རྩོམ་པ་པོ་དྷི་ལྷ་ལྡན་ལགས་ལ་ལོ་བཞིའི་བཙོན་འཇུག་ཁྲིམས་ཆད་བཏང་འདུག

འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་འཕེལ་རྒྱས་ལྟེ་གནས་ཁང་ནས་བོད་ནང་གི་རྩོམ་པ་པོ་ལྷ་ལྡན་ལགས་(སྨྱུག་མིང་དྷི་ལྷ་ལྡན་)རྒྱ་ནག་གཞུང་གིས་ཡུན་རིང་བཀག་ཉར་བྱས་མཐར་ཉེ་ཆར་ལོ་བཞིའི་བཙོན་འཇུག་ཁྲིམས་ཆད་བཏང་བའི་དངོས་བདེན་གྱི་གནས་ཚུལ་བྱུང་འདུག་པས་དྲང་བདེན་མ་ཡིན་པའི་ཐག་གཅོད་དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་ཞུ་རྒྱུ་ཡིན་ཞིང་ཁོང་གི་སྨྲ་བརྗོད་རང་དབང་རྡོག་རོལ་བཏང་དང་གཏོང་བཞིན་པ་ངེས་པར་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན། 

དྲང་བདེན་མ་ཡིན་པའི་ཁྲིམས་ཆད་དེ་ནི་འདས་པའི་ལོ་ཤས་རིང་ཁོང་གིས་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་གལ་ཆེའི་རང་བཞིན་སོགས་ཀྱི་སྐོར་བྲིས་ནས་རང་གི་སྨྲ་བརྗོད་རང་དབང་ལོངས་སུ་སྤྱད་དེ་རྒྱ་ནག་གི་སྲིད་ཇུས་ནོར་འཁྲུལ་ཅན་དག་ཐེར་འདོན་བྱས་པའི་རྐྱེན་གྱི་ཡིན་པ་རེད།  ནམ་རྒྱུན་ལྟར་རྒྱ་ནག་གཞུང་གིས་ཁོང་ཉིད་ལ་“སྤྱི་ཚོགས་ཟིང་འཁྲུག་”བསླངས་བའི་ཉེས་མིང་བཀལ་འདུག  ཁྲིམས་ཡིག་གི་འགྲེལ་བརྗོད་གསལ་ཁ་མེད་པའི་ཉེས་མིང་དེ་ནི་རྒྱ་ནག་གཞུང་གིས་རྒྱུན་དུ་འགྲོ་བ་མིའི་ཐོབ་ཐང་རྩོད་མཁན་ཚོར་ཚོད་འཛིན་དང་མནར་གཅོད་གཏོང་བྱེད་དུ་བེད་སྤྱོད་བྱེད་པའི་ལག་ཆ་གཙོ་བོ་ཞིག་ཡིན།  དོན་ངོ་མར་ཉེས་མིང་འདིས་རྒྱ་ནག་རང་གི་རྩ་ཁྲིམས་དང་བཅའ་ཁྲིམས་སོགས་སུ་ཁག་ཐེག་ཡོད་པའི་སྨྲ་བརྗོད་རང་དབང་ལ་ཐད་ཀར་རྡོག་རོལ་གཏོང་གི་ཡོད། 

ཟླ་ཚེས་གསལ་ཁ་མེད་ཀྱང་ཉེ་ཆར་གསང་བའི་ཁྲིམས་ར་འཚོགས་ཏེ་སྐུ་ཞབས་དྷི་ལྷ་ལྡན་ལགས་ལ་ལོ་བཞི་བཙོན་འཇུག་ཁྲིམས་ཆད་བཏང་འདུག  ཁོང་ཉིད་ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༦ པའི་ནང་ཁྲེན་ཏུ་ཡི་བཙོན་ཁང་ཞིག་ཏུ་འཇུ་བཟུང་བཀག་ཉར་བྱས་པ་ནས་བཟུང་ད་བར་ནང་མི་སྤུན་མཆེད་སུ་ལའང་འབྲེལ་གཏུག་བྱེད་བཅུགས་མེད་པ་མ་ཟད་ཧ་ཅང་གསང་རྒྱ་དམ་པོ་བྱས་ཏེ་དྲང་བདེན་གྱི་ཁྲིམས་བཤེར་བྱ་རྒྱུའི་གོ་སྐབས་སྤྲད་མེད་པ་རེད།

