འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དུ་ན་ནིང་ཕྱི་ཟླ་བཅུ་གཉིས་ཀྱི་ནང་ཁམས་བྲག་མགོ་ནས་ཡིན་པའི་བོད་ནང་གི་རྩོམ་པ་པོ་སྒོ་ཡོན་སོགས་འཇུ་བཟུང་བྱས་ཏེ་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བའི་སྐོར་གྱི་ཁུངས་ལྡན་གྱི་གནས་ཚུལ་འབྱོར་རྗེས་ཡུན་རིང་ཁོང་གི་གནས་བབ་ཐད་རྒྱུས་ལོན་མི་ཐུབ་པར་གྱུར་སོང་། འདི་ལོ་ཕྱི་ཟླ་བརྒྱུད་པའི་ནང་དུ་ཁོང་ཉིད་གློད་གྲོལ་ཐོབ་ཡོད་ཚུལ་གྱི་གནས་ཚུལ་ཞིག་འབྱོར་ཡང་བདེན་མིན་རྩད་གཅོད་མཐིལ་ཕྱིན་མ་ཐུབ་པར་ལུས།
ཉེ་ལམ་ཕྱི་ཟླ་ ༡༡ པའི་ཚེས་ ༣༠ ཉིན་སྒོ་ཡོན་གྱི་སྐད་འཕྲིན་རྒྱབ་ངོས་སུ་“ལོ་ངོ་གཉིས་ལྷག་ལ་དྲྭ་ལམ་དང་བྲལ་ཏེ། ད་ལྟ་ལེགས་སྐྱེས་ཆུང་ཆུང་འདི་འདྲ་ཞིག་འཁྱེར་ནས་ཐོན་ཡོད་”ཅེས་ཁོང་ཉིད་ཀྱིས་གསར་དུ་བསྒྱུར་བའི་ “སྐྱེས་ཐོབ་ཀྱི་གསོ་བྱེད་ Healing Without Medicine” ཞེས་པའི་འཚོ་བཅུད་རིག་པའི་འགྱུར་དེབ་ཅིག་གསར་དུ་ཐོན་ཡོད་པ་གསལ་བསྒྲགས་བྱས་འདུག་པས་ཁོང་ཉིད་གློད་གྲོལ་ཐོབ་ཟིན་པ་དངོས་བདེན་ཡིན་ཚོད་འདུག སྤྱིར་ཁོང་གིས་སྐད་འཕྲིན་རྒྱབ་ངོས་སུ་གནས་ཚུལ་སྤེལ་བ་ཅུང་མང་ན་ཡང་ཕྱི་ལོ་ ༢༠༢༠ ལོའི་ཕྱི་ཟླ་ ༨ ནས་ཉེ་ལམ་བར་དུ་གནས་ཚུལ་གཅིག་ཀྱང་སྤེལ་མི་འདུག
སྒོ་ཡོན་ལགས་སྔོན་ཕྱི་ལོ་༢༠༡༠ ལོའི་ཟླ་ ༦ པའི་ཚེས་ ༥ ཉིན་ཁྲེན་ཏུ་གྲོང་ཁྱེར་གྱི་སྲང་ལམ་ཞིག་ནས་ཁོང་གི་གྲོགས་པོ་གཉིས་དང་ལྷན་དུ་རྒྱ་ནག་གི་ཉེན་རྟོག་པས་རྒྱུ་མཚན་ཅི་ཡིན་འདི་ཡིན་མེད་པར་བཙན་ཁྲིད་བྱས་ཏེ་མཚན་གཅིག་ཧྲིལ་པོར་བཀག་ཉར་བྱས་ནས་རྡུང་རྡེག་མནར་གཅོད་ཚད་ལས་བརྒལ་བ་བཏང་ནས་རྨས་སྐྱོན་ཚབས་ཆེན་འཕོག་པ་སོགས་གནས་ཚུལ་གྱི་བརྒྱུད་རིམ་ཞིབ་ཚགས་ཁོང་གི་རྩོམ་ཡིག་“བཙོན་ཁང་གི་མནར་གཅོད་” ཅེས་པའི་ནང་དུ་གསལ་འདུག
