེས་ ༡༧ ཉིན་ནག་ཆུ་ལྷ་རི་རྫོང་ནས་ཡིན་པའི་དགུང་ལོ་དྲུག་ལས་མ་སོན་པའི་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཕ་མ་གཉིས་དང་ལྷན་དུ་རྒྱ་གཞུང་གིས་འཇུ་བཟུང་བཙན་ཁྲིད་བྱས། དེ་ནི་༧གོང་ས་མཆོག་གིས་ཁོང་ཉིད་༧པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་མཛད་ནས་ཉིན་གྲངས་གསུམ་ལས་འགོར་མེད་པའི་སྐབས་ཡིན། 

འདས་པའི་མི་ལོ་ ༢༨ ཀྱི་རིང་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་དམིགས་བསལ་སྙན་སྒྲོན་པ་ཁག་ཅིག་དང་བོད་ཕྱི་ནང་གཉིས་ཀྱི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱུན་མཐུན་དུ་ཁོང་གི་གནས་བབ་ཐད་རྒྱུས་ལོན་བྱ་ཐབས་དང་རྒྱ་ནག་གཞུང་ལ་ཁོང་ཉིད་ཀྱི་གནས་བབ་ཕྱི་གསལ་ནང་གསལ་བཟོ་དགོས་པ་དང་མྱུར་དུ་གློད་བཀྲོལ་གཏོང་དགོས་པ་སོགས་ཀྱི་དགོས་འདུན་བསྟུན་མར་བཏོན་ཡང་ད་བར་དུ་ངལ་བ་དོན་མེད་ལྟར་གྱུར་ཡོད། 

མི་ལོ་ ༢༨ སོང་ཡང་རང་ལོ་ན་དྲུག་ཙམ་གྱི་བྱིས་པ་ཞིག་དང་ཁོང་གི་ཕ་མ་གཉིས་ཀའི་གནས་སྟངས་ད་དུང་སུས་ཀྱང་ཤེས་རྟོགས་མི་ཐུབ་པ་གྱུར་ཡོད་པ་དེས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྤྱི་ཆིངས་ལ་བརྩིས་མེད་རྡོག་རོལ་བཏང་སྟེ་བོད་མི་ཚོའི་ཐོག་ཏུ་བཙན་དབང་འོག་གར་སོང་ཆ་མེད་དུ་འགྱུར་བར་བྱེད་པའི་སྦྱོར་བ་དེ་ཉིད་ཅི་འདྲའི་གཟབ་ནན་གཏིང་ཟབ་དང་འཆར་གཞི་ལྡན་པའི་ངང་ནས་སྤེལ་གྱི་ཡོད་པ་གསལ་པོ་མཚོན་ཡོད། 

བཙན་དབང་འོག་གར་སོང་ཆ་མེད་དུ་འགྱུར་རིགས་འགོག་པའི་རྒྱལ་སྤྱིའི་སྤྱི་ཆིངས་ཁྲོད་དུ་བཙན་དབང་འོག་གར་སོང་ཆ་མེད་དུ་འགྱུར་བར་བྱེད་པའི་སྦྱོར་བ་ནི་མིའི་རིགས་ལ་རྒོལ་བའི་ནག་ཉེས་ཤིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་ཅིང་དེའི་རིགས་ཀྱི་ཁྲིམས་འགལ་སྦྱོར་བ་ནམ་རྒྱུན་སྤེལ་ཆོག་པ་ཕར་ཞོག མཐའ་ན་དམག་འཁྲུག་དང་ཆབ་སྲིད་ཀྱི་ཟིང་འཁྲུག་འབྱུང་སྐབས་ཀྱི་དུས་བབ་ཛ་དྲག་གི་སྐབས་སུའང་སྤེལ་མི་རུང་བ་ཡིན། རྒྱ་ནག་གཞུང་གིས་རང་ཉིད་མཉམ་འབྲེལ་རྒྱལ་ཚོགས་བདེ་སྲུང་ལྷན་ཁང་གི་གཏན་འཇགས་ཚོགས་མི་ཡིན་པ་དང་རྒྱལ་སྤྱིའི་བདེ་དོན་གྱི་སྣེ་ཁྲིད་རྒྱལ་ཁབ་ཅིག་ཡིན་པའི་འུར་ཤོད་རྒྱག་གི་ཡོད་མོད། འོན་ཀྱང་དོན་དངོས་ཐོག་བཙན་དབང་འོག་གར་སོང་ཆ་མེད་དུ་འགྱུར་རིགས་འགོག་པའི་རྒྱལ་སྤྱིའི་གལ་ཆེའི་སྤྱི་ཆིངས་དེ་ལའང་ད་བར་མཚན་བཀོད་དང་ལག་བསྟར་ངོས་ལེན་བྱས་མེད་པ་མ་ཟད་དེ་ལས་ལྡོག་ཏེ་འདི་ལྟར་མིའི་རིགས་ལ་རྒོལ་བའི་ནག་ཉེས་དེ་ཉིད་བོད་ནང་དུ་གཟབ་ནན་གཏིང་ཟབ་དང་འཆར་གཞི་ལྡན་པའི་ངང་ནས་སྤེལ་བཞིན་ཡོད།  

