ཞོགས་ལྗང་གི་ཉེས་མིང་དེ་ནི་དབྱེ་འབྱེད་ཀྱི་ཁྲིམས་ཆད་ཅིག་རེད།

shokjangརྩོམ་པ་པོ་ཞོགས་ལྗང་ལ་ས་གནས་རྒྱ་གཞུང་ཁྲིམས་ཁང་གིས་ “རྒྱལ་ཁབ་ཁ་བྲལ་ལ་སྐུལ་སློང” གི་ནག་ཉེས་བཙུགས་པ་དེ་ནི། དྲང་བདེན་མ་ཡིན་པའི་ཁྲིམས་ཆད་ཅིག་དང་། ཁྲིམས་ཀྱི་མདུན་སར་བོད་མི་རིགས་ལ་དབྱེ་འབྱེད་བྱེད་ཀྱིན་པའི་བྱ་སྤྱོད་གསལ་ཤོས་ཤིག་ཆགས་ཡོད།

ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༡༧ ཉིན་རྨ་ལྷོ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་ཁྲིམས་ར་ཚོགས་ཏེ། བོད་རིགས་གཞོན་སྐྱེས་རྩོམ་པ་པོ་ཞོགས་ལྗང་ལགས་ལ་ “རྒྱལ་ཁབ་ཁ་བྲལ་ལ་སྐུལ་སློང” གི་ཉེས་མིང་བཙུགས་ཐོག ལོ་ ༣ ཀྱི་དུས་བཀག་བཙོན་འཇུག་དང་ལོ་ ༢ ལ་ཆབ་སྲིད་ཐོབ་ཐང་བཙན་འཕྲོག་གི་ཁྲིམས་ཆད་བཅད་ཁྲ་ཁྱབ་བསྒྲགས་བྱས་རྗེས། རྩོམ་པ་པོ་ཁོང་གིས་ཉེས་མེད་ཉེས་འཛུགས་ཀྱི་ཁྲིམས་བཅད་དེ་དང་ལེན་བྱ་ཐབས་བྲེལ་ནས་མཐོ་རིམ་ཁྲིམས་ཁང་ལ་བསྐྱར་དུ་ཞུ་གཏུག་བྱ་རྒྱུ་ཡིན་པ་བརྗོད་ཡོད་པ་ལྟར། ཁོང་གིས་མཚོ་སྔོན་ཞིང་མཐོ་རིམ་མི་དམངས་ཁྲིམས་ཁང་ལ་ཕྱི་ཟླ་ ༢ ཚེས་ ༢༤ ཉིན་འཁོད་པའི་བོད་ཡིག་ཤོག་ལྷེ་ ༡༢ ཅན་གྱི་ཞུ་གཏུག་ཡི་གེ་ཞིག་ཕུལ་ཡོད་པ་དེ་ཉེ་ཆར་གཞི་ནས་བརྒྱུད་ལམ་ཁག་ཏུ་ཡོངས་ཁྱབ་ཕྱིར་བསྒྲགས་བྱུང་ཐུབ་ཡོད་པ་རེད། ཞུ་གཏུག་ཡི་གེ་དེའི་ནང་རྩོམ་པ་པོ་ཁོང་གིས་ས་གནས་རྒྱ་གཞུང་གི་ཉེས་འཛུགས་དག་རེ་རེ་བཞིན་ཐེར་འདོན་གྱིས་ངོས་ལེན་བྱ་ཐབས་མེད་པའི་རྒྱུ་མཚན་གསལ་བརྗོད་བྱས་འདུག

འདི་ག་ལྟེ་གནས་ཁང་གིས་དེ་སྔོན་རྩོམ་པ་པོ་ཞོགས་ལྗང་ལགས་འཇུ་བཟུང་སྐོར་ལ་གནས་ཚུལ་རིམ་པར་བཀོད་ཡོད་ཀྱང་། རྒྱ་གཞུང་གིས་བོད་ནང་གནས་འཕྲིན་དྲ་རྒྱ་གཙོས་སྤྱི་ཚོགས་བརྒྱུད་ལམ་ཁག་ལ་སྟངས་འཛིན་དམ་དྲག་ཤུགས་ཆེན་པོ་བྱས་ཡོད་སྟབས། ཞིབ་ཕྲའི་གནས་ཚུལ་རིགས་ཤེས་རྟོགས་བྱུང་ཁག་པོ་ཆགས་ཡོད། ཉེ་ཆར་ཕྱིར་བསྒྲགས་བྱུང་བའི་རྩོམ་པ་པོ་ཞོགས་ལྗང་ལགས་ཀྱི་ཁྲིམས་ཁང་གོང་མར་ཞུ་གཏུག་ཡི་གེ་ནང་། རྩོམ་པ་པོ་ཁོང་ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༡༦ ཉིན་རེབ་གོང་མགྲོན་དུ་སྡོད་སྐབས། མཚན་གུང་ཉེན་རྟོག་པ་ཁྲིམས་འགལ་གྱིས་ནང་དུ་འཛུལ་ཡོང་ནས་དྲག་ཤུགས་ཀྱིས་བསྔོག་བཤེར་བྱས་ཡོད། དེ་རྗེས་ཕྱི་ཚེས་ ༡༩ ཉིན་རེབ་གོང་རྫོང་སྤྱི་བདེ་ལས་ཁུངས་ཀྱིས་ཁོང་འཛིན་བཟུང་བྱས་ཤིང་། ཚེས་ ༢༠ ཉིན་ས་གནས་དེའི་ལྟ་སྲུང་ཁང་དུ་བཀག་ཉར་བྱས། ཕྱི་ཟླ་ ༥ པའི་ཚེས་ ༥ ཉིན་དངོས་སུ་འཛིན་བཟུང་གསལ་བརྡ་བཏང་འདུག དེ་རྗེས་ཕྱི་ཟླ་ ༧ ཚེས་ ༢༡ ཉིན་རྨ་ལྷོ་ཁུལ་མི་དམངས་ཁྲིམས་ཁང་ནས་ཁྲིམས་ར་ཚོགས་ཡོད་པ་རེད། སྐབས་དེར་རྩོམ་པ་པོ་ཁོང་གིས་སོ་སོའི་ཁྲིམས་འགལ་གྱི་བྱ་སྤྱོད་གང་ཡང་བསགས་པ་དག་སེལ་བྱས་པ་བརྒྱུད། ཁྲིམས་ཁང་གིས་གྲོས་སྡུར་ཕྱི་སྣུར་ཟླ་ངོ་བདུན་ལྷག་བྱས་རྗེས། ཕྱི་ལོ་ ༢༠༡༦ ལོའི་ཟླ་ ༢ པའི་ཚེས་ ༡༧ ཉིན་རྨ་ལྷོ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁྲིམས་ར་ཐེངས་གཉིས་པ་ཚོགས་ཏེ། ཁོང་ལ་ “རྒྱལ་ཁབ་ཁ་བྲལ་ལ་སྐུལ་སློང་བྱས་པ” ཡི་ནག་ཉེས་བཀལ་ཏེ། དུས་བཀག་བཙོན་འཇུག་ལོ་ ༣ དང་། ལོ་ ༢ ལ་ཆབ་སྲིད་ཁེ་དབང་བཙན་འཕྲོག་གི་ཐག་བཅད་ཁྱབ་བསྒྲགས་བྱས་འདུག རྩོམ་པ་པོ་ཁོང་གིས་ས་གནས་ཁྲིམས་ཁང་གི་ཐག་གཅོད་དེ་ཉིད་ངོས་ལེན་བྱ་ཐབས་བྲལ་ནས། མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཡོད་སྐོར་བཀོད་འདུག