ན་ནིང་ཁོང་ཉིད་འཇུ་བཟུང་བཙན་ཁྲིད་བྱས་ཟིན་པའི་གནས་ཚུལ་ཤེས་རྟོགས་བྱུང་མཚམས་སུ་འདི་ག་ལྟེ་གནས་ཁང་གི་ངོས་ནས་ཁོང་དང་ན་གཞནོན་ཤེས་ཡོན་པ་ས་བུ་ཆེ། སྙན་ངག་པ་རོང་བོ་དགེ་འདུན་ལྷུན་འགྲུབ་དང་རོང་བོ་གངས་དཀར་སོགས་ཀྱི་གནས་བབ་ཐད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཆེད་མཁས་ཚན་ཁག་ལ་སྙན་གསེང་ཞུས་ཀྱང་རྒྱ་གཞུང་གིས་ས་བུ་ཆེ་དང་རོང་བོ་དགེ་འདུན་ལྷུན་འགྲུབ་གཉིས་འཇུ་བཟུང་བྱས་ཟིན་པ་ངོས་ལེན་བྱས་པ་མ་གཏོགས་སྒོ་ཡོན་གྱི་སྐོར་ལ་གསལ་བཤད་གང་ཡང་བྱས་མ་སོང་། ཉེ་ལམ་ཁོང་ཉིད་གློད་གྲོལ་ཐོབ་ཟིན་ཡོད་ན་ཡང་དེ་མིན་བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་རྩོམ་པ་པོ་ཁག་ཅིག་ལ་བཙོན་འཇུག་ཁྲིམས་ཆད་ཤིན་ཏུ་ལྕི་མོ་བཏང་འདུག
འདི་ག་ལྟེ་གནས་ཁང་གིས་ཁུངས་ལྡན་གྱི་གནས་ཚུལ་ཡོང་ཁུངས་གཉིས་བརྒྱུད་དེ་ཤེས་རྟོགས་བྱུང་བ་ལྟར་ན་ཉེ་ལམ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་ཤེས་ལྡན་པ་བོད་མི་དྲུག་ཙམ་ལ་“རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་”བྱས་པ་དང་“རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་”བཟོས་པ་སོགས་ཀྱི་ཉེས་མིང་འོག་ཁྲིམས་ཆད་ལྕི་མོ་བཏང་འདུག ཐེངས་འདིར་ཁྲིམས་ཆད་ནན་པོ་ཕོག་མཁན་ཚང་མ་ཆབ་སྲིད་བཙོན་ཟུར་ཤ་སྟག་ཡིན་པ་མ་ཟད་སྤྱི་ཚོགས་ཁྲོད་དུ་ཤུགས་རྐྱེན་གང་འཚམ་ཡོད་པའི་ཤེས་ལྡན་མི་སྣ་ཤ་སྟག་རེད་འདུག དེ་དག་ལས་གངས་སྐྱེས་སྒྲུབ་པ་སྐྱབས་ལ་ལོ་ ༡༤ ཡི་དུས་བཀག་བཙོན་འཇུག་དང་བསམ་འགྲུབ་དང་གངས་ཚེ་རིང་སྒྲོལ་མ་ལ་ལོ་ ༨ གངས་བུ་གཡུ་བྷྲུཾ་ལ་ལོ་ ༧ སྲས་རྣམ་ལ་ལོ་ ༦ བྲག་མགོ་ནས་ཡིན་པའི་པདྨ་རིན་ཆེན་ལ་ལོ་ ༤ བཅས་ཀྱི་ཁྲིམས་ཆད་བཏང་འདུག
གངས་སྐྱེས་སྒྲུབ་པ་སྐྱབས་ལ་ལོ་ ༡༤ ཡི་ཁྲིམས་ཆད།
ད་ལོ་རང་ལོ་ ༤༣ ཡིན་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་ནི་ན་ནིང་ཕྱི་ལོ་ ༢༠༢༡ ལོའི་ཟླ་༣ པའི་ཚེས་ ༢༣ ཉིན་འཇུ་བཟུང་བྱས་ཏེ་ལོ་གཅིག་དང་ཕྱེད་ཀ་ཙམ་ལ་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བའི་གནས་བབ་ཏུ་ལྷུང་རྗེས་ཉེ་ལམ་ལོ་ ༡༤ ཡི་དུས་བཀག་བཙོན་འཇུག་གི་ཁྲིམས་ཆད་བཏང་འདུག