ལྷག་པར་དུ་༧པཎ་ཆེན་རིན་པོ་ཆེ་ནི་བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་ཆེ་ཤོས་ཤིག་ཡིན་པར་བརྟེན་ཁོང་ཉིད་ནག་ཉེས་ཕྲ་མོ་ཙམ་ཡང་མེད་པའི་ལོ་དྲུག་ཙམ་གྱི་བྱིས་པ་ཞིག་ཡིན་པའི་སྐབས་ནས་ཀྱང་བཙན་ཁྲིད་བྱས་ཏེ་དེ་ནས་བཟུང་ཁོང་ལ་དད་དམ་གཡོ་བ་མེད་པའི་བོད་མི་ཚོར་ཞལ་མཇལ་གསུང་ཐོས་ཀྱི་གོ་སྐབས་ཤིག་གཏན་ནས་སྤྲད་མེད་པ་དེ་ནི་བོད་མི་ཚོའི་ཆོས་དོན་རང་དབང་ལ་རྡོག་རོལ་ཚབས་ཆེན་བཏང་བའི་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་ཀྱང་ཆགས་ཡོད། 

དེ་ཙམ་མ་ཟད་༧པཎ་ཆེན་ཆུང་སྲིད་རིན་པོ་ཆེའི་གནད་དོན་དང་འབྲེལ་ནས་རྒྱ་ནག་གཞུང་གིས་ཁོང་གི་ཕ་མ་གཉིས་ཀྱང་བཙན་དབང་འོག་བཅུག་ཏེ་ད་དུང་འཆི་གསོན་གང་ཡིན་གསལ་ཐག་མི་ཆོད་པའི་གནས་སུ་ལྷུང་ཡོད་པ་མ་ཟད་ཐོག་མར་རྒྱ་གཞུང་རང་གིས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་ཡང་སྲིད་ངོས་འཛིན་གྱི་འཚོལ་ཞིབ་ཚོགས་ཆུང་གི་ཚོགས་གཙོར་བསྐོས་པའི་གདན་ས་བཀྲ་ཤིས་ལྷུན་པོའི་མཁན་པོ་བྱ་བྲལ་རིན་པོ་ཆེ་བྱམས་པ་འཕྲིན་ལས་མཆོག་དང་ཁོང་གི་དྲུང་ཡིག་བྱམས་པ་ཆུང་ལགས་གཉིས་ཀྱང་ཕྱི་ལོ་ ༢༩༩༥ ལོའི་ཟླ་༥ པའི་ཚེས་ ༡༧ ཡས་མས་སུ་ཁྲེན་ཏུ་གནམ་ཐང་ནས་འཇུ་བཟུང་བཙན་ཁྲིད་བྱས་རྗེས། ལོ་གཉིས་ལྷག་ལ་བཙན་དབང་འོག་གར་སོང་ཆ་མེད་ཀྱི་གནས་སུ་བཅུག་རྗེས་ “ཁ་བྲལ་ལ་ངན་སྐུལ་”དང་“རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་པའི་”ཉེས་མིང་འོག་ལོ་བྱ་བྲལ་རིན་པོར་ཆེར་ལོ་དྲུག་དང་བྱམས་པ་ཆུང་ལགས་སུ་ལོ་ལྔ་ཡི་བཙོན་འཇུག་ཁྲིམས་ཆད་བཏང་། 

