བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ངོས་ནས་ཟི་ཁྲོན་ཞིང་ཆེན་ཁྱབ་ཁོངས་ཁྲིན་ཏུའུ་གྲོང་ཁྱེར་གྱི་གསང་བའི་གནས་ཤིག་ཏུ་རྣམ་དཔྱོད་ལྡན་པའི་བོད་ཀྱི་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་ལྷ་ལྡན་ལགས་རྒྱ་གཞུང་གིས་ལོ་གཉིས་རིང་ནས་གང་བྱུང་བཀག་ཉར་བྱས་དང་བྱེད་བཞིན་པར་ཁོང་གང་མྱུར་ཆ་རྐྱེན་ཅི་ཡང་མེད་པའི་ཐོག་ནས་གློད་གྲོལ་གཏོང་དགོས་པའི་རེ་འདུན་འདོན་གྱི་ཡོད།
འདི་ག་ལྟེ་གནས་ཁང་གིས་སྐུ་ཞབས་ལྷ་ལྡན་ལགས་མི་གཞན་དང་འབྲེལ་ལམ་བཅད་ནས་དེ་ལྟར་ཡུན་རིང་བཀག་ཉར་བྱས་པ་ནི་ཞི་བདེ་བབ་ཕེབས་ཐོག་ལོངས་སུ་སྤྱོད་པའི་ཁོང་གི་རྣམ་དཔྱོད་དང་སྨྲ་བརྗོད་རང་དབང་དེ་དག་ལ་ཉེས་ཆད་བཏང་བ་ཞིག་ཏུ་ངོས་འཛིན་ཞུ་གི་ཡོད། རྒྱ་གཞུང་གི་དབང་འཛིན་པ་ཚོས་རྒྱལ་སྤྱིའི་ཁྲིམས་ལ་བརྩི་སྲུང་གིས་འགན་འཁུར་དང་ལས་འགན་རྣམས་ཕྱིར་བཤོལ་མ་བྱེད་པར་སྐུ་ཞབས་ལྷ་ལྡན་ལགས་ལ་གདུག་རྩུབ་དང་། གཞན་ཡང་མི་སྤྱོད་ཀྱི་ཚད་ལས་བརྒལ་བའི་དམའ་འབེབས་དང་ཁྲིམས་ཆད་དེ་དག་ངེས་པར་དུ་མཚམས་འཇོག་བྱེད་དགོས།
ཕྱི་ལོ་ ༢༠༡༩ ཟླ་ ༦ པའི་ནང་རྒྱ་ནག་སྤྱི་བདེ་ཉེན་རྟོག་ལས་བྱེད་ཚོས་སྐུ་ཞབས་ལྷ་ལྡན་ལགས་འཛིན་བཟུང་གིས་དོ་དམ་ཁང་དུ་བཙན་ཁྲིད་བྱས་ཡོད། རྒྱ་ནག་སྤྱི་བདེ་ཉེན་རྟོག་ལས་བྱེད་ཚོས་ཁོང་ཁྲིན་ཏུའུ་སྡོད་ཤག་ནས་བཙན་ཁྲིད་ཀྱིས་བཀག་ཉར་མ་བྱེད་གོང་ཁོང་གི་གློག་ཀླད་དང་ལག་ཐོགས་ཁ་པར། དེ་བཞིན་ཡིག་ཆ་གཞན་ཁག་རྣམས་ཀྱང་བསྔོག་གཤེར་བྱས་ཏེ་གཞུང་བཞེས་བཏང་ཡོད། སྐབས་དེར་ཁོང་གིས་དྲན་ཚོར་གྱི་མི་ཚེའི་ལོ་རྒྱུས་ཤིག་འབྲི་བཞིན་ཡོད་པ་རེད། ཁོང་ནི་དགེ་རྒན་ཡིན་པ་དང་། ཁོང་གིས་སྒེར་གྱི་སློབ་ཁྲིད་བྱེད་ཡུལ་དུ་གཞུང་ནས་བཀག་བསྡོམས་བྱེད་པའི་རྒྱུ་ཆ་སློབ་ཁྲིད་སྐབས་བེད་སྤྱོད་བྱས་པར་བརྟེན་བཀག་སྐྱིལ་བྱས་ཚུལ་བརྗོད་ཡོད་འདུག ཡང་ཁུངས་གཞན་དུ། ཁོང་གིས་གཞུང་ནས་ཆོག་མཆན་མེད་པའི་རྒྱུ་ཆ་རིགས་བེད་སྤྱོད་བྱེད་བཞིན་འདུག་ཅེས་མི་གཞན་ཞིག་གིས་གཞུང་ལ་ལན་སྤྲད་པར་བརྟེན་འཛིན་བཟུང་བྱས་པ་རེད་ཟེར།