ཁོང་ལ་སྔོན་ཆད་ཀྱང་རྒྱ་གཞུང་གིས་འཇུ་བཟུང་བཙོན་འཇུག་ཐེངས་གཉིས་ཙམ་བྱས་མྱོང་། ཕྱི་ལོ་ ༢༠༡༢ ལོའི་ཕྱི་ཟླ་ ༢ ཚེས་ ༡༥ ཉིན་ཉག་ཆུ་རྫོང་ཉེན་རྟོག་པས་ཁོང་ཉིད་“དམར་རྒོལ་ཚོགས་པ་”ཞེས་པའི་ཚོགས་མི་ཡིན་པར་བཤད་དེ་འཇུ་བཟུང་བྱས་ཤིང་ཡུན་རིང་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་རྗེས་ཕྱི་ལོ་ ༢༠༡༣ ལོའི་ཕྱི་ཟླ་ ༨ ཚེས་ ༡ ཉིན་ཉག་ཆུ་རྫོང་མི་དམངས་ཁྲིམས་ཁང་གིས་ལོ་ ༥ དང་ཟླ་ ༦ གི་དུས་བཀག་བཙོན་འཇུག་གི་ཁྲིམས་ཆད་བཏང་།
ཕྱི་ལོ་ ༢༠༡༦ ལོའི་ཟླ་ ༩ པའི་ཚེས་ ༡༦ ཉིན་བཙོན་འཇུག་གི་དུས་ཡུན་ཅུང་མ་ཟིན་ཙམ་ལ་གློད་གྲོལ་བཏང་ཡང་། གློད་གྲོལ་སྐབས་སུ་ནང་མི་ཉེ་འབྲེལ་སོགས་ཀྱིས་བསུ་བ་རྒྱ་ཆེར་བྱས་ཤིང་ཁོང་གིས་༧གོང་ས་མཆོག་གི་སྐུ་པར་མགོ་ཐོག་ཏུ་བཞག་པའི་འདྲ་པར་ཞིག་དྲྭ་ལམ་དུ་ཁྱབ་པར་བརྟེན་ཉིན་གཅིག་གི་རྗེས་སུ་ཡང་བསྐྱར་འཇུ་བཟུང་བྱས་ཏེ་ཉིན་གྲངས་ ༡༧ གྱི་རིང་ལ་ཉག་ཆུ་རྫོང་གི་སློབ་གསོ་བསྒྱུར་བཀོད་ཁང་ཞིག་ཏུ་བཀག་ཉར་བྱས།
གངས་སྐྱེས་སྒྲུབ་པ་སྐྱབས་ནི་གསེར་རྟའི་རགས་བཀྲམ་ཡུལ་ཚོའི་གེ་འཕེན་སྡེ་པ་ནས་ཡིན་པ་དང་། རགས་བཀྲམ་ཡུལ་ཚོའི་སློབ་ཆུང་དང་གསེར་རྟ་རྫོང་སློབ་འབྲིང་བཅས་རིམ་པར་བརྒྱུད་མཐར། དར་མདོ་སློབ་ཆེན་ནས་སློབ་ཐོན་བྱུང་རྗེས། བརྡར་ཚང་དང་ཧོར་ཤུལ་ཡུལ་ཚོ་གཉིས་ཀྱི་སློབ་གྲྭ་དང་། མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་བྲག་མགོ་རྫོང་ཁོངས་སུ་གསར་འཛུགས་གནང་བའི་སློབ་གྲྭ་ཞིག་ཏུ་དགེ་རྒན་གྱི་ཕྱག་ལས་གནང་མྱོང་འདུག
