འདི་ག་ལྟེ་གནས་ཁང་གིས་རྒྱ་ནག་གཞུང་ཚབ་གི་བྱ་སྤྱོད་དེར་ངོ་རྒོལ་ཡོད།

འཇར་མན་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་བྷ་རན་ཌི་ལགས་ཀྱི་འདྲ་པར།
འཇར་མན་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་བྷ་རན་ཌི་ལགས་ཀྱི་འདྲ་པར།

འདི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོས་ནས། འཇར་མན་གྲོས་ཚོགས་འཐུས་མི་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་སྐུ་ཞབས་མའེ་ཀེལ་བྷ་རན(Michael Brand)ལགས་ལ་རྒྱ་གཞུང་གིས་གནོན་ཤུགས་སྤྲད་པའི་བྱ་སྤྱོད་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་རྒྱ་གཞུང་གིས་འཇར་མན་གྲོས་ཚོགས་འཐུས་མིར་ཚུལ་མིན་གྱི་གནོན་ཤུགས་སྤྲད་པའི་བྱ་སྤྱོ་དེར་སྐྱོན་བརྗོད་དྲག་པོ་བཏང་ཡོད་པ་མ་ཟད། བྱ་སྤྱོད་དེས་བོད་གཙོས་རྒྱ་ནག་སྐམ་ས་ཆེན་པོ་ནང་དང་། དེ་བཞིན། རྒྱལ་སྤྱིའི་སྒང་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་ཐབས་ཐད་རྒྱ་གཞུང་གིས་འདུན་པ་དང་ཧམ་སེམས་འཆང་བཞིན་པ་གསལ་སྟོན་བྱས་ཡོད།

འདི་ག་ལྟེ་གནས་ཁང་གི་ངོས་ནས་རྒྱ་གཞུང་གིས་བོད་གཙོས་རྒྱལ་ཁབ་ཕྱི་ནང་ཀུན་དུ་འགྲོ་བ་མིའི་ཐོབ་ཐང་རྡོལ་གཏོང་བཞིན་པའི་བྱ་སྤྱོད་དེར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངོ་རྒོལ་བྱ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡོད།

སྐུ་ཞབས་བྷ་རན་ལགས་ནི་འཇར་མན་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཙོ་ཡིན་ལ། ཁོང་གིས་སྣེ་ཁྲིད་པའི་འཇར་མན་གྲོས་ཚོགས་འཐུས་མིའི་ཚོགས་ཆུང་ཞིག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་ལ་རྟོགས་ཞིབ་ཆེད་བསྐྱོད་འཆར་ཡོད་ཀྱང་། རེས་གཟའ་ལྷག་པའི་ཉིན་འཇར་མན་གནས་སྡོད་རྒྱ་ནག་གཞུང་ཚབ་ཀྱིས་སྐུ་ཞབས་བྷ་རན་ལགས་ལ་དྲ་རྒྱའི་སྟེང་གི་བོད་དོན་གནས་ཚུལ་རྣམས་ནག་བསུབ་གཏོང་དགོས་པའི་གནོན་ཤུགས་ཆེན་པོ་སྤྲད་ཡོད་པ་དང་། ཁོང་གིས་ངོས་ལེན་མ་བྱས་སྟབས་རྒྱ་གཞུང་གིས་ཁོང་ལ་ཐོངས་མཆན་སྤྲད་མེད་པ་རེད།

སྐུ་ཞབས་བྷ་རན་ལགས་ཀྱིས་འཇར་མན་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གི་བྱ་སྤྱོད་དེའི་ཐད། “རྒྱ་ནག་ལྟ་བུའི་སྒེར་གཅོད་སྲིད་གཞུང་ཞིག་གིས་སྨྲ་བརྗོད་རང་དབང་ལ་བཀག་འགོག་དང་གནོན་ཤུགས་སྤྲད་པ་དེ་ང་ཚོས་ངོས་ལེན་བྱ་མི་སྲིད་པ་མ་ཟད། ལྷག་པར་དུ་བྱ་སྤྱོད་དེ་རིགས་འཇར་མན་རྒྱལ་ཁབ་ནང་ལག་བསྟར་གྱི་ཧམ་སེམས་དེ་གཏན་ནས་ངོས་ལེན་མེད། ” ཅེས་བརྗོད་ཡོད།