རྒྱ་ནག་གཞུང་གིས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ལ་བཙོན་འོག་ཏུ་རྡུང་རྡེག་མནར་གཅོད་ཚད་ལས་བརྒལ་བ་གཏོང་གི་ཡོད་པ་མ་ཟད་ལྷག་པར་དུ་ཁྲིམས་ཐག་མ་བཅད་པའི་གོང་དུ་བཙན་འགེལ་བྱས་པའི་ནག་ཉེས་ཁས་ལེན་ཆེད་མནར་གཅོད་དང་སུན་བཙིར་ཚད་མེད་གཏོང་གི་ཡོད་པའི་དངོས་ཡོད་བདེན་དཔང་མང་པོ་བྱུང་ཡོད།  དེར་བརྟེན་ངེད་ལྟེ་གནས་ཁང་གིས་སྐུ་ཞབས་ལྷ་ལྡན་ལགས་ཀྱི་ད་ལྟའི་སྐུ་གཟུགས་ཀྱི་གནས་བབ་ཐད་སེམས་འཚབ་ཆེན་པོ་བྱེད་ཀྱིན་ཡོད།

སྐུ་ཞབས་ལྷ་ལྡན་ལགས་ཀྱི་རྩོམ་དེབ་“བསྟུན་རྒོལ་ཁྲིམས་གཏུགས་”ནང་དུ་“ཞི་བདེ་དང་བརྟན་རླིང་བཟོ་བྱེད་ངོ་མ་ནི་སྒེར་གཅོད་པའི་གཏུམ་སྤྱོད་ལ་རྒོལ་གཏམ་བཏང་སྟེ་བཀའ་བརྩི་དང་ལེན་མ་བྱས་པ་དེ་མིན་པར།  གཏུམ་དབང་སྒེར་གཅོད་པ་དག་གི་ཅིི་གསུངས་བཀའ་བཞིན་བསྒྲུབས་ཏེ་ཁོ་ཚོ་ངན་པ་ལངས་ཤོར་དུ་བཞག་པ་དེ་ཉིད་ཡིན་ཏེ།  མི་སེར་རྣམས་ཇི་ལྟར་གཡུང་མོར་བསྡད་དེ་བཀའ་བརྩི་དང་ལེན་ཞུས་པ།  དེ་ལྟ་དེ་ལྟར་ཐོབ་འཕྲོག་དང་མནར་གཅོད་སོགས་ཇེ་ཆེར་གཏོང་བ་ནི་གཏུམ་དབང་སྒེར་གཅོད་པ་དག་གི་རང་གཤིས་སུ་གྲུབ་ཡོད་པས་སོ།”ཞེས་འཁོད་ཡོད།

ཁོང་གི་དཔེ་དེབ་གཏུམ་རྒོལ་ཁྲིམས་གཏུགས་ནི་འདི་ག་ལྟེ་གནས་ཁང་ནས་དབྱིན་ཡིག་ཏུ་བསྒྱུར་ཡོད།  ཐེངས་འདིའི་ཁོང་ལ་“སྤྱི་ཚོགས་ཟིང་འཀྲུག་བསླངས་བའི་”ཉེས་མིང་འགེལ་སྐབས་ཁོང་གི་ཕྱག་དེབ་དེ་ཉིད་ནག་ཉེས་བསགས་པའི་དཔང་རྟགས་སུ་སྤྱད་ཡོད་པའི་གནས་ཚུལ་བྱུང་འདུག 