shok01གོང་གསལ་ཞུ་གཏུག་ཡི་གེ་ལས་རྩོམ་པ་པོ་ཁོང་འཇུ་བཟུང་བཀག་ཉར་དང་འཛིན་བཟུང་འདྲི་གཅོད། ཉེས་འཛུགས་ཞིབ་བཤེར། ཁྲིམས་བཤེར་ཐག་གཅོད་བཅས་ཀྱི་བརྒྱུད་རིམ་རྣམས་ཁྲིམས་མཐུན་ཡང་དག་ཅིག་བྱུང་མེད་པ་གསལ་པོ་འདུག རྒྱ་གཞུང་གི་ <<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་དོན་གཏུག་བཤེར་བཅའ་ཁྲིམས>> ཟེར་བའི་ནང་གཏན་འབེབས་བྱས་དོན། ཉེན་རྟོག་པས་བསྔོག་བཤེར་བྱེད་སྐབས་ངེས་པར་དུ་བསྔོག་བཤེར་བྱ་ཡུལ་གང་ཟག་དེར་བསྔོག་བཤེར་དཔང་ཡིག་སྟོན་དགོས།(དོན་ཚན་ ༡༣༦ པ།) འོན་ཀྱང་། མཚན་གུང་མགྲོན་ཁང་དུ་འཛུལ་ནས་རྩོམ་པ་པོ་ཞོགས་ལྗང་ལགས་ལ་བསྔོག་བཤེར་སྐབས། ཁོང་གིས་ཐོབ་ཐང་དཔང་ཡིག་སྟོན་དགོས་པའི་རེ་བ་བཏོན་ཡོད་ཀྱང་། བསྔོག་བཤེར་མཁན་ཉེན་རྟོག་པས་བསྔོག་བཤེར་དཔང་ཡིག་དང་ཐོབ་ཐང་དཔང་ཡིག་གང་ཡང་བསྟན་མེད་པ་མ་ཟད། ཁོང་གི་མགོ་ལ་མེ་མདའ་བཙུགས་ཏེ་དྲག་སྤྱོད་འཇིགས་སྐུལ་བྱས་ཡོད་པ་རེད། ཉེན་རྟོག་པ་ཡིན་མིན་ཡང་གསལ་ཁ་མེད་པའི་འོག་གང་བྱུང་ནང་དུ་འཛུལ་ནས་དྲག་སྤྱོད་བསྔོག་བཤེར་བྱས་པའི་བྱ་སྤྱོད་དེ་ནི་རྒྱ་གཞུང་རང་ཉིད་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་རྩིས་མེད་ཐོག སྤྱི་དམངས་ཀྱི་མི་ཚེ་རང་དབང་བརྡལ་བཤིག་དང་མི་གཞིར་བརྙས་བཅོས་བྱས་པ་ཞིག་ཆགས་ཡོད་དེ། རྒྱ་གཞུང་གི་ <<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས>> ཟེར་བའི་ནང་དུའང་། སྤྱི་དམངས་ཀྱི་མི་ཚེ་རང་དབང་བརྡལ་བཤིག་བཏང་སྟེ་ཁྲིམས་འགལ་གྱི་ཐོག་ནས་གཟུགས་པོར་བསྔོག་བཤེར་དང་། སྤྱི་དམངས་ཀྱི་མི་གཞིའི་བརྩི་མཐོང་བརྡལ་བཤིག་གཏོང་མི་ཆོག་པ་གསལ་བོར་བཀོད་ཡོད།(དོན་ཚན་ ༣༧ པ།) ད་དུང་རྒྱ་གཞུང་གི་ <<ཉེས་དོན་གཏུག་བཤེར་བཅའ་ཁྲིམས>> ལྟར་ན། ཉེན་རྟོག་པས་གང་ཟག་ཞིག་འཇུ་བཟུང་སྐབས་ངེས་པར་དུ་བཀག་ཉར་ཡི་གེ་སྤྲོད་དགོས་པ་མ་ཟད། ཆུ་ཚོད་ཉེར་ ༢༤ ནང་ཚུད་དུ་བཀག་ཉར་འོག་ཡོད་པའི་གང་ཟག་དེའི་ནང་མིར་བརྡ་ལན་སྤྲོད་དགོས།(དོན་ཚན་༨༣ པ།) ཡིན་ནའང་། རྩོམ་པ་པོ་ཞོགས་ལྗང་ལགས་འཇུ་བཟུང་བཀག་ཉར་བྱས་རྗེས་ཁོང་གི་ནང་མིར་དུས་ཐོག་བརྡ་ལན་སྤྲད་མེད་སྟབས། ཡུན་རིང་གར་སོང་ཆ་མེད་གྱི་གནས་སྟངས་འོག་ལྷག་དགོས་བྱུང་ཡོད་པ་རེད།

དེ་བཞིན། རྒྱ་གཞུང་གི་ <<ཉེས་ཁྲིམས་གཏུག་བཤེར་བཅའ་ཁྲིམས>> དོན་ཚན་ ༨༩ པ་ལྟར་ན། གང་ཟག་ཞིག་འཇུ་བཟུང་རྗེས་ལྟ་སྲུང་ཁང་དུ་བཀག་བསྐྱིལ་དུས་ཡུན་ཆེས་རིང་ཤོས་ཉིན་གྲངས་ ༣༧ ཡིན། དུས་བཅད་དེའི་ནང་མི་དམངས་ཞིབ་དཔྱོད་ཁང་ཟེར་བའི་ངོས་ནས་འཇུ་བཟུང་འོག་ཡོད་པའི་གང་ཟག་དེ་ཉིད་དངོས་སུ་འཛིན་བཟུང་དགོས་མིན་ཐག་གཅོད་ཀྱིས་དགོས་རིགས་ལ་འཛིན་བཟུང་ཡི་གེ་སྤྲོད་དགོས་ཀྱི་ཡོད། འོན་ཀྱང་། རྩོམ་པ་པོ་ཞོགས་ལྗང་ལགས་ཀྱི་ཞུ་གཏུག་ཡི་གེ་ལས་གསལ་བ་ལྟར་ན། རྩོམ་པ་པོ་ཁོང་ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༢༠ ཉིན་ལྟ་སྲུང་ཁང་དུ་བཀག་བསྐྱིལ་དང་། ཕྱི་ཟླ་ ༥ ཚེས་ ༥ ཉིན་དངོས་སུ་འཛིན་བཟུང་བྱས་པའི་དཔང་ཡིག་སྤྲད་འདུག ཁྱོན་བསྡོམས་ཁོང་ཉིན་གྲངས་ ༤༧ ལ་བཀག་བསྐྱིལ་བྱས་ཡོད་སྟབས། ཁྲིམས་མཐུན་བཀག་བསྐྱིལ་གྱི་དུས་བཅད་ལས་ཉིན་གྲངས་ ༡༠ ཕར་བརྒལ་ཡོད་པ་རེད།

གཞན་ཡང་། རྩོམ་པ་པོ་ཞོགས་ལྗང་ལགས་ཀྱི་ཞུ་གཏུག་ཡི་གེ་ནང་གསལ་འདོན་བྱས་པ་ལྟར་ན། རེབ་གོང་ས་གནས་ཁྲིམས་ཁང་གིས། ༡༽ ཆོས་ལུགས་དད་མོས་རང་དབང་སྐོར་གྱི་དྲ་རྩོམ། ༢༽གསུམ་པའི་བཅུ་དྲུག་ཉིན། ཉེན་རྟོག་པ་དང་དམག་མིས་ཁོང་གི་མགྲོན་ཁང་དུ་མེ་མདའ་བཙུགས་ནས་ཁོང་ལ་དྲག་བཤེར་བྱས་པའི་གནས་ཚུལ་བྲིས་རྩོམ། ༣༽ <<གནམ་ས་གོ་འབྱེད>> ཀྱི་ཚན་པ་ཐུང་ཐུང་ཞིག་དྲ་ཐོག་ན་འཁྱར་གྱིན་པ་བརྒྱུད་བསྐུར་བྱས་པ། ༤༽ ཀྲུང་གོའི་སྲིད་གཞུང་གིས་བོད་རང་བཙན་དང་མ་འབྲེལ་བའི་གནད་དོན་སྐོར་ལ་གོང་ས་མཆོག་དང་གྲོས་མོལ་བྱེད་རྒྱུ་ཡིན་ཞེས་པའི་གསར་འགྱུར་བརྒྱུད་བསྐུར། ༥༽རྒྱ་མི་ཉེན་རྟོག་པ་འགས་རྒྱ་མི་མང་ཚོགས་ལ་རྒྱ་སྲང་ནས་གཅར་རྡུར་བྱེད་ཀྱིན་པའི་ནང་ལོག་གི་བརྙན་ཐུང་ཞིག་དྲ་ཐོག་ན་འཁྱར་གྱིན་པ་བརྒྱུད་བསྐུར་བྱས་པ། ༦༽ སྐུ་ཞབས་ཝ་ལི་ཞུང་གི་ <<བྱ་གཏོར>> སོགས་དེབ་དྲུག་ཁ་པར་དུ་ཉར་བ་བཅས་དོན་ཚན་ཁག་དྲུག་གཙོ་བོར་བཟུང་སྟེ། ཁོང་ལ་ “རྒྱལ་ཁབ་ཁ་བྲལ་ལ་སྐུལ་སློང་བྱས་པའི” ནག་ཉེས་འཛུགས་ཡོད་པ་རེད།

