བོད་ཀྱི་གཞས་པ་གྲགས་ཅན་ཚེ་དབང་ནོར་བུས་རང་ལུས་མེར་བསྲེག་གི་ངོ་རྒོལ་གནང་སྟེ་སྐུ་གྲོངས་འདུག

ན་གཞོན་གཞས་པ་གྲགས་ཅན་ཚེ་དབང་ནོར་བུ་ལགས།

འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ལ་བོད་ཕྱི་ནང་གཉིས་སུ་བཞུགས་པའི་འབྲེལ་ཡོད་བོད་མི་ཁག་ཅིག་གིས་ཁུངས་ལྡན་གྱི་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན་འདི་ལོའི་ཕྱི་ཟླ་ ༢ ཚེས་ ༢༥ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏཱ་ལའི་མདུན་ཐང་དུ་བོད་ནང་གི་གླུ་གཞས་སྒྱུ་རྩལ་བ་གྲགས་ཅན་ན་གཞོན་ཚེ་དབང་ནོར་བུ་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་སྐུ་ལུས་མེར་བསྲེག་གནང་ནས་འདས་གྲོངས་སུ་གྱུར་འདུག

བོད་ནང་གི་བོད་མི་ཞིག་གིས་གསུང་བ་ལྟར་ན་ཚེ་དབང་ནོར་བུ་ལགས་ཀྱིས་ཕོ་བྲང་པོ་ཏཱ་ལའི་མདུན་ཐང་དུ་སྐུ་ལུས་མེར་བསྲེག་བཏང་རྗེས་ལམ་སེང་རྒྱ་གཞུང་ཉེན་རྟོག་པས་ཁུར་སོང་ཡོད་པ་དང་སྐབས་དེར་འདས་གྲོངས་སུ་གྱུར་མེད་ནའང་ཉིན་འགའི་རྗེས་སུ་འདས་གྲོངས་སུ་གྱུར་ཡོད་པའི་གནས་ཚུལ་བཤད་བྱུང་། འདི་ག་ལྟེ་གནས་ཁང་གིས་ངོས་ནས་གནས་ཚུལ་འདིའི་ཐད་ཁོང་ལ་རྒྱུས་མངའ་ཡོད་པའི་བོད་མི་མི་ཉུང་བ་ཞིག་ལ་སྐད་ཆ་དྲིས་པར་གཞིགས་ན་ཁོང་ཉིད་སྐུ་ལུས་མེར་བསྲེག་བཏང་ནས་འདས་གྲོངས་སུ་གྱུར་བ་བདེན་པ་ཡིན་ཡང་རྒྱ་ནག་གཞུང་གིས་དམ་དྲག་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པར་བརྟེན་དེ་འབྲེལ་གྱི་བརྙན་པར་དང་ཡུལ་དངོས་ཀྱི་དཔང་མི་སོགས་ཀྱིས་བཏང་བའི་གནས་ཚུལ་ད་བར་ལག་སོན་བྱུང་མེད།  

ཉེ་ལམ་ཕྱི་ཟླ་ ༢ པའི་ཚེས་ ༢༥ ཉིན་བོད་ནང་གི་སྔ་དྲོའི་ཚོུད་ ༡༡:༥༩ ཐོག་ཚེ་དབང་ནོར་བུའི་སྒེར་གྱི་དཔོད་འཕྲིན་སྟེང་དུ་“རྣམ་པ་ཚོས་མཆན་བཀོད་པར་རྒྱུན་དུ་ལྟ་བཞིན་ཡོད།  ཐུགས་རྗེ་ཆེ། བློ་ཕམ་བྱུང་རྗེས་བློ་བདེ་བག་ཕེབས་ཡིན།  གལ་ཏེ་རྣམ་པ་ཚོར་བློ་ཕམ་བྱུང་ཡང་ཁུ་སིམ་མེར་བཞག་མི་ཐུབ་པ་མ་གནང་རོགས།”ཞེས་པའི་བརྗོད་ཚིག་གི་འོག་ཏུ་ཁ་མདོག་སྐྱ་བོ་ཡིན་པའི་རང་ཉིད་ཀྱི་འདྲ་པར་ཁག་གཅིག་བཞག་འདུག བརྗོད་ཚིག་དེ་ཉིད་ནི་ཁོང་གིས་རང་ལུས་མེར་བསྲེག་མ་བཏང་བའི་ཉིན་གསུམ་གྱི་གོང་དུ་“བློ་ཕམ་བྱུང་ཡང་ཁུ་སིམ་མེར་འཇོག་མི་ཐུབ་པ་མ་གནང་རོགས་”ཞེས་པའི་གླུ་གཞས་གསར་པ་ཞིག་བཏོན་པ་དེའི་གཞས་ཚིག་ལས་དྲངས་བ་རེད་འདུག  