འདི་ག་ལྟེ་གནས་ཁང་དུ་ཕྱི་ལོ་ ༢༠༢༠ ཟླ་ ༣ པའི་ནང་གནས་ཚུལ་འབྱོར་སོན་བྱུང་བ་ལྟར་ན། ཁོང་ཟླ་བ་དགུ་ཙམ་རིང་བཙོན་འཇུག་བཀག་ཉར་བྱས་རྗེས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་སྐུ་ཞབས་ལྷ་ལྡན་ལགས་ཀྱི་བསྟུན་རྒོལ་ཁྲིམས་གཏུགས་ཞེས་པའི་དེབ་དེ་ཉིད་དབྱིན་ཡིག་ཏུ་བསྒྱུར་ནས་དཔར་བསྐྲུན་བྱས་པ་ནི་ནག་ཉེས་ཀྱི་དཔང་རྟགས་ཚུལ་དུ་རྟོག་ཞིབ་ལས་བྱེད་པ་ཚོས་བརྗོད་ཡོད་པ་རེད། སྐུ་ཞབས་ལྷ་ལྡན་ལགས་གློད་གྲོལ་འཐོབ་ཕྱིར་ཁོང་གི་སྤུན་ཉེ་ཚོས་སོ་སོའི་གནས་ཡུལ་རང་ནས་འབད་བརྩོན་གནང་བཞིན་པ་རྣམས་ཀྱི་འདོད་འདུན་སེམས་ལ་བཟུང་བའི་ཐོག འདི་ག་ལྟེ་གནས་ཁང་ནས་ཁོང་གི་བཙོན་འཇུག་བཀག་ཉར་དང་འབྲེལ་བའི་གནས་ཚུལ་ཕྱིར་བསྒྲགས་བྱས་མེད།
སྐུ་ཞབས་ལྷ་ལྡན་ལགས་མི་གཞན་དང་འབྲེལ་ལམ་ཡོངས་སུ་བཅད་དེ་བཀག་ཉར་བྱས་པ་དེས་རྒྱ་ནག་གཞུང་གི་སྡུག་བསྔལ་ལ་ཇི་མི་སྙམ་པར་བོད་ཀྱི་ཤེས་ཡོན་ཅན་དང་རྩོམ་པ་པོ། རིག་གཞུང་གཅེས་འཛིན་པ་ཚོར་དམིགས་ཏེ་ཁོང་ཚོའི་སྨྲ་བརྗོད་ཀྱི་རང་དབང་ལ་བཙན་གནོན་བྱེད་རྒྱུའི་ཐབས་ཤེས་བྱེད་པ་ནི་སེམས་ཁྲལ་སྐྱེ་འོས་པའི་མཚན་རྟགས་ཤིག་ཆགས་ཡོད། རྒྱ་གཞུང་གི་དབང་འཛིན་པ་ཚོས་བོད་ཀྱི་སྐོར་ལ་སྲིད་གཞུང་ནས་ཇི་ལྟར་འགྲེལ་བརྗོད་བྱེད་དགོས་པ་དེ་བཞིན་ལག་བསྟར་མ་གནང་མཁན་ཚོར་འཇིགས་སྐུལ་དང་དངངས་སྐྲག་སྐྱེ་བྱེད་ཀྱི་ཐབས་ཇུས་ངན་པ་དེ་དག་ངེས་པར་དུ་མཚམས་འཇོག་བྱེད་དགོས།