ས་གནས་རྒྱ་གཞུང་ཁྲིམས་ཁང་གིས་ནག་ཉེས་སུ་བགྲང་པའི་གོང་གསལ་དོན་ཚན་དེ་དག་ཆ་ཚང་ནི། “རྒྱལ་ཁབ་ཁ་བྲལ་ལ་སྐུལ་སློང་བྱས་པའི” ནག་ཉེས་སུ་བགྲང་ཐབས་བྲལ་ཞིག་ཡིན་པ་མ་ཟད། ས་གནས་ཁྲིམས་ཁང་གིས་སྤྱི་དམངས་ཀྱི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཁག་བཙན་འཕྲོག་བྱས་པ་ཞིག་ཆགས་ཡོད། རྒྱ་གཞུང་རང་ཉིད་ཀྱི་ <<རྩ་ཁྲིམས་>> ནང་དུའང་། རྒྱལ་ཁབ་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་སྲུང་སྐྱོབ་བྱེད་དགོས་པ།(དོན་ཚན་ ༣༣ པ།) རྒྱ་ནག་གི་སྤྱི་དམངས་ལ་གཏམ་བརྗོད་དང་པར་བསྐྲུན། འདུ་འཛོམས། ཚོགས་འཛུགས། ཁྲོམ་སྐོར། རྔམ་སྟོན་བཅས་བྱེད་པའི་རང་དབང་དང་།(དོན་ཚན་ ༣༥ པ།) ཆོས་ལུགས་དད་མོས་རང་དབང་བཅས་ཡོད་པ་གསལ་བོར་འཁོད་ཡོད། (དོན་ཚན་ ༣༦ པ།)

shok02དེ་བཞིན། ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༡༦ ཉིན། ཉེན་རྟོག་པ་དང་དམག་མིས་རྩོམ་པ་པོ་ཁོང་གི་མགྲོན་ཁང་ནང་འཛུལ་ནས་མེ་མདའ་བཙུགས་ཏེ་དྲག་བཤེར་བྱས་པའི་གནས་ཚུལ་སྐོར་གྱི་བྲིས་རྩོམ་དེ་ནག་ཉེས་སུ་བགྲང་པ་དེ་ནི། རྒྱ་གཞུང་རང་ཉིད་ཀྱི་རྩ་ཁྲིམས་ནང་འཁོད་པའི་སྤྱི་དམངས་ཀྱི་ཐོབ་ཐང་རྡོག་རོལ་བཏང་བ་ཞིག་ཆགས་ཡོད། <<རྩ་ཁྲིམས>> དོན་ཚན་ ༤༡ ནང་ “ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་རྒྱལ་ཁབ་ཀྱི་སྡེ་ཁག་དང་ལས་བྱེད་མི་སྣ་གང་རུང་ལ་སྐྱོན་བརྗོད་དང་བསམ་ཚུལ་འདོན་པའི་ཐོབ་ཐང་ཡོད་པ་མ་ཟད། དེ་དག་གི་ཁྲིམས་འགལ་བྱ་སྤྱོད་རྣམས་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་ལ་རྒྱུ་མཚན་ཞུ་འབུལ་དང་ཁྲིམས་སྦྱོར། ཉེས་འདོན་གྱི་ཐོབ་ཐང་ཡོད།” ཅེས་གསལ་པོར་བཀོད་ཡོད། ལྷག་པར་དུ་རྒྱ་རིགས་རྩོམ་པ་པོ་སྐུ་ཞབས་ཝ་ལི་ཞུང་གི་ <<བྱ་གཏོར>> ཞེས་པའི་དེབ་བརྩམས་པ་ཁྲིམས་འགལ་མ་ཡིན་པར། བོད་རིགས་རྩོམ་པ་པོ་ཞོགས་ལྗང་ལགས་ཀྱིས་ <<བྱ་གཏོར>> ཞེས་པའི་དེབ་ཁ་པར་དུ་ཉར་བ་ནག་ཉེས་གྲས་སུ་བགྲང་ཡོད་པ་དེ་ནི། རྒྱ་གཞུང་གི་ <<རྩ་ཁྲིམས>> དོན་ཚན་ ༣༣ པར། “སྤྱི་དམངས་ཚང་མ་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན” ཞེས་འཁོད་པ་དེར་མཐའ་གཅིག་ཏུ་རྒྱབ་འགལ་ཐོག ཁྲིམས་ཀྱི་མདུན་སར་མི་རིགས་དབྱེ་འབྱེད་བྱས་པའི་ཁྲིམས་འགལ་བྱ་སྤྱོད་ཅིག་ཆགས་ཡོད།

མདོར་བསྡུས་ན། རྩོམ་པ་པོ་ཞོགས་ལྗང་ལགས་ཀྱི་ཞུ་གཏུག་ཡི་གེ་ནང་གསལ་པ་ལྟར། ས་གནས་རྒྱ་གཞུང་ཉེན་རྟོག་པ་དང་ཞིབ་དཔྱོད་མི་སྣ། ཁྲིམས་བཤེར་མི་སྣ་བཅས་ནས། རྩོམ་པ་པོ་ཁོང་ལ་བསྔོག་བཤེར་དང་འཇུ་བཟུང་བཀག་བསྐྱིལ། འཛིན་བཟུང་ཞིབ་བཤེར། ཁྲིམས་བཤེར་ཐག་གཅོད་བཅས་ཀྱི་བརྒྱུད་རིམ་ཁྲོད། རྒྱ་གཞུང་གི་ <<རྩ་ཁྲིམས>> དང་ <<ཉེས་དོན་བཅའ་ཁྲིམས།>> <<ཉེས་དོན་གཏུག་བཤེར་བཅའ་ཁྲིམས>> སོགས་ཀྱི་གཏན་འབེབ་གཞིར་བཟུང་། ཕྱི་གསལ་ནང་གསལ་དང་དྲང་བདེན། ཁྲིམས་མཐུན་གྱི་ཐོག་ནས་ཁྲིམས་བཤེར་ཐག་གཅོད་བྱུང་མེད་པར། ཁྲིམས་འགལ་དང་ཉེས་མེད་ཉེས་འགེལ་གྱིས་དྲང་བདེན་མ་ཡིན་པའི་ཐག་གཅོད་བྱས་ཡོད་པ་གསལ་པོ་མངོན་ཡོད། ལྷག་པར་དུ་རྒྱ་གཞུང་གི་ <<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་དོན་བཅའ་ཁྲིམས>> དོན་ཚན་ ༡༠༣ པའི་ཚན་པ་དང་པོ་ “རྒྱལ་ཁབ་ཁ་བྲལ” དང་། ཚན་པ་གཉིས་པ་ “རྒྱལ་ཁབ་ཁ་བྲལ་ལ་སྐུལ་སློང” གི་ནག་ཉེས་དེའི་ཚད་འཛིན་དང་ཁྱབ་ཁོངས་གསལ་ཁ་གང་ཡང་མེད་པ་རེད། དེ་བས་རྒྱ་གཞུང་གིས་གསལ་ཁ་མེད་པའི་ནག་ཉེས་དོན་ཚན་དེ་ལག་ཆར་སྤྱད་ནས། བོད་ནང་གི་རྩོམ་པ་པོ་དང་སྒྱུ་རྩལ་པ། རིག་གནས་དང་སྤྱི་ཚོགས་ཞབས་ཞུ་བ། ཁོར་ཡུག་སྲུང་སྐྱོབ་པ་སོགས་ལ་གང་བྱུང་ཉེས་འཛུགས་ཀྱིས་བཙོན་འཇུག་མནར་གཅོད་གཏོང་བཞིན་ཡོད། རྒྱ་གཞུང་གི་བྱ་སྤྱོད་དེ་རིགས་ནི་ཁྲིམས་ཐོག་ནས་མི་རིགས་དབྱེ་འབྱེད་དང་། བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་རྡོག་རོལ་བཏང་བ་ཞིག་ཆགས་ཡོད།