གཞས་པ་ཚེ་དབང་ནོར་བུའི་དཔོད་འཕྲིན་སྟེང་གི་པར་མཐའ་མ།

ཁོང་གི་དཔོད་འཕྲིན་སྟེང་གི་གནས་ཚུལ་མཐའ་མ་དེ་བཀོད་དུས་བོད་ནང་གི་ཉིན་གུང་ཚོུད་ ༡༢ ཟིན་པར་སྐར་མ་གཅིག་ཙམ་ལས་མི་འདུག་པས་དེ་ཡི་རྗེས་སུ་ཚོུད་གཅིག་གཉིས་ལས་མ་འགོར་བར་རང་ལུས་མེར་བསྲེག་གནང་ཡོད་པ་ཚོད་དཔག་བྱེད་ཐུབ། ད་ལྟའི་ཆར་ཁོང་གི་དཔོད་འཕྲིན་དྲྭ་ངོས་སྒོ་ཕྱེ་ཐུབ་ཀྱི་འདུག་ཀྱང་ཕྱི་ཟླ་ ༢ པའི་ཚེས་ ༢༥ ཉིན་བཀོད་པའི་འདྲ་པར་འོག་གི་མཆན་རྣམས་ནག་སུབ་བཏང་སྟེ་ལྟ་ཀློག་མི་ཐུབ་པར་བཟོས་འདུག་ཀྱང་དགའ་རྟགས་དང་བརྒྱུད་བཀོད་བྱས་པའི་གྲངས་འབོར་རིམ་བཞིན་འཕར་བཞིན་འདུག ཁ་སང་ཚེས་ ༡༢ ཉིན་ཁོང་གི་དཔོད་འཕྲིན་གྱི་ངོས་སུ་དཔོད་འཕྲིན་དོ་དམ་ལས་ཁུངས་ཀྱིས་“འབྲེལ་ཡོད་ཁྲིམས་སྒྲིག་དང་འགལ་བའི་རྐྱེན་གྱིས་དྲྭ་བདག་འདི་བཀག་སྡོམ་བྱས་ཡོད་(因违反相关法律法规,该用户目前处于禁言状态)”ཅེས་པའི་རྒྱ་ཡིག་གི་ཡིག་ཕྲེང་སེར་པོ་ཞིག་གསར་དུ་བསྣན་འདུག 

གཞས་པ་ཚེ་དབང་ནོར་བུ་ལགས་ནི་ཕྱི་ལོ་ ༡༩༩༦ ལོར་ནག་ཆུ་གྲོང་ཁྱེར་དུ་སྐྱེས་པ་དང་། བོད་ལྗོངས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་སོན།  ད་ལོ་རང་ལོ་ ༢༥ ཡིན་ཞིང་གཟའ་ཟླ་དང་བུ་ཕྲུག་ཀྱང་ཡོད་པ་རེད། ཁོང་གི་ཕ་མིང་ལ་ཆོས་རྒན་ཟེར་ཞིང་། ཕ་དཔལ་མགོན་རྫོང་ནས་ཡིན་པ་དང་ནག་ཆུ་གྲོང་ཁྱེར་ཟློས་གར་ཚོགས་པའི་དགེ་རྒན་ཡིན་པ་མ་ཟད་ཁོང་རྒྱ་ནག་རྒྱལ་ཡོངས་ཀྱི་རིམ་པ་དང་པོའི་གཞས་གདངས་རྩོམ་པ་པོ་དང་རོལ་དབྱངས་མཁས་པ་ཞིག་ཡིན་པ་རེད། ཁོང་གི་ཨ་མ་ནི་བོད་ཀྱི་གཞས་མ་གྲགས་ཅན་སོག་ཤོད་བསོད་ནམས་དབང་མོ་རེད་འདུག   