རྩོམ་པ་པོ་ཁོང་གིས་ལས་ཞོར་དུ་རྩོམ་ཡིག་མང་པོ་བྲིས་ཡོད་པ་དང་། ཁོང་གིས་བྲིས་རྩོམ་གནང་པའི་རྩོམ་དེབ་ཁག་ཅིག་སྤྱི་ཚོགས་ཁྲོད་འགྲེམས་སྤེལ་བྱས་ཡོད། མ་ཟད་ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་སུ་ཁོང་རང་གིས་དངོས་སུ་མཐོང་བ་དང་ཐོས་པ། ས་གནས་ཁག་ཅིག་ལ་ཆེད་ཕེབས་ཀྱིས་གནས་སྟངས་ལ་ཞིབ་འཇུག་དང་། སྐབས་དེར་རྨས་སྐྱོན་ཕོག་སྟེ་སྨན་ཁང་ནང་སྡོད་མཁན་ཁག་ཅིག་ལ་བཅར་འདྲི་ཞུས་པ་སོགས་ནང་དོན་གཙོ་བོར་བྱས་པའི་དཔེ་དེབ་<< ས་བྱི་ཁྲག་བྲིས་དམར་པོ>>ཞེས་པའི་དཔེ་དེབ་ཅིག་ཀྱང་བཏོན་ཡོད་པ་རེད།
ས་བྱི་ཁྲག་བྲིས་དམར་པོའི་མཐའ་མཇུག་གི་གཏམ་དུ། རྩོམ་པ་པོ་ཁོང་གིས་ “ཁྲི་མུན་ན་སྡུག་བསྔལ་མྱོང་མི་ཚོ་སྡུག་གྱོང་གིས་འཚོ་དགོས་པ་ཡིན་ནམ། ཁོ་ཚོས་ཐོད་དུ་བླངས་པའི་སྡུག་བསྔལ་ནི་འུ་ཅག་བོད་པ་ཚང་གི་སྡུག་བསྔལ་ཡིན་ན། འུ་ཅག་གིས་སེམས་ནས་བཟོད་ཐུབ་བམ། གཏན་ནས་བཟོད་མི་ཐུབ། དེས་ན་རང་རང་གི་གོ་གནས་དང་ལས་ཀ། ཅ་ནེ་སོགས་ཀྱང་གལ་ཆེ་རུང་གཙོ་བོ་མི་རིགས་ཀྱི་ཆེད་དུ་གསོན་དགོས་ལ་ཤི་བའི་ཉིན་མོར་འཆི་དགོས། འདི་ལྟར་འཆི་བ་ལ་རིན་ཐང་ཡོད་པས། ཡོད་ཚད་ཀྱིས་མཐུན་པའི་དཔུང་བ་མཉམ་གཤིབས་ཀྱིས་བདེན་པའི་འོ་དོད་འབོད། ཞི་བའི་ཡར་ལངས་མུ་མཐུད་སྤེལ།” ཞེས་བྲིས་འདུག
ཆབ་སྲིད་བཙོན་ཟུར་བསམ་འགྲུབ་ལ་ལོ་ ༨ ཀྱི་བཙོན་འཇུག
ད་ལོ་རང་ལོ་ ༤༡ སོན་པའི་གསེར་རྟ་མགོན་མཆོག་སྡེ་པ་ནས་ཡིན་པའི་བསམ་འགྲུབ་ལའང་ལོ་ ༨ ཀྱི་བཙོན་འཇུག་ཁྲིམས་ཅད་བཏང་འདུག ཁོང་ཉིད་ན་ནིང་ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༤ པའི་ཚེས་ ༥ ཉིན་འཇུ་བཟུང་བྱས་ནས་ཉེ་ལམ་བར་དུ་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བའི་གནས་བབ་འོག་ལྷུང་ཡོད། སྔོན་ཆད་ཁོང་ལའང་གངས་སྐྱེས་སྒྲུབ་པ་སྐྱབས་དང་གཅིག་མཚུངས་ཀྱི་ཉེས་འཛུགས་བྱས་ཏེ་ཕྱི་ལོ་ ༢༠༡༢ ལོའི་ཕྱི་ཟླ་ ༦ ཚེས་ ༡༣ ཉིན་ཉག་ཆུ་རྫོང་གི་ཉེན་རྟོག་པས་འཇུ་བཟུང་བྱས་པ་མ་ཟད་ ༢༠༡༣ ལོའི་ཟླ་ ༨ པའི་ཚེས་ ༡ ཉིན་ཉག་ཆུ་རྫོང་མི་དམངས་ཁྲིམས་ཁང་གིས་ལོ་ ༥ ཡི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད། ཕྱི་ལོ་༢༠༡༦ ཟླ་ ༨ པའི་ཚེས་ ༡༩ ཉིན་གློད་གྲོལ་བཏང་མོད། ལོ་དེའི་ཕྱི་ཟླ་ ༩ པའི་ཚེས་༡\༨ ཉིན་བསྐྱར་དུ་འཇུ་བཟུང་གིས་དུས་ཡུན་ཉིན་གྲངས་ ༡༧ རིང་བཀག་ཉར་བྱས་འདུག