དེར་བརྟེན། འདི་ག་ལྟེ་གནས་ཁང་གི་ངོས་ནས། མཚོ་སྔོན་ཞིང་ཆེན་མི་དམངས་མཐོ་རིམ་ཁྲིམས་གིས་རྩོམ་པ་པོ་ཞོགས་ལྗང་ལགས་ཀྱི་ཞུ་གཏུག་དེར་དྲང་བདེན་ཁྲིམས་བཤེར་གནང་སྟེ། ས་གནས་ཁྲིམས་ཁང་གི་ཉེས་མེད་ཉེས་འཛུགས་ཀྱི་བྱ་སྤྱོད་དེ་རིགས་དག་ཐེར་དང་། རྩོམ་པ་པོ་ཁོང་གང་མགྱོགས་གློད་གྲོལ་ཡོང་བའི་འབོད་སྐུལ་དང་སྦྲགས། རྒྱ་གཞུང་གིས་བོད་མི་རྣམས་ལ་གང་བྱུང་ “རྒྱལ་ཁབ་ཁ་བྲལ་ལ་སྐུལ་སློང” གི་ཉེས་མིང་འཛུགས་བཞིན་པའི་བྱ་སྤྱོད་དེ་མཚམས་འཇོག་ཐོག བོད་མི་རྣམས་ལ་རྒྱ་རིགས་མི་དམངས་དང་གཅིག་མཚུངས་ཀྱི་ཁྲིམས་མཐུན་ཁེ་དབང་སྤྲོད་དགོས་པ་ནན་སྐུལ་བྱེད་བཞིན་ཡོད། དེ་བཞིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཙོས་རྒྱལ་སྤྱིའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གིས། རྒྱ་གཞུང་གིས་བོད་མི་རིགས་ཐོག་འཛིན་པའི་ཁྲིམས་འགལ་བཙོན་འཇུག་གི་བྱ་སྤྱོད་དང་། མི་སེར་སྤེལ་བའི་དྲག་གནོན་སྲིད་ཇུས་ཀྱི་ཐད་སྔར་བའི་དོ་སྣང་དང་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་བྱེད་བཞིན་ཡོད།

རྩོམ་པ་པོ་ཞོགས་ལྗང་ལགས་ཀྱི་དངོས་མིང་ལ་འབྲུག་དཀར་རྒྱལ་ལམ་འབྲུག་ལོ་ཟེར། རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱིས་མི་སེར་སྤེལ་བའི་ད་ལྟའི་རྒྱ་གཞུང་གི་ས་ཁོངས་དབྱེ་བགོས་ལྟར་བྱས་ན། རྒྱ་ནག་ཀན་སུའུ་ཞིང་ཆེན་ཁོངས་སུ་བཅད་བགོས་བྱས་ཡོད་པའི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་། རྒན་རྒྱ་ཞིང་ཁ་རྒྱ་སྡེ་བ་ནས་ཡིན་ཞིང་། ཁོང་གི་ཕ་ཚབ་ཀྱི་མིང་ལ་རྟ་མགྲིན་དང་མ་མིང་ལ་ལྷ་མོ་སྐྱིད་ཟེར། ཁོང་ ༡༩༨༦ ལོར་སྐྱེས་ཤིང་ད་ལྟ་རང་ལོ་ ༣༠ ཡིན་འདུག ཁོང་ནུབ་བྱང་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས། ཤེས་ཡོན་དང་འབྲེལ་བའི་རང་མོས་ཀྱི་ལས་ཀ་རེ་ཟུང་གཉེར་ཏེ་འཚོ་བ་སྐྱེལ་བཞིན་ཡོད་པ་དང་། ད་ལྟ་ཁོའི་ཁྱིམ་དུ་ཆུང་མ་དང་ལོ་ན་ ༤ ལ་སོན་མ་ཐག་པའི་བུ་ཆུང་གཉིས་ཡོད་པ་རེད། བུ་ཆུང་གི་མིང་ལ་རང་དབང་དགའ་བ་ཟེར།

ཞོགས་ལྗང་ལགས་ཀྱིས་ནུབ་བྱང་མི་རིགས་སློབ་ཆེན་དུ་སློབ་གཉེར་བྱེད་བཞིན་པའི་སྐབས་སུ། ༢༠༡༠ ཟླ་ ༤ ཚེས་ ༦ ཉིན། རྒྱ་ནག་གི་ཉེན་རྟོག་པས་ཁོང་དང་ཐེའུ་རང་གཉིས་སློབ་གྲྭའི་ནང་ནས་འཛིན་བཟུང་བཙན་འཁྲིད་བྱས་ཏེ། ཞོགས་ལྗང་ལགས་ཀན་སུའུ་ལན་དྲུག་གྲོང་ཁྱེར་གྱི་བདེ་འཇགས་ལས་ཁུངས་ནས་བཀག་ཉར་ཐོག དུས་ཡུན་ཟླ་གཅིག་དང་ཉིན་གཉིས་རིང་འདྲི་གཅོད་སྡུག་སྦྱོང་བཏང་མཐར། ལོ་དེའི་ཕྱི་ཟླ་ ༥ ཚེས་ ༨ ཉིན་ཕྱིར་གློད་གྲོལ་བཏང་ཡོད་པ་རེད། ཐེའུ་རང་ལགས་ཟི་ཁྲོན་ལ་འཁྲིད་དེ་ལོ་བཞི་ཡི་ཁྲིམས་ཐག་བཅད་དེ་ ༢༠༡༤ ཟླ་ ༣ ཚེས་ ༢༩ ཉིན་ཀློད་གྲོལ་བཏང་ཡོད། དེ་བཞིན། ཞོགས་ལྗང་ལགས་ནུབ་བྱང་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན་སྐབས། སྲིད་གཞུང་གིས་མཐར་ཕྱིན་རྒྱུགས་འགྲན་ནང་ཞུགས་བཅུག་མེད་པ་མ་ཟད། དུས་རྒྱུན་ཁོ་རང་གི་འགུལ་སྐྱོད་ལ་ལྟ་རྟོག་བྱེད་པ་དང་། ལས་ཀའི་ཐད་དུའང་དཀའ་རྙོག་མང་པོ་བཟོས་ཡོད་འདུག

ཞོགས་ལྗང་ལགས་ཀྱིས་དེ་སྔ་བོད་དོན་དང་འབྲེལ་བའི་རྩོམ་ཡིག་མང་པོ་སྤེལ་མྱོང་ཞིང་། རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཝང་ལི་ཞོན་དང་ཡུ་ཅེ་སོགས་ཀྱི་རྩོམ་ཡིག་མང་པོ་བོད་བསྒྱུར་གནང་བ་དང་། ཁོང་གིས་དེ་སྔ་ <<ལམ་གྱི་སྙིང་སྟོབས།>> ཞེས་པ་ཞིག་བྲིས་པ་དེ་རྒྱ་ནག་གིས་བཀག་སྡོམ་གཞུང་བཞེས་བཏང་ཡོད་པ་དང་། གཞན་ཡང་ཁོང་གིས་ <<རང་གྲོལ་སྙིང་སྟོབས།>> དང་ <<རང་དབང་གི་ཆེད་དུ། ང་ལ་བློ་འགྱོད་མེད།>> <<སྙུ་གུའི་སྟོབས།>> ཅེས་དཔེ་དེབ་ཁག་ཅིག་དཔར་འགྲེམས་ཞུས་ཡོད་པ་རེད།

 

(རྩོམ་པ་པོ་ཞོགས་ལྗང་ལགས་ཀྱིས་མཚོ་སྔོན་མི་དམངས་མཐོ་རིམ་ཁྲིམས་ཁང་ལ་ཞུ་གཏུག་བྱས་པའི་ཡི་གེ་ཆ་ཚང་གཤམ་གསལ། )

<<གོང་གཏུག་ཡི་གེ>>

མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་ལ།

ཁོ་བོའི་མིང་ལ་འབྲུག་དཀར་རྒྱལ་ལམ་འབྲུག་ལོ་ཟེར་ཞིང་། པིར་མིང་ལ་ཞོགས་ལྗང་ཟེར། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་བསང་ཆུ་རྫོང་རྒན་གྱ་ཡུལ་ཙོ་ཁ་གྱ་སྡེ་བའི་མི་ཡིན། ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༣ པའི་ཚེས་ ༡༩ ཉིན་རེབ་གོང་རྫོང་སྤྱི་བདེ་ལས་ཁུངས་ཀྱིས་འཛིན་བཟུང་བྱས་ཤིང་། ཚེས་ ༢༠ ཉིན་གནས་དེའི་ལྟ་སྲུང་ཁང་དུ་བཀག་ཉར་བྱས། ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༥ པའི་ཚེས་ ༥ ཉིན་དོངས་སུ་འཛིན་བཟུང་གསལ་བརྡ་བསྒྲགས་འབྱོར་བྱུང་། ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༧ ཚེས་ ༢༡ ཉིན་རྨ་ལྷོ་ཁུལ་མི་དམངས་ཁྲིམས་ཁང་ནས་ཁྲིམས་ར་ཚོགས་ཤིང་། ངས་རང་གི་བྱས་པ་ཁྲིམས་འགལ་མིན་པའི་དག་སེལ་བྱས་པ་བརྒྱུད། ཁྲིམས་ཁང་གིས་གྲོས་སྡུར་ཕྱིར་སྣུར་ཟླ་ངོ་བདུན་ལྷག་བྱས་རྗེས། ཕྱི་ལོ་ ༢༠༡༦ ལོའི་ཟླ་ ༢ པའི་ཚེས་ ༡༧ ཉིན་རྨ་ལྷོ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁྲིམས་ར་ཐེངས་གཉིས་པ་ཚོགས་ཏེ། དུས་བཀག་བཙོན་འཇུག་ལོ་གསུམ་དང་། ལོ་གཉིས་ལ་ཆབ་སྲིད་ཐོབ་ཐང་བླངས་པའི་ཐག་བཅད་ཁྱབ་བསྒྲགས་བྱས། ད་རེས་ཀྱི་ཁྲིམས་བཅད་མཇུག་འབྲས་འདིར་ཁོ་བོ་མི་སྒེར་ནས་ངོས་ལེན་ཡེ་ནས་མེད་པས། ཁྱེད་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་ཡི་གེ་འདི་བྲིས་ཏེ། རྒྱུ་འབྲས་དྲང་གཞག་འོང་བའི་རེ་བ་སྙིང་ལ་བཅངས་ཡོད།
རྨ་ལྷོ་ཁུལ་མི་དམངས་ཁྲིམས་ཁང་གིས་ངས་བྲིས་པའི་ནང་དོན་འདི་དག་གི་ཐད་ནས་ “རྒྱལ་ཁབ་ཁ་བྲལ་ལ་སྐུལ་སློང་བྱས་པའི” ཉེས་མིང་འདོགས་ཀྱིན་འདུག