བྱ་བྲལ་རིན་པོ་ཆེའི་བཙོན་འཇུག་དུས་བཀག་ཕྱི་ལོ་ ༢༠༠༡ ལོར་ཚང་ཟིན་ཡོད་པར་བརྟེན་ལོ་དེར་ཁོང་ཉིད་གློད་བཀྲོལ་བཏང་ཟིན་པའི་ཁུངས་ལྡན་གནས་ཚུལ་ཞིག་འདི་ག་ལྟེ་གནས་ཁང་དུ་འབྱོར་ཡོད་མོད། འོན་ཀྱང་དེའི་རྗེས་སུ་ཁོང་གི་གནས་བབ་ཐད་རྒྱུས་ལོན་རྩ་ནས་མི་ཐུབ་པར་གྱུར་བ་མ་ཟད་ཁོང་ལ་ཐུགས་རྒྱུས་ཡོད་མཁན་ཚོས་ཀྱང་ཤེས་རྟོགས་མི་ཐུབ་པར་གྱུར། ཕྱི་ལོ་ ༢༠༡༡ ལོར་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་གསར་ཁང་དུ་རིན་པོ་ཆེར་ཅུང་འབྲེལ་འདྲིས་ཡོད་པའི་བོད་ལྗོངས་ནང་བསྟན་གྱི་མཐོ་རིམ་མི་སྣ་ཞིག་གི་བཤད་པའི་སྐད་ཆ་སྒྲ་འཇུག་བྱས་ཡོད་པ་དེའི་ནང་དུ་བྱ་བྲལ་རིན་པོ་ཆེ་སྔོན་མ་ནས་དུག་ཕུལ་ཏེ་སྐུ་བཀྲོངས་ཟིན་ཚུལ་བཤད་པ་དེ་བདེན་སྲིད་པའི་གནས་ཚུལ་བཀོད་འདུག་ཀྱང་ད་བར་དེ་ཉིད་ཁུངས་དག་ཡིན་མིན་གྱི་དག་བཤེར་མཐིལ་ཕྱིན་པ་ཞིག་བྱུང་ཐུབ་མེད།

དེ་བཞིན་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མའི་ངོས་འཛིན་ལས་དོན་དང་འབྲེལ་ནས་ཕྱི་ལོ་ ༡༩༩༥ ལོ་གཅིག་པོར་ཤེས་རྟོགས་ཐུབ་པའི་བོད་མི་ ༤༨ ཙམ་རྒྱ་གཞུང་གིས་འཇུ་བཟུང་བཙན་ཁྲིད་བྱས་ཡོད་ཅིང་ཁོང་ཅག་གི་ནང་ནས་མང་དག་ཅིག་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བའི་གནས་བབ་འོག་དུས་དེ་ནས་བཟུང་འཆི་གསོན་གང་ཡིན་ཆ་མི་འཚལ་བའི་གནས་སུ་གྱུར་ཡོད།