ཕྱི་ལོ་ ༢༠༡༨ ལོར་ཚེ་དབང་ནོར་བུ་ལགས་ཀྱི་ཨ་ཞང་བོད་ཀྱི་ཆབ་སྲིད་བཙོན་པ་བློ་གྲོས་རྒྱ་མཚོ་ལགས་ཀྱིས་པོ་ཏཱ་ལའི་མདུན་དུ་ཞི་བའི་ངོ་རྒོལ་བྱས་པར་བརྟེན་འཛིན་བཟུང་བྱས་ནས་ཡང་བསྐྱར་ལོ་ ༡༨ གྱི་བཙོན་འཇུག་ཁྲིམས་ཆད་བཏང་ཞིང་བཟའ་ཟླ་དགའ་སྐྱིད་ཀྱིས་བརྙན་ལེན་རོགས་བྱས་པར་བརྟེན་ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཆད་བཏང་ཡོད་པ་རེད། བློ་གྲོས་རྒྱ་མཚོ་ལགས་དེའི་གོང་དུ་མི་ལོ་ ༢༡ རིང་བཙོན་ཁང་བཙོན་འཇུག་ཁྲིམས་ཆད་མྱངས་ཟིན་པ་ཡིན་པས་སྔ་ཕྱི་གཉིས་བསྡོམས་པས་ཁོང་ལ་ཁྱོན་མི་ལོ་ ༣༩ ཡི་བཙོན་འཇུག་ཁྲིམས་ཆད་ཕོག་ཡོད།  

ཚེ་དབང་ནོར་བུའི་ཞང་པོ་བོད་ཀྱི་ཆབ་སྲིད་བཙོན་པ་བློ་གྲོས་རྒྱ་མཚོ་ལགས།

ཚེ་དབང་ནོ་བུར་ལགས་ ༢༠༡༤ ལོར་ Guangdong Satellite TV བརྙན་འཕྲིན་ལས་རིམ་ནང་རྒྱ་ནག་ནང་གི་བུ་ཡག་པོ་ “Good Boys in China” ཟེར་བའི་འགྲན་རྩོད་ཞུགས་འདུག་ལ། ཁོང་ནུབ་བརྒྱུད་སྡེ་ཚན་ནང་གི་རྩེ་ཕུད་སྒྱུ་རྩལ་བ་༡༢ ཁོངས་སུ་ཚུད་པ་དང་རྒྱ་ནག་རྒྱལ་ཡོངས་སུ་རྩེ་ཕུད་ ༤༨ ཁོངས་སུ་འདེམས་སྒྲུག་བྱུང་བ་བཀོད་འདུག ༢༠༡༧ ལོར་རོལ་དབྱངས་ཀྱི་རྒྱལ་ཡོངས་རྣམ་དཔྱོད་འགྲན་བསྡུར་ “The Son of Tomorrow” སང་ཉིན་གྱི་བུ་ཞེས་པའི་རྒྱ་ནག་རྒྱལ་ཡོངས་ཀྱི་འགྲན་བསྡུར་གཞན་ཞིག་ནང་ལ་མཉམ་ཞུགས་བྱས་ཏེ། རྩེ་ཕུད་ ༩ ཁོངས་སུ་ཚུད་འདུག དེ་བཞིན་ ༢༠༢༡ ལོར་རྒྱ་ནག་གི་གླུ་གཞས་འགྲན་ཚོགས་ Sing China Competation ཞེས་པར་མཉམ་ཞུགས་བྱས་ནས་བོད་ཡུལ་ཙམ་མ་ཟད་རྒྱ་ནག་ཏུའང་དགའ་མོས་བྱེད་མཁན་ཧ་ཅང་མང་པོ་ཡོད་པ་རེད། ཁོང་ལ་རྩམ་པ་དང་ཕ་ཡུལ་དུ་ལོག་འགྲོ་ཟེར་བ་སོགས་སྙན་གྲགས་ཆེ་བའི་གླུ་གཞས་བརྩམས་ཆོས་མི་ཉུང་བ་ཞིག་ཡོད།  

ཚེ་དབང་ནོར་བུ་ལགས་ནི་ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༡༡ ཚེས་ ༢༦ ཉིན་ཨ་མདོ་རྔ་པ་ནས་རང་ལོ་ ༢༤ ཡིན་པའི་བོད་མི་ན་གཞོན་ཡོན་ཏན་ལགས་ཀྱི་རྗེས་སུ་ཤེས་རྟོགས་བྱུང་བའི་རང་ལུས་མེར་བསྲེག་གཏོང་མཁན་དང་པོ་དེ་ཡིན་ཞིང་ཕྱི་ལོ་ ༢༠༠༩ ནས་བཟུང་བོད་ནང་ནས་རང་ལུས་མེར་བསྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་གྱི་ཁྲོད་ནས་བོད་མི་ ༡༥༨ པ་དེ་ཆགས་ཡོད།  