༡༽ ཆོས་ལུགས་དད་མོས་རང་དབང་སྐོར་གྱི་དྲ་རྩོམ། ༢༽གསུམ་པའི་བཅུ་དྲུག་ཉིན། ཉེན་རྟོག་པ་དང་དམག་མིས་ངའི་མགྲོན་ཁང་དུ་མེ་མདའ་བཙུགས་ནས་ང་ལ་དྲག་བཤེར་བྱས་པའི་གནས་ཚུལ་བྲིས་རྩོམ། ༣༽ <<གནམ་ས་གོ་འབྱེད>> ཀྱི་ཚན་པ་ཐུང་ཐུང་ཞིག་དྲ་ཐོག་ན་འཁྱར་གྱིན་པ་བརྒྱུད་བསྐུར་བྱས་པ། ༤༽ ཀྲུང་གོའི་སྲིད་གཞུང་གིས་བོད་རང་བཙན་དང་མ་འབྲེལ་བའི་གནད་དོན་སྐོར་ལ་གོང་ས་མཆོག་དང་གྲོས་མོལ་བྱེད་རྒྱུ་ཡིན་ཞེས་པའི་གསར་འགྱུར་བརྒྱུད་བསྐུར། ༥༽རྒྱ་མི་ཉེན་རྟོག་པ་འགས་རྒྱ་མི་མང་ཚོགས་ལ་རྒྱ་སྲང་ནས་གཅར་རྡུར་བྱེད་ཀྱིན་པའི་ནང་ལོག་གི་བརྙན་ཐུང་ཞིག་དྲ་ཐོག་ན་འཁྱར་གྱིན་པ་བརྒྱུད་བསྐུར་བྱས་པ། ༦༽ སྐུ་ཞབས་ཝ་ལི་ཞུང་གི་ <<བྱ་གཏོར>> སོགས་དེབ་དྲུག་ཁ་པར་དུ་ཉར་བ་བཅས་གཙོར་བཟུང་འདུག

གནད་དོན་སྔ་མ་བཞིའི་ཐད་ནས་ཁོ་བོས་སྔོན་མར་དག་སེལ་སྒྲུབ་བྱེད་བཏང་ཟིན་མོད། ཐེངས་འདིའི་ཉེས་དོན་ཐག་གཅོད་ཡི་གེའི་སྟེང་དུ་ང་རང་གིས་རྩ་ཁྲིམས་སོགས་ལས་དྲངས་པའི་སྒྲུབ་བྱེད་དག་ལ་ཁུངས་ཕེར་ཅི་ཡང་མི་འདུག་ཅེས་ཐག་གཅོད་གཏན་འབེབས་བྱས་འདུག ཀྲུང་གོའི་ <<རྩ་ཁྲིམས>> སུ་གཏན་འབེབ་བྱས་པ་དག་ཀྱང་ཁུངས་ཕེར་གྱི་སྒྲུབ་བྱེད་མིན་ཚེ། འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་གཞི་འཛིན་ས་དེ་ཁོ་བོས་རྟོགས་དཀའ་མོད། རེ་བ་ཏིལ་ཙམ་གྱི་ཆེད་དུ། ངས་ཡང་བསྐྱར་རང་གི་བྱས་པ་ཁྲིམས་འགལ་མིན་པའི་སྒྲུབ་བྱེད་དང་བཅས། བསམ་ཚུལ་ལྷུག་བརྗོད་བྱེད་རྒྱུ་ཡིན་པས། ཁྱེད་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཐུགས་གཞིག་ཟབ་བཞེས་གནང་རོགས་ཞུ།