མདོར་ན། ༧པཎ་ཆེན་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཙན་དབང་འོག་གར་སོང་ཆ་མེད་དུ་འགྱུར་བར་བྱེད་པའི་སྦྱོར་བའི་ཐད་རྒྱ་གཞུང་གི་ངན་ཇུས་བཏིང་བ་ལྟར་འཆར་གཞི་ལམ་ལྷོངས་སོང་བར་བརྟེན་དུས་དེ་ནས་བཟུང་སྟེ་ངན་པ་ལངས་ཤོར་གྱིས་བོད་ཀྱི་ཆབ་སྲིད་བཙོན་པ་ཕལ་ཆེ་བར་ཁྲིམས་འགལ་གྱི་བྱེད་ཐབས་དེ་རང་སྤྱད་དེ་གྲགས་འགུལ་མེད་པ་བཟོ་ཐབས་བྱས་དང་བྱེད་མུས་ཡིན། རྒྱ་ནག་གི་ཉེས་ཁྲིམས་ནང་དུ་འཇུ་བཟུང་བྱས་པའི་མི་སྣའི་སྐོར་གྱི་གནས་ཚུལ་དུས་ཚོད་ངེས་ཅན་གྱི་ནང་ཚུན་དུ་ནང་མིར་གསལ་བཤད་བྱེད་དགོས་པ་སོགས་ཀྱི་ཆ་རྐྱེན་འཁོད་ཡོད་ཀྱང་“རྒྱལ་ཁབ་བདེ་འཇགས་དང་འབྲེལ་བའི་གྱོད་དོན་”ཡིན་ན་གོང་གསལ་གྱི་ཆ་རྐྱེན་དེ་སྒྲུབ་མི་དགོས་པ་འཁོད་པར་བརྟེན་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ནི་ག་དུས་ཡིན་ནའང་ཁྱབ་ཁོངས་དེའི་འོག་ཏུ་བཅུག་ཏེ་གང་བྱུང་འཇུ་བཟུང་དང་བཙན་དབང་འོག་གར་སོང་ཆ་མེད་དུ་འགྱུར་བར་བྱེད་པའི་སྦྱོར་བ་བརྩམས་དང་རྩོམ་མུས་རེད། དེ་ལྟ་བུའི་གདུག་རྩུབ་ཅན་གྱི་སྦྱོར་བ་དེ་ཡི་འོག་ཏུ་བོད་མི་རྣམས་ལ་རྡུང་རྡེག་མནར་གཅོད་ཚོད་མེད་མྱོང་གི་ཡོད་པའི་བདེན་དཔང་མི་ཉུང་བ་ཞིག་ལག་སོན་བྱུང་ཡོད་པ་མ་ཟད་གསང་བའི་བཀག་ཉར་གྱི་རིང་ལ་མནར་གཅོད་བཏང་བས་སྐུ་གྲོངས་བ་དང་དེ་འདྲའི་འོག་ནས་ཐར་ཙམ་བྱུང་བའི་རིགས་ཀྱི་ཆབ་སྲིད་བཙོན་ཟུར་མང་པོ་ཞིག་དབང་པོ་སྐྱོན་ཅན་དུ་གྱུར་བ་དང་རིམ་གྱིས་སྐུ་འཚོ་བཞུགས་མི་ཐུབ་པ་གྱུར་བའི་གནས་ཚུལ་ཡང་བསྟུན་མར་བྱུང་དང་འབྱུང་མུས་ཡིན། 

རྒྱ་ནག་གཞུང་གིས་བོད་ནང་དུ་རྒྱ་ཁྱབ་ཏུ་ལག་བསྟར་བྱེད་པའི་བཙན་དབང་འོག་གར་སོང་ཆ་མེད་དུ་འགྱུར་བར་བྱེད་པའི་སྦྱོར་བ་འདིའི་འོག་ཏུ་འདས་པའི་མི་ལོ་བཅུ་ཕྲག་གསུམ་ཙམ་གྱི་ནང་དུ་༧པཎ་ཆེན་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གཙོས་པའི་བོད་མི་བརྒྱ་ཕྲག་མང་པོའི་འཆི་གསོན་དང་གར་ཡོད་ཀྱི་གནས་བབ་རྩ་ནས་ཤེས་རྟོགས་མི་ཐུབ་པར་བཟོས་པ་དེ་ནི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཐེབས་པའི་གནད་དོན་ཤིན་ཏུ་ཛ་དྲག་ཅན་ཞིག་ཡིན་པས་རྒྱ་ནག་གཞུང་གི་ངོས་ནས་ཁྲིམས་འགལ་གྱི་སྦྱོར་བ་འདི་རིགས་འཕྲལ་དུ་མཚམས་འཇོག་བྱས་ཏེ་འདིའི་འོག་ཏུ་ཚུད་པའི་༧པཎ་ཆེན་རིན་པོ་ཆེ་མཆོག་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་བརྒྱ་ཕྲག་བརྒལ་བ་རྣམས་ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་གློད་བཀྲོལ་གཏོང་དགོས། ལྷག་དོན་དུ་གནད་དོན་འདི་ནི་བོད་ཀྱི་གནད་དོན་ཙམ་མ་ཡིན་པ་རྒྱལ་སྤྱིའི་ཁྲིམས་ཐོག་ནས་མིའི་རིགས་ལ་རྒོལ་བའི་ནག་ཉེས་ཚབས་ཆེན་ཞིག་ཡིན་པར་བརྟེན་མཉམ་འབྲེལ་རྒྱལ་ཚོགས་གཙོས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་སྤྱི་སྒེར་གཉིས་ཀས་རྒྱ་གཞུང་ལ་ཕྱོགས་ཡོངས་ནས་གནོན་ཤུགས་སྤྲད་དེ་དེ་རིགས་ཀྱི་ཁྲིམས་འགལ་གྱི་བྱ་སྤྱོད་འཕྲལ་དུ་མཚམས་འཇོག་ཡོང་ཐབས་ལ་ལྷག་བསམ་རྣམ་དག་གིས་འབད་བརྩོན་བྱ་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན། 

to top