སྐུ་ཞབས་ལྷ་ལྡན་ལགས་ཀྱི་གོང་འཁོད་དེབ་ཀྱི་ནང་དུ། དེ་བས་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་ཁྲོམ་སྐོར་དང་། འདུ་འཛོམས། སྐད་འབོད་སོགས་གཏོང་བའི་རང་དབང་ཡོད་པ་དང་། རྒྱལ་ཁབ་ཀྱི་ལས་ཁུངས་གང་ཞིག་དང་ལས་བྱེད་པ་སུ་ཞིག་ཡིན་ནའང་དེར་སྐྱོན་བརྗོད་དང་བསམ་འཆར་འདོན་དབང་ཡོད། ཅེས་སོགས་བསྟན་ཡོད་པ་ནི་དོན་དངོས་གོང་དུ་ཞི་བདེ་ཡི་སྐབས་སུ་བཤད་པ་ལྟར་དམངས་སེམས་འགུགས་བྱེད་ཀྱི་ཕྱི་ཤུན་ཙམ་མམ། ཡང་ན་རྒྱལ་སྤྱི་ལ་བསྟན་པའི་ངོ་གདོང་གཞན་ཞིག་ལས་གང་ཡང་མེད་པ་ང་ཚོས་ཉམས་མྱོང་ལས་གྲུབ་སྟེ། དེ་ལྟར་བྱས་ཙམ་གྱིས་ཁག་གཞན་ལ་འགེལ་ནས་བཙོན་འཇུག་སོགས་ཀྱིས་མནར་གཅོད་གཏོང་གིན་ཡོད་པས་སོ། ཞེས་བྲིས་ཡོད།
རང་གི་མིང་ཕྱིར་སྟོན་འདོད་མེད་པའི་བཙན་བྱོལ་ལ་ཡོད་པའི་སྐུ་ཞབས་ལྷ་ལྡན་ལགས་ཀྱི་གཉེན་ཉེ་ཞིག་གིས་གཤམ་གྱི་འཕྲིན་ཡིག་བྲིས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ནང་ནས་སྐུ་ཞབས་ལྷ་ལྡན་ལགས་གློད་གྲོལ་ཡོང་བར་ཛ་དྲག་གི་འབད་བརྩོན་གནང་དགོས་པའི་སྐོར་ལ་རེ་སྐུལ་ཞུས་ཡོད།
དེ་ཡང་རེ་སྐུལ་གྱི་འཕྲིན་ཡིག་ནང་དུ། སྟོང་ལོ་བཅུ་དགུ་པའི་ལོ་སྨད་དེར་སྤྲིན་ནག་གི་རྒྱུ་བ་ཞིག་གིས་ཁྱེད་ཀྱི་འགྲོ་འདུག་སྤྱོད་གསུམ་རྣོ་ལྕགས་ཀྱི་རྙི་ལ་ཚུད། ཁ་ཆར་དང་བུ་ཡུག་གིས་གཙེས་ཤིང་ཉེས་མེད་ཀྱི་མནར་གཅོད་ཅིག་གི་གོ་རིམ་ཁྲོད་ཁྱེད་ཉིད་རང་ཁྱིམ་ནས་བཙན་ཤེད་ཀྱིས་མུན་ནག་ཏུ་བརྫངས། དམངས་གཙོ། རང་དབང་། འདྲ་མཉམ། ཐ་སྙད་འདི་དག་ཅི་འདྲའི་སེམས་སུ་བབ་པ་ཞིག་རེད་འང་། འོན་ཏེ་སྒེར་གཅོད་ཀྱི་རལ་དྲའི་སོ་ཁ་བཙན་ས་ཞིག་ནས། རང་དབང་དང་འདྲ་མཉམ་ཞེས་པའི་ཐ་སྙད་དེ་དག་ཅི་འདྲའི་གཉོམ་ཆུང་ཞིག ཅི་འདྲའི་ནུས་མེད་ཅིག ཁྱེད་ཉིད་གར་སོང་ཆ་མ་འཚལ་བའི་ལོ་ཟླ་འདི་དག་ལ་ཁྱེད་ཀྱི་ནང་མི་དང་སྤུན་མཆེད་ཡང་ན་ཁྱེད་ཀྱི་བུ་སློབ་ཏུ་གྱུར་མྱོང་བའི་རིགས་མཐུན་དུ་མ་ཞིག་མ་བུ་ཁ་བྲལ་དུ་ལུས་པའི་དྭ་ཕྲུག་བཞིན་འགྲོ་ལམ་མུན་ནག་གིས་རབ་རིབ་ཏུ་གྱུརད། གནས་སྟངས་དེ་འདྲ་ཞིག་གི་གོད་ཆག་ཁྲོད་ང་ཚོས་རེ་བ་དང་སྨོན་འདུན་ཡོད་ཚད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སོགས་ལ་མི་བཅོལ་ཐུ་མེད་དུ་གྱུར། ཞེས་འཁོད་ཡོད།