༡༽ ཆོས་ལུགས་དད་མོས་རང་དབང་ནི་ཀྲུང་གོའི་ <<རྩ་ཁྲིམས>> སུ་གཏན་འབེབས་བྱས་པའི་སྤྱི་དམངས་ཀྱི་ཐོབ་ཐང་གལ་ཆེན་ཞིག་རེད། ངས་རང་གི་བྲིས་རྩོམ་དུ་རྩ་ཁྲིམས་ཀྱིས་གཏན་འབེབ་བྱས་པའི་ཐོབ་ཐང་འདི་ཉིད་གཞིར་བྱས་ཏེ། སྐུ་འབུམ་གྱི་མེ་ཏོག་མཆོད་མཇལ་སྐབས་མཚོན་ཆ་ཐོགས་པའི་དམག་མང་གི་དམ་དྲག་ལ་རང་གི་ལྟ་ཚུལ་བརྗོད་པ་དང་། ཆོས་ལུགས་དད་མོས་རང་དབང་གི་རྒྱུན་ཤེས་འདི་ཉིད་རང་གི་ཀློག་མཁན་དག་ལ་ངོ་སྤྲོད་ཙམ་བྱས་པ་ཡིན། སྤྱི་དམངས་ཤིག་ཡིན་པའི་ཆ་ནས། ཁྲིམས་ཀྱི་ཐོབ་ཐང་ལྟར་སྤྱི་ཚོགས་ཀྱི་སྣང་ཚུལ་དཔྱད་བརྗོད་སྤེལ་རྒྱུ་ནི་སོ་སོའི་རང་དབང་གི་ཐོབ་ཐང་རེད་ལ། ཁྲིམས་ལུགས་ཀྱི་རྒྱུན་ཤེས་དག་གཞན་ལ་ངོ་སྤྲོད་བྱེད་པ་ནི་འོས་འགན་རེད། ངས་རྩ་ཁྲིམས་ལྟར་རང་གི་ཐོབ་ཐང་དང་འོས་འགན་ལག་ལེན་དོན་འཁྱོལ་བྱས་པ་ལས། ཁོ་ཚོས་བཤད་པའི་ཁ་བྲལ་སོགས་ནི་ཅི་ཡང་གླེང་མེད། ཡང་གཅིག་བཤད་ན། ངས་ཆབ་སྲིད་དང་ཆོས་ལུགས་ཀྱི་སྤྱིར་བཏང་འབྲེལ་བར་གཞིགས་ཏེ། ཆབ་སྲིད་ཀྱིས་ཆོས་ལུགས་སྒེར་གཅོད་བྱས་པའི་མཇུག་འབྲས་དང་ཆོས་ལུགས་ཀྱིས་དབང་ཆས་ཆབ་སྲིད་སྒེར་གཅོད་བྱས་པའི་མཇུག་འབྲས་ལ་རང་གི་བསམ་ཚུལ་བརྗོད་རྒྱུ་ཡིན་ཞེས་གསལ་བོར་བྲིས་ཡོད་ལ། སྔ་མ་ནི་ད་རེས་ཀྱི་རྩོམ་འདི་དང་། རྗེས་མ་ད་དུང་འབྲི་རྒྱུར་ལུས་ཡོད། གསལ་བོར་བཤད་ན། འདི་ནི་སྤྱིར་བཏང་དཔྱད་རྩོམ་ཐུང་ཐུང་ཞིག་ཡིན་པ་ལས། “རྒྱལ་ཁབ་ཁ་བྲལ” ཞེས་པའི་ཆབ་སྲིད་ཀྱི་ཞྭ་མོ་ཆེན་པོ་དེར་འབྲེལ་བ་ཅི་ཡང་མེད། རྨ་ལྷོ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ངའི་རྩོམ་ལས་ “་་་་འདི་ནི་བོད་མའི་ཆོས་ལུགས་དད་མོས་རང་དབང་ལ་རྡོག་བརྫིས་བཏང་བ་ཙམ་མ་ཡིན་པར། ཀྲུང་གོའི་སྤྱི་དམངས་ཡོངས་ཀྱི་ཆོས་ལུགས་དད་མོས་རང་དབང་ལ་རྡོག་བརྫིས་བཏང་པ་རེད” ཅེས་པའི་སྐད་ཆ་དུམ་བུ་ཞིག་དྲངས་ནས། ང་ལ་རྒྱལ་ཁབ་ཁ་བྲལ་གྱི་བསམ་ཚུལ་འདུག་པར་ཉེས་འདོགས་བྱས་འདུག བསམ་ཤེས་དག་གིས་བལྟས་ན་འདི་ནི་ཤིན་ཏུ་དགོད་བྲོ་བ་ཞིག་མ་རེད་དམ། ངས་འདིར་ཁ་བྲལ་ཞེས་པའི་ཟུར་ཙམ་ཡང་གླེང་མེད་པར་མ་ཟད། རྒྱ་བོད་གཉིས་ལ་དབྱེ་བ་མ་ཕྱེས་པར་གཞི་གཅིག་ཏུ་སྦྱར་ནས་གླེང་ཡོད་ན། ཁོ་ཚོས་བཤད་པའི་ཁ་བྲལ་ནི་གང་ཞིག་གང་ལས་འབྲལ་བར་བསྟན་པ་ཆ་མ་འཚལ། སྐབས་དེའི་དྲ་ཐོག་ཏུ་སྐུ་འབུམ་གྱི་མེ་ཏོག་མཆོད་པའི་གནས་ཚུལ་གྱིས་ཁྱབ་འདུག་པ་དང་། གནས་མཇལ་བ་མང་མང་གིས་སོ་སོའི་ལྟ་ཚུལ་དག་གཅིག་རྗེས་གཉིས་མཐུད་ཀྱིས་དྲ་བའི་གང་སར་སྤེལ་གྱིན་འདུག་པ་ནི་ཁྱོད་ཚོས་ཤེས་གསལ་ལྟར་རེད། ངས་གནས་ཚུལ་དེ་དག་ལ་བལྟས་རྗེས་གཞི་ནས་རང་གི་བསམ་ཚུལ་བྲིས་པ་ཡིན་ལ། བར་བཅུག་འདྲ་པར་དག་ནི་གཞན་གྱི་བར་སྟོང་ལས་བླངས་པ་ཤ་སྟག་ལས། རང་གིས་པར་དུ་བཏབ་པ་གཅིག་ཀྱང་མེད། ཁོ་བོ་བླ་བྲང་དུ་སྡོད་པའི་མི་ཞིག་གིས་རང་གི་པར་མིག་སྐུ་འབུམ་དུ་བསྐོར་མི་ཐུབ་པ་ཕལ་བའི་མི་སུས་ཀྱང་གསལ་རྟོགས་ཐུབ། ཡང་གཅིག་བཤད་ན། ངས་སྐབས་དེའི་གནས་ཚུལ་རྩོམ་དུ་བྲིས་ཏེ་རང་གི་ལྟ་ཚུལ་གསོང་བོར་བརྗོད་པ་ནི་ངའི་རྩོམ་འབྲི་རང་དབང་གི་ཐོབ་ཐང་རེད། ཐོབ་ཐང་འདི་ཉིད་རྩ་ཁྲིམས་སུ་གཏན་འབེབ་བྱས་ཏེ་འགན་སྲུང་ཁག་ཐེག་བྱས་ཡོད་པ་རེད། སྤྱིར་བཏང་གི་རིག་གནས་ཁྱབ་ཁོངས་ཀྱི་སྣང་ཚུལ་འདི་འདྲ་ཞིག་ཛ་དྲག་ཆེ་བའི་ཆབ་སྲིད་ཀྱི་སྣང་ཚུལ་དུ་གྱུར་ཏེ། རྒྱལ་ཁབ་ཁ་བྲལ་ལ་སྐུལ་སློང་བྱེད་པའི་གནས་ཚུལ་དུ་འགྱུར་ན། འདྲ་པར་སོགས་སྐུ་འབུམ་གྱི་གནས་བབ་དྲ་ཐོག་ཏུ་སྤེལ་མཁན་མི་རིགས་སོ་སོའི་ཕྱོགས་ཡོང་མགྲོན་མཇལ་པ་དེ་དག་ནི་ཐད་ཀར་ཁ་བྲལ་གྱི་སྦྱོར་བ་རྩོམ་མཁན་དུ་ཨེ་འགྱུར་རམ། འདི་ལྟར་རིགས་པས་དེད་ན་ཁ་བྲལ་པ་དང་ཁ་བྲལ་ལ་སྐུལ་སློང་བྱེད་མཁན་དུ་མི་འགྱུར་བའི་སྤྱི་དམངས་ཉུང་ཚོད་འདུག་པས། རྣམ་རྟོག་ཐལ་དྲགས་པའི་སྦྱོར་བ་འདིས་སྒེར་གཅོད་ཀྱི་རྒྱ་དམ་པོ་ཞིག་མི་བཟོའམ། འདི་ཉིད་ཀྲུའུ་ཞི་ཞིས་ཅིན་ཕིན་སོགས་ཀྱིས་གཏན་འབེབ་ལག་ལེན་བསྟར་གྱིན་པའི་ “རང་དབང་། དམངས་གཙོ། འདྲ་མཉམ། དྲང་གཞག ཁྲིམས་སྐྱོང་། ་་་་་” སོགས་སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་རིན་ཐང་ལྟ་ཚུལ་དང་རྒྱབ་འགལ་དུ་གྱུར་པ་མ་ཡིན་ནམ། བསམ་བཞིན་གོང་རིམ་གྱི་གཏན་འབེབ་ལ་གཏོར་བརླག་བཟོས་འདྲར་སྣང་བའི་གནས་ཚུལ་འདི་འདྲར་ཕྱོགས་བཞིའི་རྒྱལ་ཁབ་དག་གིས་མི་འཕྱའམ། མི་རབས་རྗེས་མ་དག་གིས་མི་ཁྲེལ་ལམ། ཁྱེད་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་བརྩད་ཞིབ་ཐུགས་གཞིག་གནང་རོགས།