ཆབ་སྲིད་བཙོན་ཟུར་གངས་ཚེ་རིང་སྒྲོལ་མ་ལ་ལོ་ ༨ ཀྱི་བཙོན་འཇུག
ཕྱི་ལོ་༢༠༢༡ ཟླ་༤ བའི་ཚེས་༢ ཉིན་གསེར་རྟ་རྫོང་ཉེན་རྟོག་པས་ཚེ་རིང་སྒྲོལ་མ་འཇུ་བཟུང་བཙན་ཁྲིད་བྱས་ནས་ཡུན་རིང་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བའི་གནས་བབ་འོག་བཅུག་རྗེས་ཉེ་ལམ་ལོ་ ༨ ཀྱི་དུས་བཀག་བཙོན་འཇུག་བྱས་འདུག ཁོ་མོ་ཡང་སྔོན་ཆད་བཙོན་འཇུག་བྱས་མྱོང་བའི་བོད་ཀྱི་ཆབ་སྲིད་བཙོན་པ་ཞིག་རེད། ཕྱི་ལོ་ ༢༠༠༨ ལོར་གསེར་རྟ་ནས་ཞི་རྒོལ་གནང་སྐབས་ཁོ་མོ་ཕ་བསོ་ལོ་དང་མཉམ་དུ་འཇུ་བཟུང་བྱས་པ་མ་ཟད། ཕྱིས་སུ་ཡང་འཇུ་བཟུང་ཐེངས་ཁ་ཤས་བྱས་འདུག འཇུ་བཟུང་བྱེད་ཐེངས་རེ་རེར་རྒྱ་གཞུང་ཉེན་རྟོག་པར་རྣམ་འགྱུར་མི་ལེགས་པ་བསྟན་པར་བསྙད་ནས་ཟླ་བ་མང་པོར་བཀག་ཉར་ཁང་དང་རྡུང་རྡེག་ཚབས་ཆེན་བཏང་ནས་རྐང་པའི་དཔྱི་མགོ་བཅགས་པར་བརྟེན་གནམ་གཤིས་དྲོ་གྲང་གི་འགྱུར་ལྡོག་བྱུང་སྐབས། རྐང་པར་ན་ཟུག་ཆེ་བ་དང་གྲིབ་སྐྱོན་བྱུང་བ། དྲན་པ་མི་གསལ་བ། སྙིང་ཁམས་མི་བདེ་བ་སོགས་ལུས་སེམས་གཉིས་ཀར་གནོད་སྐྱོན་ཚབས་ཆེན་ཐེབས་ཁར། ས་གནས་ཉེན་རྟོག་པས་ནམ་རྒྱུན་མོའི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་རྟོགས་དང་འཇིགས་སྐུལ་གཏོང་བར་མ་ཟད། དུས་ཆེན་བྱེད་སྒོ་ཁག་གི་སྐབས་སུ་ཉེན་རྟོག་ལས་ཁུངས་སུ་མིང་ཐོ་འགོད་དགོས་པ་དང་གནས་སྟངས་གསལ་བཤད་བྱེད་དུ་འགྲོ་དགོས་པ། རང་ས་རང་ཡུལ་ལས་ཡུལ་གཞན་གང་ལའང་འགྲོ་མི་ཆོག་པའི་དམ་དྲག་བྱས་འདུག ཚེ་རིང་སྒྲོལ་མ་ནི་མདོ་ཁམས་གསེར་རྟ་སྟག་རྩེད་ཡུལ་ཚོ་རྐང་ཚ་སྡེ་བ་ནས་ཡིན་ཞིང་ཕ་མིང་ལ་བསོ་ལོ་དང་མ་མིང་ལ་མཚོ་སྐྱིད་ཟེར། ཁོང་མོ་དང་བཟའ་ཟླ་ཀརྨ་དབང་ཕྱུག་གཉིས་ལ་བྱིས་པ་བུ་གཉིས་ཡོད་པ་རེད།
ཆབ་སྲིད་བཙོན་ཟུར་གངས་བུ་གཡུ་བྷྲུཾ་ལ་ལོ་ ༧ གྱི་བཙོན་འཇུག