འཇར་མན་རྒྱལ་ཁབ་ནི་ <<སྤྱི་དམངས་དང་ཆབ་སྲིད་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་སྤྱི་ཆིངས>> ལ་མཚན་རྟགས་བཀོད་མཁན་ཚོགས་མི་རྒྱལ་ཁབ་ཅིག་ཡིན་སྟབས། སྤྱི་ཆིངས་ཀྱི་དོན་ཚན་ ༡༩ པ་གཞིར་བཟུང་། སྨྲ་བརྗོད་རང་དབང་ལ་གུས་བརྩི་དང་སྲུང་སྐྱོབ་བྱེད་དགོས་ཀྱི་ཡོད། དེར་བརྟེན། རྒྱ་ནག་གཞུང་ཚབ་ཁང་གིས་སྐུ་ཞབས་བྷ་རན་ལགས་ལ་དྲ་ཐོག་གནས་ཚུལ་ཞིབ་བཤེར་བཀག་སྡོམ་དགོས་པའི་ཚུལ་མིན་གནོན་ཤུགས་སྤྲད་པ་དེ་ནི་ངོས་ལེན་བྱ་ཐབས་བྲལ་བ་ཞིག་ཆགས་ཡོད།

སྐུ་ཞབས་བྷ་རན་ལགས་ཀྱིས་ “འགྲོ་བ་མིའི་ཐོབ་ཐང་ནི་རྒྱ་ནག་ནང་ཁུལ་གྱི་གནད་དོན་ཞིག་མ་རེད།” ཅེས་བརྗོད་ཡོད་པ་མ་ཟད། ཁོང་གིས་འཇར་མན་ཕྱི་སྲིད་བློན་ཆེན་ལ་ “རྒྱ་གཞུང་གི་བྱ་སྤྱོད་དེའི་ཐད་ངེས་པར་དུ་ལན་འདེབས་གསལ་པོ་ཞིག་དགོས་པའི” འབོད་སྐུལ་ཞུས་ཡོད་པ་རེད། རྒྱ་གཞུང་གི་མགྲིན་ཚབ་པ་ཞིག་གིས་གནས་ཚུལ་དེའི་ཐད། “རྒྱ་གཞུང་གིས་མི་དེ་འདྲར་ཕེབས་བསུ་རྩ་བ་ནས་ཞུ་མི་སྲིད། འཇར་མན་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ངོས་ནས་རྒྱ་ནག་ལ་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་སྤེལ་བ་ནི་ནོར་འཁྲུལ་ཞིག་རེད།” ཅེས་ལན་འདེབས་བྱས་ཏེ། རྒྱ་གཞུང་རང་ངོས་ནས་སྨྲ་བརྗོད་རང་དབང་རྡོག་རོལ་བཏང་བའི་བྱ་སྤྱད་དེར་བསམ་ཤེས་གུ་ཡངས་ཀྱི་རྣམ་པ་གང་ཡང་བསྟན་མེད་པ་རེད།

རྒྱ་གཞུང་གིས་ད་ལྟའི་བར་བོད་ནང་དུ་མུ་མཐུད་སྨྲ་བརྗོད་རང་དབང་རྡོག་རོལ་བཏང་ཡོད་ལ། སྐུ་ཞབས་བྷ་རན་ལགས་ཀྱི་སྨྲ་བརྗོད་རང་དབང་ཐད་བཀག་སྡོམ་གནོན་ཤུགས་སྤྲད་པའི་བྱ་སྤྱོད་དེས། སྔར་ལས་ལྷག་པར་བོད་ནང་གི་སྨྲ་བརྗོད་རང་དབང་བརྡལ་བཤིག་གཏོང་བཞིན་པ་གསལ་བོར་མཚོན་ཡོད། ཡིན་ནའང་། རྒྱ་གཞུང་གིས་རྒྱལ་སྤྱིའི་ལས་དོན་ཁྲོད་འཛུལ་ཞུགས་ཤུགས་ཆེ་རུ་འགྲོ་བཞིན་པ་དང་བསྟུན་ནས། མ་འོངས་པར་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་རྒྱ་གཞུང་གིས་སྔར་ལྷག་གནོན་ཤུགས་སྤྲོད་ཐབས་བྱ་རྒྱུ་ཡིན་པ་ངེས་གཏན་ཡིན་སྟབས། རྒྱ་གཞུང་གིས་བོད་གཙོས་པའི་རྒྱ་ནག་སྐམ་ས་ཆེན་པོ་དང་། དེ་བཞིན། རྒྱལ་སྤྱིའི་སྤྱི་ཚོགས་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་འདུན་གྱི་ཧམ་སེམས་དེར། འཛམ་གླིང་རྒྱལ་ཁབ་ཚང་མས་མངོན་གསལ་དོད་པའི་སྒོ་ནས་གནོན་ཤུགས་སྤྲོད་དགོས་པར། འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་འབོད་སྐུལ་ཤུགས་ཆེན་ཞུ་བཞིན་ཡོད།

to top