༢༽ གསུམ་པའི་བཅུ་དྲུག་ཉིན་གྱི་དགོང་མོ་ང་རང་རེབ་གོང་མགྲོན་ཁང་དུ་ཡོད། མཚན་གུང་ལ་ཉེན་རྟོག་པའི་ལྭ་བ་གྱོན་མཁན་ཞིག་དང་དམག་ལྭ་གྱོན་མཁན་གཉིས་ཀྱིས་ལག་ཏུ་མེ་མདའ་ཐོགས་ཏེ་ནང་དུ་མཇུལ་འོང་ནས་ཞིབ་བཤེར་བྱེད་དགོས་ཟེར། ངས་ཁོ་ཚོར་དཔང་ཡིག་སྟོན་པའི་རེ་བ་ཞུས་པར། ཁོ་ཚོས་མེ་མདའ་ངའི་སྟེང་དུ་བཙུགས་ཏེ་སྐད་གསེང་མཐོན་པོས་རྫིག་རྫིག་བྱེད། མེ་མདའི་མདེལ་ཁུང་རང་ལ་གཏད་པའི་འཇིགས་སྐྲག་དེ་འདྲ་ནི་ངས་ཐོག་དང་པོར་མྱངས་པ་ཡིན། སྨྲ་བསམ་བརྗོད་ལས་འདས་པའི་འཇིགས་སྣང་དེ་ལ་བརྟེན་ནས་ངས་རེབ་གོང་གི་བདེ་འཇགས་ལ་འཁང་ར་བྱས་པ་ཡིན། ཉེན་རྟོག་པ་དང་ནག་ཚོགས་གང་ཡིན་མི་ཤེས་པའི་གནས་ཚུལ་གྱི་འོག་ནས་ངས་ཡི་གེ་དེ་བྲིས་ནས་བདེ་སྲུང་མི་སྣ་དང་སྤྱི་ཚོགས་ཀྱི་སྲུང་སྐྱོབ་ཐོབ་པར་རེ་བ་བྱས་ཡིན། གལ་ཏེ། མཚན་མོ་དེར་ང་ལ་དྲག་བཤེར་བྱེད་མཁན་ཉེན་རྟོག་པ་དང་དམག་མི་ངོ་མ་ཡིན་ཚེ། ཁྲིམས་ལུགས་ལྟར་ནས་དཔང་ཡིག་མེད་པར་གཞན་ལ་བསྔོག་བཤེར་བྱེད་པ་ཁྲིམས་འགལ་རེད་པས། གནོད་ཐེབས་མི་སྣ་ང་རེད་ལ། ཁྲིམས་ཁང་གི་འགེབ་སྲུང་བྱ་ཡུལ་ང་རེད། གལ་ཏེ། དེ་དག་ནག་ཚོགས་ཡིན་ཚེ། ལྷག་ཏུ་གནོད་ཐེབས་མི་སྣ་ང་རེད་ལ། ཁྲིམས་ཁང་གི་སྲུང་བྱ་ང་རེད། ཡིན་ནའང་། བསམ་ཡུལ་ལས་འདས་པ་ཞིག་ལ། ཁྲིམས་ཁང་གིས་ང་ལ་ཁ་བྲལ་ལ་སྐུལ་སློང་བྱེད་མཁན་ཞེས་པའི་ཉེས་མིང་ཞིག་བཏགས་པར་མ་ཟད། “上述内容将我军例行检查歪曲成制造民众恐慌的原因,存在较强的捏造,煽动性质。” ཞེས་ངས་རྫུན་བཟོ་བྱས་པར་བསྙད་བཏགས་འདུག རྫུན་བཟོ་ཡིན་མིན་ཁྱོད་ཚོས་ཉིན་དེའི་བརྙན་མིག་ལ་བསྐྱར་ཞིབ་བྱོས་དང་གསལ་པོ་རེད། སྐུལ་སློང་གི་རང་བཞིན་ཟེར་བ་ནི་ཧ་མི་གོ་བའི་གསང་བ་ཞིག་རེད། ཁ་བྲལ་ལ་སྐུལ་སློང་རེད་ཟེར་ན། ངས་ཁ་བྲལ་གྱི་ཚིག་ཟུར་ཙམ་ཡང་བྲིས་མེད་པར་མ་ཟད། སྐུལ་སློང་ནི་དེ་བས་ཀྱང་ངོ་། ངས་རང་ལ་གནོད་འཚེ་ཐེབས་པའི་གནས་ཚུལ་ཞིག་བྲིས་པས་ཀྱང་གཏད་སོ་མེད་པའི་ཉེས་མིང་ཞིག་ཏུ་འགྱུར་ན། ངས་གནས་ཚུལ་དེ་ལ་བརྟེན་ནས་ཁྲིམས་ཁང་ལ་གཏུག་ཡིག་ཅིག་བྲིས་ཚེ། ང་རང་ཐད་ཀར་ཁ་བྲལ་བྱེད་མཁན་དུ་མི་འགྱུར་གྲང་། བསམས་ཤིང་བསམ་ན་ཤ་འདར་རྒྱག་པའི་ཁྲིམས་ཆད་འདིས་ང་རང་ཅི་བྱལ་གཏོལ་བྲལ་དུ་བཏང་བས། ཁྱེད་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ང་ལ་དྲང་གཞག་གི་གནས་ལུགས་ཤིག་རྩོད་རོགས།

༣༽ <<གནམ་ས་གོ་འབྱེད>> ཀྱི་ཚན་པ་ཐུང་ཐུང་དེ་ནི་གཞན་གྱིས་ངོ་བཤུགས་བརྒྱབ་ཏེ་དྲ་ཐོག་ཏུ་བཞག་པ་ཞིག་རེད། ངས་དེ་བརྒྱུད་བསྐུར་བྱེད་སྐབས་ “འདི་ལ་ཡང་ཡང་བལྟས་ཏེ་ཡང་ཡང་སོམས” ཞེས་བྲིས་ཡོད། རྒྱུ་མཚན་ནི། ངས་རང་བསྐྱར་མི་ཤི་ཁྲག་བཞུར་གྱི་སྐྱོ་གར་དེ་འདྲ་མཐོང་མི་འདོད། ངས་ནམ་ཡང་གཞན་གྱི་ཁྲག་དྲོན་ལ་བརྟེན་ནས་རང་གི་བདེ་སྐྱིད་བསྐྲུན་པར་ངོ་རྒོལ་བྱེད་ཀྱི་ཡོད། ཀྲུང་གོ་ནི་མི་རིགས་ང་དྲུག་གིས་གྲུབ་པའི་རྒྱལ་ཁབ་ཆེན་པོ་ཞིག་རེད། བོད་རིགས་ནི་དེའི་ཁྲོད་ཀྱི་མི་རིགས་ཆེ་ཤོས་ཤིག་རེད། ང་རང་ཀྲུང་གོའི་སྤྱི་དམངས་ཤིག་ཡིན་པ་དང་། ལྷག་པར་བོད་རིགས་ཤེས་ཡོན་པ་ཞིག་ཡིན་པའི་ངོས་ནས། ངས་རང་གི་སྤུན་ཟླ་དག་གི་རླབས་ཆེ་བའི་ཚེ་སྲོག་ལ་འགན་འཁུར་དགོས། གལ་ཏེ། བྱེད་སྟངས་འདིས་རྒྱལ་ཁབ་ཁ་བྲལ་ལ་སྐུལ་སློང་བྱས་པ་རེད་ཟེར་ན། དེ་ལས་དགོད་བྲོ་བ་ཞིག་མི་འདུག་མོད། ངས་ཉེས་ཆད་འདི་དགའ་བཞིན་སྤྲོ་བཞིན་དང་ལེན་བྱེད་རྒྱུ་ཡིན་ཏེ། ང་རང་ནམ་ཡང་རང་གི་སྤུན་ཟླའི་ཚེ་སྲོག་ལ་ཡང་ཁ་ཡ་མི་བྱེད་པའི་མི་ཞིག་བྱེད་མི་འདོད། ཐ་ན་རྒྱ་རིགས་སྤུན་ཟླ་དག་གི་ཆེད་དུ་ཡང་ངས་འདི་ལྟར་བསྒྲུབ་ཤ་སྟག་ཡིན།

༤༽ ཀྲུང་གོ་སྲིད་གཞུང་དང་གོང་ས་མཆོག་དབར་དུ་གྲོས་མོལ་བྱེད་རྒྱུ་ཡིན་པའི་གསར་འགྱུར་དེ་ནི་ནང་ཁུལ་ནས་བཏང་བ་ཞིག ངས་ཀྱང་གྲོགས་པོ་ཞིག་གི་བར་སྟོང་ལས་བརྒྱུད་བསྐུར་བྱས་པ་ཡིན། ནང་ཁུལ་ནས་བཏང་བའི་གསར་འགྱུར་ཞིག་བརྒྱུད་བསྐུར་བྱས་པས་ཀྱང་ཁྲིམས་དང་འགལ་འགྲོ་བ་ཨ་མཚར། གྲོས་མོལ་དེ་འདྲ་སྔོན་ཆད་ཀྱང་བྱས་མོང་སྟེ། ལོ་འགའི་ཡར་སྔོན་དུ་བོད་གཞུང་ནས་བཏང་བའི་ངོ་ཚབ་པ་ཀྲུང་གོ་ནང་ཁུལ་དུ་འོང་ནས་ཕན་ཚུན་གྲོས་མོལ་བྱས་པས། འདི་ཉིད་རྒྱལ་ཁབ་ཀྱི་གསང་བ་སོགས་དང་འབྲེལ་བ་ཅི་ཡང་མེད་པ་རྨ་ལྷོ་ཁུལ་མི་དམངས་ཁྲིམས་ཁང་གིས་ཧ་གོ་མེད་པ་འདྲ། དེ་མིན་ན། ཐག་གཅོད་འདི་འདྲ་འོང་བའི་དཔེ་མེད། བརྒྱ་ལ། རྨ་ལྷོ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་བྱེད་སྟངས་ལྟར་ཐག་གཅོད་བྱས་ཚེ། ཁོ་བོ་ཙམ་མ་ཟད། ཀྲུང་གོ་སྲིད་གཞུང་གིས་ཀྱང་ཚབས་ཆེའི་བྱས་ཉེས་བསགས་འདུག་ལ། ནང་ཁུལ་གྱི་གསར་ལམ་དག་ཀྱང་སྒོ་གཏན་དགོས་པའི་ཚད་དུ་འདུག་པས་ཁྱེད་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཐུགས་བསམ་བཞེས་རོགས།