བོད་ཀྱི་ཆབ་སྲིད་བཙོན་ཟུར་གངས་བུ་གཡུ་བྷྲུཾ་ནི་ཕྱི་ལོ་༢༠༢༡ ཟླ་༣ ཚེས་ ༢༢ ཉིན་གསེར་རྟ་རྫོང་ཉེན་རྟོག་པས་འཇུ་བཟུང་བཙན་ཁྲིད་བྱས་ཏེ་ཉེ་ལམ་ལོ་བདུན་གྱི་བཙོན་འཇུག་ཁྲིམས་ཆད་བཏང་ཡོད་པའི་གནས་ཚུལ་འདུག ཁོང་ཡང་སྔོན་ཆད་བཙོན་འཇུག་ཐྱེངས་ཙམ་བྱས་ཟིན་འདུག ཕྱི་ལོ་༢༠༠༨ ལོར་གསེར་རྟ་རྫོང་དུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་སྐབས། ཁོང་གིས་བོད་ཀྱི་རྒྱལ་དར་འཕྱར་བ་དང་། ༧གོང་ས་མཆོག་ཕྱིར་བོད་ནང་དུ་གདན་འདྲེན་ཞུ་དགོས་པའི་སྐད་འབོད་གནང་བ། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་བྱས་པར་བརྟེན། རྒྱ་གཞུང་གི་ཉེན་རྟོག་པས་ཁོང་འཛིན་བཟུང་གིས་མི་ལོ་ ༣ རིང་བཙོན་འཇུག་བྱས། ཕྱི་ལོ་༢༠༡༡ ལོའི་ཟླ་༢ ཚེས་༡༩ ཉིན་བཙོན་གྲོལ་བཏང་ཡང་། རྗེས་སུ་གངས་བུ་གཡུ་བྷྲུཾ་དང་ཁོང་གི་གྲོགས་པོ་སྐོར་ཞིག་གིས་ “དམར་རྒོལ་ཚོགས་པ་” གསར་འཛུགས་བྱས་ཏེ། བོད་ཀྱི་ས་གནས་ཁག་ཏུ་ལས་འགུལ་རབ་དང་རིམ་པར་སྤེལ་སྟབས། ཕྱི་ལོ་༢༠༡༢ ལོའི་ཟླ་༥ ཚེས་༡༤ ཉིན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཉེན་རྟོག་པས་ཡང་བསྐྱར་འཛིན་བཟུང་གིས་མི་ལོ་ ༢ ལ་བཙོན་འཇུག་ཁྲིམས་ཐག་བཅད་པ་རེད། ཁོང་ནི་མདོ་ཁམས་གསེར་རྟ་གོས་རྩ་སྡེ་བ་ནས་ཡིན་འདུག
ཆབ་སྲིད་བཙོན་ཟུར་སྲས་རྣམ་ལ་ལོ་ ༦ གི་བཙོན་འཇུག
ཕྱི་ལོ་ ༢༠༢༡ ཟླ་ ༣ པའི་ཚེས་ ༢༣ ཉིན་གསེར་རྟ་རྫོང་ཉེན་རྟོག་པས་རྩོམ་པ་པོ་བོད་རུས་པའམ་སྲས་རྣམ་ཕ་ཡུལ་ཏོག་ཚ་སྡེ་བའི་འབྲོག་ས་ནས་བསྐྱར་དུ་འཛིན་བཟུང་བྱས་ཏེ་ཉེ་ལམ་ལོ་ ༦ གི་དུས་བཀག་བཙོན་འཇུག་བྱས་འདུག དེ་སྔོན་ཕྱི་ལོ་ ༢༠༢༠ ཟླ་༩ བའི་ནང་ཁོང་གསེར་རྟ་རྫོང་ཉེན་རྟོག་པས་འཛིན་བཟུང་གིས་ཉིན་གྲངས་ ༡༥ རིང་འཇུ་བཟུང་བཀག་ཉར་བྱས་ཤིང་། སྐབས་དེར་ཁོང་དང་མཉམ་དུ་བོད་མི་བཅུ་འཇུ་བཟུང་བྱས་འདུག ཁོང་འཇུ་བཟུང་བྱེད་དོན་གཙོ་བོ་ནི་“གངས་ཅན་ཕ་མའི་བདེ་ཐང་གླེང་བ་” ཞེས་པའི་ཚོགས་འདུ་ཞིག་བསྡུས་པ་དེ་ཁྲིམས་འགལ་ཡིན་པའི་ནག་ཉེས་བཙུགས་འདུག