ཉེ་སྔོན་ཕྱི་ཟླ་དགུ་པའི་ནང་འགྲེམ་སྤེལ་བྱས་པའི་རྒྱ་ནག་གི་ལོ་ལྔའི་(༢༠༢༡ ནས་ ༢༠༢༥ བར)ནང་གི་འགྲོ་བ་མིའི་ཐོབ་ཐང་ལག་བསྟར་འཆར་གཞིའི་ནང་དུ་
“གཞུང་ངོས་ནས་ཁྲིམས་བཤེར་དྲང་བདེན་དང་ཕྱི་གསལ་ནང་གསལ་ཡོང་བར་ཁག་ཐེག་བྱ་ངེས་ཡིན་ཞིང་། རྒྱལ་ཁབ་ཀྱི་ཁྲིམས་བཤེར་ལམ་ལུགས་དེང་རབས་ཅན་དུ་བསྒྱུར་ནས་དྲང་བདེན་ཁྲིམས་བཤེར་གྱི་ཐོབ་ཐང་འགན་སྲུང་ནན་པོ་བྱས་ཏེ་གྱོད་དོན་མཐའ་དག་ལ་ཐག་གཅོད་དྲང་པོ་ཡོང་རྒྱུའི་ཁག་ཐེག་བྱ་རྒྱུ་ཡིན་”ཞེས་འཁོད་ཡོད།  སྐུ་ཞབས་དྷི་ལྷ་ལྡན་ལགས་ཀྱི་ཁྲིམས་ཐག་འདི་ནི་རྒྱ་ནག་གི་གོང་འཁོད་ཁག་ཐེག་དང་ཐད་ཀར་འགལ་ཡོད་པས་འདི་ག་ལྟེ་གནས་ཁང་གིས་ཁོང་ཉིད་ཆ་རྐྱེན་གང་ཡང་མེད་པའི་སྒང་ནས་འཕྲལ་དུ་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ནན་་པོ་ཞུ་རྒྱུ་ཡིན་ལ་རྒྱ་ནག་གཞུང་གིས་སྐུ་ཞབས་ལྷ་ལྡན་ལགས་ཀྱི་ལུས་སེམས་གཉིས་ཀའི་བདེ་ཐང་ལ་ངེས་པར་དུ་འགན་ལེན་ཆ་ཚང་བྱ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། 

སྐུ་ཞབས་ལྷ་ལྡན་ལགས་ནི་ཕྱི་ལོ་ ༡༩༧༡ ལོར་མགོ་ལོག་པདྨ་རྫོང་དྷི་མདའ་ཡུལ་ཚོར་སྐྱེས་ཤིང་རང་ལོ་ ༡༡ སྟེང་ཆོས་སྒོར་ཞུགས་ཏེ་ལོ་བཞིའི་རྗེས་སུ་གསེར་རྟ་བླ་རུང་སྒར་དུ་སློབ་གཉེར་མཛད། རང་ལོ་ ༢༨ སྟེང་ལྷ་སར་བསྐྱོད་དེ་གདན་ས་ཆེན་པོ་འབྲས་སྤུངས་དང་སེ་ར་དགོན་པ་བཅས་སུ་སློབ་གཉེར་མཛད། ཡིན་ནའང་། རྗེས་སུ་དགག་རྐྱེན་སྣ་ཚོགས་པའི་རྐྱེན་གྱིས་སློབ་གཉེར་མཇུག་མ་རྫོགས་པར་མཚམས་འཇོག་བྱ་དགོས་བྱུང་ཡོད་པ་རེད། ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་ཁོང་བོད་ཀྱི་ས་ཁུལ་གང་སར་བསྐྱོད་དེ། བོད་མིའི་དངོས་མྱོང་གནས་ཚུལ་མཐའ་དག་ཡིག་ཐོག་ཏུ་འགོད་པའི་རྩོམ་འབྲིའི་ཕྱག་ལས་གནང་མགོ་བརྩམས་ཡོད། 

ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་བའི་ངོ་རྒོལ་སྐབས་ཀྱི་མཐོང་ཐོས་མྱོང་རིག་སོགས་གཞི་ལ་བཞག་པའི་ཁོང་གི་དཔེ་དེབ་ཐོག་མ་“ཚེ་སྲོག་གི་བསྐྲུན་པའི་སྐད་ཆ་”ཞེས་པ་འདི་ག་ལྟེ་གནས་ཁང་ནས་༢༠༡༡ ལོར་པར་བསྐྲུན་ཞུས་ཤིང་ཁོང་གི་དཔེ་དེབ་གཉིས་པ་“བསྟུན་རྒོལ་ཁྲིམས་གཏུགས”ཞེས་པ་རེ་སྐུལ་གནང་བ་ལྟར་ ༢༠༡༥ ལོར་ཡིག་བསྒྱུར་དང་པར་བསྐྲུན་འགྲེམས་སྤེལ་ཞུས་ཡོད།

to top