༥༽ བརྙན་ཐུང་དེ་ནི་ནང་ལོགས་ཀྱི་ས་ཆ་ག་གེ་མོ་ནས་བྱུང་བའི་དངོས་ཚུལ་རེད། བརྒྱུད་བསྐུར་གྱི་གྲངས་ཚད་ཧ་ཅང་མཐོ། ངས་ཀྱང་རྒྱ་རིགས་གྲོགས་པོ་ཞིག་གི་པོད་ཕྲན་ལས་བརྒྱུད་བསྐུར་བྱས་པ་ཡིན། གཅར་རྡུང་མྱོང་མཁན་རྒྱ་རིགས་མང་ཚོགས་དེའི་སྡུག་བསྔལ་ལ་གདུང་སེམས་བཅངས་པ་ཡིན། གོང་ནས་བཤད་པ་བཞིན། ངས་ “རྒྱ་རིགས་སྤུན་ཟླའི་ཆེད་དུ་ཡང་འདི་ལྟར་བསྒྲུབས་པ་ཤ་སྟག་ཡིན།” འདི་རྒྱལ་ཁབ་ཁ་བྲལ་ཞེས་པར་འབྲེལ་བ་སྤུ་ཙམ་མེད། ཁྲིམས་འགལ་གྱི་ཆ་ཡང་གང་དུ་འཚོལ། རྨ་ལྷོ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་བརྙན་ཐུང་འདི་ཉིད་ཀྱི་ནང་དོན་ཙམ་ལ་ཡང་བརྩད་རྒྱུས་མེད་པར། བོད་དོན་དུ་བཏགས་ནས་ངའི་མགོ་བོ་ཆུང་ཆུང་འདིར་ཁ་བྲལ་ལ་སྐུལ་སློང་ཞེས་པའི་ཉེས་མིང་ལྗིད་ཏིག་ཏིག་ཅིག་བཀལ་བས་ཁོ་བོས་ཐེག་པར་དཀའ་ན། ཁྱེད་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་དཀར་འདོན་བྱེད་པར་རེ་ཞིང་སྒུག་ཡོད།

༦༽ སྐུ་ཞབས་ཝང་ལི་ཞུང་གི་ <<བྱ་གཏོར>> སོགས་དེབ་འགའ་ལ་ངས་བལྟས་མྱོང་བ་བདེན། ཡིན་ནའང་། ངས་དེབ་དེ་དག་ལས་ཚིག་གཅིག་ཀྱང་ལུངས་འདྲེན་བྱས་མ་མྱོང་ལ། གཞན་ལ་བརྒྱུད་བསྐུར་ནི་དེ་བས་ཀྱང་ག་ལའོ། ། <<བྱ་གཏོར>> ནི་དེ་འདྲའི་བཀླགས་ཀྱང་མི་རུང་བའི་དེབ་ཅིག་ཡིན་ན། རྩོམ་མཁན་ལ་ཁྲིམས་ལུགས་ཀྱི་དཀྱེལ་ཡངས་ཐོབ་འདུག་པ་ཤིན་ཏུ་ལེགས་སོང་། ངས་དེ་ལྟ་བུའི་ཁྲིམས་ལུགས་ལ་བླ་ནས་གུས། རྩོམ་མཁན་ཁོང་ལྟ་བུ་ལ་རྒྱལ་ཁབ་དང་མི་རིགས་གང་ཡིན་རུང་གཅེས་སུ་འོས། དེ་ལྟ་མོད་ཀྱང་། རྩོམ་མཁན་ལ་དཀྱེལ་ཡངས་བྱས་ཏེ་ཀློག་མཁན་ལ་ཉེས་ཆད་གཅོད་པ་འདི་ཁྲིམས་ལུགས་ཀྱི་དོན་ཚན་གང་ཏུ་གཏོགས་པ་ཁོ་བོས་ཏན་ཏན་མི་ཤེས་ལགས། ཁོ་བོ་ཁྲིམས་རྒྱུས་ཞན་དྲགས་པས་ཡིན་ན་བཟོད་གསོལ་ཞུ། གལ་ཏེ་མིན་ན། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས” ཀྱི་བྱེད་ཕྱོགས་འདི་འདྲ་ཁྱེད་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་གསལ་ཁ་ཡག་པོ་འབྱེད་རོགས།

ད་དུང་ཞུ་དགོས་པ་འདི་འདྲ་ཡང་ཡོད་དེ། གྲོགས་པོ་འགས་ངའི་པོད་ཕྲན་བར་སྟོང་ལས་གོང་གི་ཟིན་ཐུང་གསུམ་མཐོང་མྱོང་ཞེས་པའི་སྐད་ཆའང་ཁྲིམས་འགལ་ཡིན་པའི་བདེན་དཔང་ཡང་དག་གི་གྲས་སུ་བཅུག་འདུག དེ་དག་གིས་མཐོང་མྱོང་བ་ཙམ་གྱིས་ཁྲིམས་འགལ་དུ་འགྲོ་ན། ངས་བྲིས་པ་ཐམས་ཅད་མ་ཟད། བྱ་བྱེའུ་འབའ་འབུ་ཚུན་ཆད་ཀྱང་ཁྲིམས་འགལ་ཏུ་ཨེ་མི་འགྲོ། འདི་ལྟའི་མིས་འཕྱ་ཁྱིམས་འགོམ་གྱི་བདེན་དཔང་དུ་པ་དག་ལ་བློ་ལྡན་སུ་ཞིག་དང་ལེན་བྱེད། ཡང་ཧ་མི་གོ་བ་ཞིག་ལ། ཁོ་ཚོས་ངའི་ཁ་པར་ཀུ་ཤུ་ 5s ཞིག་ཀྱང་གཞུང་བཞེས་བྱས་སོང་། དེའི་རྒྱུ་མཚན་ནི། ཟིན་ཐོ་དེ་དག་ཁ་པར་བརྒྱུད་ནས་བསྔོགས་པས་ཡིན་འདུག གལ་ཏེ། ངའི་ཟིན་རྩོམ་དེ་དག་ཁྱིམ་གྱི་གནས་ག་གེ་མོ་ཞིག་ནས་རྙེད་པ་ཡིན་ཚེ། ངའི་ཁང་ཁྱིམ་ཅ་ལག་དང་བཅས་པ་ཡང་གཞུང་བཞེས་བྱེད་རྒྱུ་ཨེ་ཡིན། ཁོ་ཚོར་ཁ་རྒན་ལ་ཟ་ལོབས་དང་ལག་རྒན་ལ་ལེན་ལོབས་ཡོད་ཀྱང་། ང་ལ་ “སྦྱིན་པ” གཏོང་བྱེད་འབེལ་བོ་མེད་པས། ཁྱེད་ཞིང་ཆེན་ཁྲིམས་ཁང་གིས་དབུལ་བོའི་རྩམ་ཁུག་ལ་འགོང་བོའི་རླུང་བ་མི་རྒྱག་པར་མཁྱེན་མཁྱེན།

མཐར། ཁོ་བོ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཤིག་ཡིན་པས། རང་གི་བསམ་ཚུལ་གསོང་བོར་བཤད་པའི་སྨྲ་བརྗོད་རང་དབང་གི་ཐོབ་ཐང་དང་། རང་གི་དྲན་ཚུལ་རྩོམ་དུ་འགོད་པའི་རྩོམ་འབྲི་རང་དབང་གི་ཐོབ་ཐང་ <<རྩ་ཁྲིམས>> སུ་གཏན་འབེབ་ཁག་ཐེག་བྱས་ཡོད་ཀྱང་། ཁོ་བོར་ཁྲིམས་ལུགས་ཀྱི་མྱོང་རྒྱུས་ཞན་པས། བཤད་ཉེས་འབྲི་ཉེས་སུ་སོང་ན་མཐོལ་ལོ་བཤགས། ལྷག་ཏུ། ཡུམ་ཆེན་དང་མིང་སྲིང་དག་གིས་མིག་མཐའི་མཆི་མ་མ་སྐམ་པར་ཁོ་བོར་བལྟས་ཡོད་ལ། ཆུང་མ་དང་བུ་ཆུང་གིས་དུས་ཚོད་སྐད་ཆ་མ་སོང་བར་ཁོ་བོར་སྒུག་ཡོད་པས། ཁྱེད་མཐོ་རིམ་ཁྲིམས་ཁང་གིས་གང་མགྱོགས་ཅི་མྱུར་གྱིས་ཐག་གཅོད་ཡག་པོ་འོང་བར་རེ་ཞིང་སྒུག་ཡོད།

ཞེས་འབྲུག་ལོའམ་ཞོགས་ལྗང་དུ་འབོད་པས་གུས་ཕུལ།
ཕྱི་ལོ་ ༢༠༡༦ ལོའི་ཟླ་ ༢ པའི་ཚེས་ ༢༤ ཉིན།