རྩོམ་པ་པོ་བོད་རུས་པའམ་སྲས་རྣམ་ནི་གསེར་རྟ་རྫོང་རགས་བཀྲམ་ཡུལ་ཚོ་ཏོག་ཚ་སྡེ་བ་ནས་ཡིན་ཞིང་། ཁོང་གི་ཕ་མིང་ལ་དུང་དཀར་དང་མའི་མིང་ལ་ལེའུ་མཚོ་ཟེར། ཁྱིམ་དུ་བཟའ་ཟླ་དང་བུ་མོ་གཉིས་ལྷག་འདུག ཁོང་ནི་མི་རིགས་སློབ་གསོའི་ཕྱོགས་ལ་བྱ་བ་གང་མང་སྒྲུབ་མཁན་ཞིག་ཡིན་པར་མ་ཟད། ཁོར་ཡུག་སྲུང་སྐྱོབ་ཀྱི་ཕྱག་ལས་གནང་མཁན་ཞིག་ཀྱང་ཡིན་འདུག
ཆབ་སྲིད་བཙོན་ཟུར་པདྨ་རིན་ཆེན་ལ་ལོ་ ༤ ཡི་བཙོན་འཇུག
ཕྱི་ལོ་ ༢༠༢༠ ལོའོ་ལོ་མཇུག་ཙམ་ལ་ཁམས་བྲག་མགོ་ནས་ཡིན་པའི་རྩོམ་པ་པོ་པདྨ་རིན་ཆེན་(སྨྱུག་མིང་:དུག་ཚེར་)རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བྱས་ཏེ་ལོ་གཉིས་མ་ཟིན་ཙམ་ལ་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བའི་གནས་བབ་འོག་ལྷུང་། ཉེ་ལམ་རྒྱ་གཞུང་གིས་ཁོང་ལ་མི་ལོ་ ༤ ཡི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པའི་གནས་ཚུལ་ཐོན་འདུག ཁོང་ཡང་སྔོན་ཆད་བཙོན་འཇུག་བྱས་མྱོང་། ཕྱི་ལོ་ ༢༠༡༡ ལོར་ཁོང་གིས་<<ལྟོས།>> ཞེས་པའི་སྒེར་དེབ་ཅིག་འགྲེམས་སྤེལ་བྱས་རྗེས་རྒྱ་གཞུང་གིས་འཇུ་བཟུང་བཙན་ཁྲིད་བྱས་ཏེ་འདྲི་གཅོད་དང་རྡུང་རྡེག་ཚབས་ཆེན་བཏང་བའི་རྐྱེན་གྱིས། ཁོང་གི་ལུས་ཁམས་བདེ་ཐང་མེད་པར་གྱུར་ཡོད། ཕྱིས་སུ་གློད་གྲོལ་ཐོབ་སྐབས་སུའང་རྒྱ་གཞུང་གིས་བོད་ཀྱི་དུས་ཆེན་བྱེད་སྒོ་ནམ་བྱུང་ལ་ཉེན་རྟོག་ཁང་དུ་འབོད་འགུག་གིས་འདྲི་གཅོད་ཡང་ཡང་བྱས་འདུག པདྨ་རིན་ཆེན་གྱི་ཕ་ཡུལ་དཀར་མཛེས་ཁུལ་བྲག་མགོ་རྫོང་ནས་ཡིན་ཞིང་། ཁྱིམ་དུ་ཁོང་གི་ཨ་མ་དང་སྲིང་མོ་གཉིས་ལས་མེད་པ་དང་། ཁོང་གི་ཨ་མ་ལགས་ཡུན་རིང་བོར་སྙུང་གཞིས་མནར་བའི་ནད་པ་ཞིག་ཡིན་འདུག