སྐུ་ཞབས་ལྷ་ལྡན་ལགས་ནི་ཆོས་སྒོར་ཞུགས་མྱོང་བའི་ནང་པའི་གྲྭ་ཟུར་ཞིག་དང་། བོད་ནང་གནས་བཞུགས་གཞོན་སྐྱེས་ཤེས་ལྡན་པ་དང་རྩོམ་པ་པོ་ཞིག་ཡིན། ཁོང་ཕྱི་ལོ་ ༡༩༧༡ ལོར་བོད་མདོ་སྨད་མགོ་ལོག་པདྨ་རྫོང་དུ་སྐྱེས། ཡོངས་གྲགས་སུ་ཁོང་ལ་དྷི་ལྷ་ལྡན་ཞེས་འབོད་ཅིང་། ཁོང་གི་གྲྭ་མིང་ལ་ཐུབ་བསྟན་བློ་བཟང་ལྷུན་འགྲུབ་ཟེར། རང་ལོ་ ༡༣ སྟེང་སོ་སོའི་གྲོང་ཚོའི་དགོན་པའི་ཆོས་སྒོར་ཞུགས་པ་དང་། རང་ལོ་ ༡༥ སྟེང་གསེར་རྟ་བླ་རུང་སྒར་དུ་སློབ་གཉེར་མཛད། རང་ལོ་ ༢༧ སྟེང་ལྷ་སར་བསྐྱོད་དེ་གདན་ས་ཆེན་པོ་འབྲས་སྤུངས་དང་སེ་ར་དགོན་པ་བཅས་སུ་སློབ་གཉེར་མཛད། ཡིན་ནའང་། རྗེས་སུ་དགག་རྐྱེན་སྣ་ཚོགས་པའི་རྐྱེན་གྱིས་སློབ་གཉེར་མཇུག་མ་རྫོགས་པར་མཚམས་འཇོག་བྱ་དགོས་བྱུང་ཡོད་པ་རེད། ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་ཁོང་བོད་ཀྱི་ས་ཁུལ་སོ་སོར་བསྐྱོད་དེ། བོད་མིའི་དངོས་མྱོང་གནས་ཚུལ་མཐའ་དག་ཡིག་ཐོག་ཏུ་འགོད་པའི་རྩོམ་འབྲིའི་ཕྱག་ལས་གནང་མགོ་བརྩམས་ཡོད་པ་རེད།
སྐུ་ཞབས་ལྷ་ལྡན་ལགས་ཀྱི་དེབ་འཕྲེང་དང་པོ་ནི་ཚེ་སྲོག་ལས་བསྐྲུན་པའི་སྐད་ཆ་ཞེས་པ་དེ་ཡིན་ཞིང་། དེབ་དེ་ཉིད་འདི་ག་ལྟེ་གནས་ཁང་གི་ཕྱི་ལོ་ ༢༠༡༡ ཟླ་ ༣ ནང་དཔར་བསྐྲུན་ཞུས་ཡོད། ཉིན་དེ་ནི་བོད་ནང་ཕྱི་ལོ་ ༢༠༠༨ ལོར་མི་མང་སྒེར་ལངས་བྱུང་ནས་ལོ་ངོ་ ༣ འཁོར་བའི་ཉིན་མོ་དང་། ཇི་ནི་ཝ་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་ཐེངས་ ༡༦ པ་ཚོགས་སྐབས་ཏག་ཏག་སྟབས་འཁེལ་ཡོད། ཁོང་གི་དེབ་འཕྲེང་གཉིས་པ་ནི་བསྟུན་རྒོལ་ཁྲིམས་གཏུགས་ཞེས་པ་དེ་ཡིན་པ་དང་། འདི་ག་ལྟེ་གནས་ཁང་གིས་དབྱིན་ཡིག་ཏུ་བསྒྱུར་ནས་ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༢༩ ཉིན་དཔར་བསྐྲུན་ཞུས་ཡོད།