ནམ་རྒྱུན་རྒྱ་ནག་གཞུང་གིས་རང་ལུས་མེར་བསྲེག་གཏོང་མཁན་གྱི་བོད་མི་ཚོར་སོ་སོའི་འཚོ་བ་དང་སེམས་ཁམས་སོགས་ལ་དཀའ་ངལ་ཡོད་པ་ལས་རྒྱ་གཞུང་གི་སྲིད་ཇུས་ནོར་བ་མིན་ཚུལ་བཤད་མོད།  འོན་ཀྱང་ཚེ་དབང་ནོར་བུ་ལྟ་བུ་འཚོ་བའི་ཆ་རྐྱེན་ཧ་ཅང་ལེགས་པའི་བོད་མི་ན་གཞོན་ཚོས་ཀྱང་ཡོད་ཚད་བློས་བཏང་སྟེ་རང་ལུས་མེར་བསྲེག་གི་ངོ་རྒོལ་བྱེད་པ་དེས་རྒྱ་ནག་གཞུང་གི་ཧམ་བཤད་ལ་བརྡ་ལན་གསལ་པོ་སྤྲད་ཡོད། རྒྱ་ནག་གིས་བོད་ཡུལ་རྒྱ་བསྒྱུར་གྱི་སྲིད་ཇུས་ཁྲོད་ནས་བོད་ཀྱི་མི་རབས་གསར་པ་རྣམས་ཀྱི་བསམ་བློ་དཀྲུ་ཐབས་དང་སེམས་པ་འགུག་ཐབས་ཀྱི་སྲིད་ཇུས་དང་ལས་འགུལ་རབ་དང་རིམ་པ་སྤེལ་བཞིན་ཡོད་མོད། འོན་ཀྱང་ཚེ་དབང་ནོར་བུ་དང་ཡོན་ཏན་སོགས་བོད་ནང་གི་རང་ལུས་མེར་བསྲེག་གནང་མཁན་ཕལ་ཆེ་བ་ནི་མི་རབས་གསར་པ་ཡིན་པས་འདིས་རྒྱ་ནག་གཞུང་གི་ནོར་འཛོལ་ཅན་གྱི་སྲིད་ཇུས་དང་ལས་འགུལ་འཆར་གཞི་ལྟར་ལམ་ལྷོངས་ཡོང་རྒྱུ་ཕར་ཞོག་དེ་ལས་ལྡོག་སྟེ་བོད་ཀྱི་མི་རབས་གསར་པའི་སེམས་སུ་ཕོག་ཐུག་ཆེན་པོ་གཏོང་བཞིན་ཡོད་པ་གསལ་པོ་མཚོན་ཐུབ། 


འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་འདི་རིགས་རང་ལུས་མེར་བསྲེག་གི་ངོ་རྒོལ་མི་འབྱུང་བའི་ཆེད་དུ་རྒྱ་ནག་གཞུང་གིས་ངེས་པར་དུ་བོད་ནང་གི་མི་རབས་གསར་པ་རྣམས་རྒྱ་རིགས་སུ་བསྒྱུར་ཐབས་བྱེད་པ་དང་བསམ་བློ་དཀྲུ་ཐབས་བྱེད་པའི་ལས་འགུལ་མཚམས་བཞག་སྟེ་བོད་མི་ཚོའི་རིག་གཞུང་དང་སྐད་ཡིག་སོགས་སྲུང་སྐྱོབ་བྱ་རྒྱུའི་ཐོབ་ཐང་ལ་བརྩི་བཀུར་དགོས་པ་མ་ཟད་འགྲོ་འདུག་སྤྱོད་གསུམ་དང་སྨྲ་བརྗོད་རང་དབང་། ཆོས་དད་རང་དབང་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་ལ་ཅིས་ཀྱང་བརྩི་བཀུར་དགོས། ལྷག་པར་དུ་ཚེ་དབང་ནོར་བུ་ལགས་ཀྱི་སྐུ་ཕུང་ནང་མིར་རྩིས་སྤྲད་དེ་བོད་ཀྱི་ལུགས་སྲོལ་བཞིན་འདས་མཆོད་བསྒྲུབ་བཅུག་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན།  

to top