རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་ལགས་གཙོས་བོད་མི་ལྔ་ལ་ཁྲིམས་ཐག་བཅད་འདུག

dupba_kyab_2013
ལོ་ ༥ དང་ཟླ་བ་ ༦ དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པའི་རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས།

ཟླ་འདིའི་ཕྱི་ཚེས་ ༡ ཉིན་ཉག་ཆུ་རྫོང་ས་གནས་རྒྱ་གཞུང་གི་མི་དམངས་ཁྲིམས་ཁང་གིས། རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་དང་། བསམ་འགྲུབ། གཡུ་སྦྲང་། དྲན་གསལ། ཤེལ་རྒྱལ་བཅས་ལ་རྒྱ་གཞུང་གིས་བོད་དོན་ལས་འགུལ་སྤེལ་བའི་ཉེས་མིང་འོག་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག
ཟླ་འདིའི་ཚེས་ ༦ ཉིན་འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༡ ཉིན། ད་ལྟ་རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱི་ས་ཁོངས་ལྟར་བྱས་ན། ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་ཆུ་རྫོང་ཁོངས་ནས་ཡིན་པའི་རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་དང་། བསམ་འགྲུབ། གཡུ་སྦྲང་། དྲན་གསལ། ཤེལ་རྒྱལ་བཅས་ལ་བོད་དོན་ལས་འགུལ་སྤེལ་བའི་ཉེས་མིང་དང་། “དམར་ཆུང་ངོ་རྒོལ་ཚོགས་པ”ཞེས་པའི་ཚོགས་མི་ཡིན་པའི་ཉེས་འཛུགས་བྱས་ཏེ། ཉག་ཆུ་རྫོང་མི་དམངས་ཁྲིམས་ཁང་གིས་ཁྲིམས་ཐག་བཅད་ཡོད་འདུག
རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་ལགས་ནི་ ༢༠༡༢ ལོའི་ཕྱི་ཟླ་ ༢ ཚེས་ ༡༥ ཉིན་རྒྱ་གཞུང་གི་འབྲེལ་ཡོད་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ། ད་ལྟའི་བར་བཀག་ཉར་འོག་གར་སོང་ཆ་མེད་དུ་གྱུར་ཡོད་ལ། ༢༠༡༣ ལོའི་ཕྱི་ཟླ་ ༨ ཚེས་ ༡ ཉིན་ཁོང་ལ་ལོ་ ༥ དང་ཟླ་ ༦ གི་དུས་བཀག་ཁྲིམས་ཐག་བཅད་ཡོད་པ་རེད།
རྩོམ་པ་པོ་ཁོང་ནི་ཁམས་དཀར་མཛེས་ཁུལ་གསེར་རྟ་རྫོང་རགས་བཀྲམ་ཡུལ་ཚོའི་གེ་འཕེན་སྡེ་པ་ནས་ཡིན་པ་དང་། རགས་བཀྲམ་ཡུལ་ཚོའི་སློབ་ཆུང་དང་གསེར་རྟ་རྫོང་སློབ་འབྲིང་བཅས་རིམ་པར་བརྒྱུད་མཐར། དཀར་མཛེས་རྫོང་དུ་ཡོད་པའི་དགེ་འོས་སློབ་གྲྭ་རུ་སློབ་ཐོན་བྱུང་རྗེས། བརྡར་ཚང་དང་ཧོར་ཤུལ་ཡུལ་ཚོ་གཉིས་ཀྱི་སློབ་གྲྭ་རུ་སྔ་རྗེས་དགེ་རྒན་གྱི་ཕྱག་ལས་གནང་ཡོད་ལ། ཁོང་འཛིན་བཟུང་སྐབས་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་བྲག་མགོ་རྫོང་ཁོངས་སུ་གསར་འཛུགས་གནང་བའི་སློབ་གྲྭ་ཞིག་ཏུ་དགེ་རྒན་གྱི་ཕྱག་ལས་གནང་བཞིན་ཡོད་འདུག
རྩོམ་པ་ཁོང་གིས་ལས་ཞོར་དུ་རྩོམ་ཡིག་མང་པོ་བྲིས་ཡོད་པ་དང་། ཁོང་གིས་བྲིས་རྩོམ་གནང་པའི་རྩོམ་དེབ་ཁག་ཅིག་ཀྱང་སྤྱི་ཚོགས་ཁྲོད་འགྲེམས་སྤེལ་བྱས་ཡོད་པ་མ་ཟད། ༢༠༠༨ ལོར་བོད་ས་ཡོངས་སུ་ཞི་རྒོལ་བྱུང་སྐབས་ཀྱི་གནས་ཚུལ་རྣམས་རྩོམ་བྲིས་གནང་སྟེ། << ས་བྱི་ཁྲག་བྲིས་དམར་པོ>> ཞེས་པའི་དཔེ་དེབ་ཅིག་ཀྱང་བཏོན་ཡོད་པ་རེད།
དེ་མིན། བསམ་འགྲུབ་ལགས་ནི་ཁམས་དཀར་མཛེས་ཁུལ་གསེར་རྟ་རྫོང་མགོན་མཆོག་སྡེ་པ་ནས་ཡིན་པ་དང་། ༢༠༡༢ ལོའི་ཕྱི་ཟླ་ ༦ ཚེས་ ༡༣ ཉིན་ཆབ་སྲིད་ཀྱི་ལས་འགུལ་སྤེལ་བའི་ཉེས་མིང་འོག་རྒྱ་ནག་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་པ་ཞིག་ཡིན་པ་རེད། ཁོང་ལ་ལོ་ ༥ དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅ

samdup-arrsted-on-13june2012-copy1
ལོ་ ༥ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་བསམ་འགྲུབ་ལགས།

ད་ཡོད་འདུག ད་ལྟ་རང་ལོ་ ༣༢ ཡིན་པ་དང་། ཕའི་མིང་ལ་བསོད་རྒྱལ་ཟེར་གྱི་ཡོད་པ་རེད།
གཡུ་སྦྲང་ལགས་ནི་བསམ་འགྲུབ་དང་མཉམ་དུ་འཇུ་བཟུང་བྱས་པ་ཡིན་པ་དང་། ཁོང་ལ་ལོ་ ༢ ཀྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་དང་། དྲན་གསལ་ལགས་ལ་ལོ་ ༣ གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅས་བཅད་ཡོད་པ་དང་། གཡུ་སྦྲང་དང་དྲན་གསལ་ཁོང་གཉིས་ཀྱང་གསེར་རྟ་རྫོང་ཁོངས་ནས་ཡིན་འདུག དེ་བཞིན། ཤེལ་རྒྱལ་ལགས་ལ་ལོ་ ༢ གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་ཀྱིས་བརྩམས་པའི་༼ས་བྱི་ཁྲག་བྲིས་དམར་པོ༽ཞེས་པའི་དེབ་ནང་གཙོ་བོ་ནི། ཕྱི་ལོ་ ༢༠༠༨ ནས་ ༢༠༠༩ བར་གྱི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས། རྩོམ་པ་པོ་ཁོང་གིས་དངོས་སུ་མཐོང་བ་དང་ཐོས་པ། ས་གནས་ཁག་ཅིག་ལ་ཆེད་ཕེབས་ཀྱིས་གནས་སྟངས་ལ་ཞིབ་འཇུག་དང་། སྐབས་དེར་རྨས་སྐྱོན་ཕོག་སྟེ་སྨན་ཁང་ནང་སྡོད་མཁན་ཁག་ཅིག་ལ་བཅར་འདྲི་ཞུས་པ་སོགས། དངོས་ཡོད་གནས་ཚུལ་རྣམས་རྣམས་ཟིན་བྲིས་བརྒྱབ་པ་ཞིག་ཡིན་འདུག དེ་དང་མཉམ་དུ་རྩོམ་པ་ཁོང་གིས་བོད་ཀྱི་རྩ་དོན་དང་བོད་དོན་འཐབ་རྩོད་བྱེད་ཕྱོགས། རྒྱ་ནག་གི་སྲིད་ཇུས་བཅས་ཀྱི་ཐད་རང་ཉིད་ཀྱི་བསམ་ཚུལ་དང་རེ་སྐུལ་བཅས་བཀོད་པ་རེད།
ས་བྱི་ཁྲག་བྲིས་དམར་པོའི་མཐའ་མཇུག་གི་གཏམ་དུ། རྩོམ་པ་པོ་ཁོང་གིས་ “ཁྲི་མུན་ན་སྡུག་བསྔལ་མྱོང་མི་ཚོ་སྡུག་གྱོང་གིས་འཚོ་དགོས་པ་ཡིན་ནམ། ཁོ་ཚོས་ཐོད་དུ་བླངས་པའི་སྡུག་བསྔལ་ནི་འུ་ཅག་བོད་པ་ཚང་གི་སྡུག་བསྔལ་ཡིན་ན། འུ་ཅག་གིས་སེམས་ནས་བཟོད་ཐུབ་བམ། གཏན་ནས་བཟོད་མི་ཐུབ། དེས་ན་རང་རང་གི་གོ་གནས་དང་ལས་ཀ། ཅ་ནེ་སོགས་ཀྱང་གལ་ཆེ་རུང་གཙོ་བོ་མི་རིགས་ཀྱི་ཆེད་དུ་གསོན་དགོས་ལ་ཤི་བའི་ཉིན་མོར་འཆི་དགོས། འདི་ལྟར་འཆི་བ་ལ་རིན་ཐང་ཡོད་པས། ཡོད་ཚད་ཀྱིས་མཐུན་པའི་དཔུང་བ་མཉམ་གཤིབས་ཀྱིས་བདེན་པའི་འོ་དོད་འབོད། ཞི་བའི་ཡར་ལངས་མུ་མཐུད་སྤེལ།” ཞེས་བྲིས་འདུག
རྒྱ་ནག་གཞུང་གི་རྩ་ཁྲིམས་དོན་ཚན་ ༣༥ པའི་ནང་དུ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་སྨྲ་བརྗོད་རང་དབང་དང་། པར་བསྐྲུན་རང་དབང་། འདུ་འཛོམས་རང་དབང་། ཚོགས་པ་འཛུགས་པའི་རང་དབང་། ཁྲོམ་སྐོར་རང་དབང་། སྐད་འབོད་རང་དབང་བཅས་ཡོད་པ་བཀོད་ཡོད། ཡིན་ནའང་། རྒྱ་གཞུང་གིས་ཡིག་འབྲུ་ཁྲི་བདུན་ལྗགས་རྩོམ་གནང་མཁན་༸པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་གཙོས། ལྷིང་འཇགས་མེད་པའི་ཧི་མ་ལ་ཡ་རྩོམ་མཁན་སྒྲོལ་མ་སྐྱབས། ཁྲག་ཡིག་རྩོམ་མཁན་ཐེའུ་རངས། ངའི་ཕ་ཡུལ་དང་ཞི་བའི་བཅིང་འགྲོལ་རྩོམ་མཁན་བྱ་མདོ་རིན་བཟང་། དེ་བཞིན། ཉེ་ཆར་བཙོན་ཐག་བཅད་ཡོད་པའི་རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་སོགས་ཀྱིས་མཚོན། བོད་མི་རིགས་ཀྱི་བདེ་སྡུག་དང་བསམ་འདུན་དྲང་པོར་བརྗོད་མཁན་བོད་རིགས་རྩོམ་པ་པོ་མང་པོ་གང་བྱུང་འཇུ་བཟུང་བྱས་ཐོག ཆབ་སྲིད་ཀྱི་ཉེས་མིང་སྣ་ཚོགས་བཀལ་ཏེ་བཙོན་འཇུག་ཁྲིམས་ཐག་གཅོད་བཞིན་ཡོད། དེ་ནི་རྒྱ་གཞུང་གི་རྩ་ཁྲིམས་དོན་ཚན་ ༣༣ ནང་བཀོད་པའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་ཀྱི་མི་ཡོངས་རྫོགས་རྒྱལ་ཁབ་ཀྱི་སྤྱི་དམངས་ཡིན་པ་དང་། ཁྲིམས་ལུགས་ཀྱི་མདུན་སར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཡོངས་རྫོགས་འདྲ་མཉམ་ཡིན་ཞེས་པའི་ཁས་ལེན་དམ་བཅའ་དང་རྒྱབ་འགལ་དུ་གྱུར་ཡོད། རྒྱ་གཞུང་གིས་སོ་སོའི་གཏན་འབེབས་བྱས་པའི་རྩ་ཁྲིམས་དང་བཅའ་ཁྲིམས་རྩིས་མེད་དུ་བཏང་སྟེ། བོད་མི་རིགས་ཀྱི་ཐོག་ལ་ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་སྣ་ཚོགས་སྤེལ་བཞིན་པ་འདིས། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་དེ་ནི་དྲང་བདེན་དང་ཁྲིམས་མཐུན་ཞིག་མ་ཡིན་པར། མི་སེར་སྤེལ་བའི་དྲག་གནོན་དབང་སྒྱུར་གྱི་སྲིད་ཇུས་ཤིག་ཡིན་པ་གསལ་བོར་མངོན་ཡོད།

to top