ད་ལན་ཡང་རྒྱ་ནག་གཞུང་གིས་བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་ཤེས་ལྡན་པ་ཁོང་ཅག་ལ་“རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་”ཞེས་པའི་ཉེས་མིང་བཏགས་ཏེ་བསམ་ཡུལ་ལས་འདས་པའི་ཁྲིམས་ཆད་ལྕི་མོ་བཏང་བ་དེས་ཞི་ཅིན་ཕིང་གི་དུས་ཡུན་ནས་བཟུང་རྒྱ་གཞུང་གིས་སྔར་ལས་ལྷག་པར་བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་ཤེས་ལྡན་མི་སྣར་ཆེད་དུ་འབུར་འཇོམས་བྱེད་ཐབས་བྱེད་པའི་སྦྱོར་བ་བརྩམས་དང་རྩོམ་མུས་ཡིན་པ་བདེན་དཔང་བྱས་ཡོད།
ཐེངས་འདིར་ཁྲིམས་ཆད་ལྕི་མོ་ཕོག་པའི་ཆབ་སྲིད་བཙོན་ཟུར་རྣམས་ལ་སྔོན་ནས་ཀྱང་བཙོན་འཇུག་ཁྲིམས་ཆད་དང་མནར་གཅོད་ཡང་ཡང་ཕོག་མྱོང་མཁན་ཤ་སྟག་ཡིན་པ་མ་ཟད་སྔོན་ཆད་གློད་གྲོལ་ཐོབ་པའི་གནས་སྐབས་སུ་སུན་བཙིར་སྣ་ཚོགས་བྱས་ཏེ་འགྲོ་འདུག་རང་དབང་དང་སྨྲ་བརྗོད་རང་དབང་སོགས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཁག་རྩ་ནས་སྤྲད་མེད།
རྒྱ་ནག་ནི་“མནར་གཅོད་དང་མི་སྤྱོད་ལས་འདས་པའི་གདུག་རྩུབ་དང་ཉེས་ཆད་སོགས་འགོག་པའི་རྒྱལ་སྤྱིའི་སྤྱི་ཆིངས་”དེ་ཉིད་ལ་མཚན་བཀོད་དང་ལག་བསྟར་ཁས་ལེན་བྱེད་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པར་བརྟེན། བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་ཤེས་ལྡན་མི་སྣ་སོགས་ལ་ཉེས་མེད་ཉེས་འགེལ་བྱས་ཏེ་འདི་ལྟར་མི་སྤྱོད་ལས་འདས་པའི་གདུག་རྩུབ་དང་ཉེས་ཆད་གཏོང་བཞིན་པ་དེ་ནི་སྤྱི་ཆིངས་དང་ཡོངས་སུ་འགལ་བ་ཡིན་པས་དྲང་བདེན་མ་ཡིན་པའི་ཁྲིམས་ཆད་དེ་དག་ཕྱིར་ལྡོག་བྱས་ཏེ་ཁོང་རྣམས་ཆ་རྐྱེན་གང་ཡང་མེད་པར་གློད་གྲོལ་གཏོང་དགོས། ཧ་ཅང་ཛ་དྲག་ཅན་གྱི་གནད་དོན་འདི་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མནར་གཅོད་འགོག་པའི་ཚོགས་ཆུང་གཙོས་འབྲེལ་ཡོད་སྡེ་ཁག་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་དང་སྤྱི་སྒེར་རྣམས་ནས་ངེས་པར་དུ་ཐུགས་སྣང་ཆེར་བཞེས་ཀྱིས་རྒྱ་གཞུང་ལ་མངོན་སུམ་འཛེམ་མེད་ཐོག་གནོན་ཤུགས་སྤྲོད་རོགས་ཞེས་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན།