རྒྱ་གཞུང་གིས་འཇུ་བཟུང་བཙོན་འཇུག་འོག་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་སྟེ་གཟུགས་པོ་ནད་གཅོང་བཟོས་ཡོད་པའི་ཆབ་སྲིད་བཙོན་ཟུར་རྒྱ་ཡེ་ཕུན་ཚོགས་ལགས་དུས་ཡུན་རིང་པོར་ནད་མནར་གྱིས་ཉེ་ཆར་འདས་གྲོངས་སུ་ཕྱིན་འདུག
འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། རང་ལོ་ ༨༤ སོན་པའི་ཆབ་སྲིད་བཙོན་ཟུར་རྒྱ་ཡེ་ཕུན་ཚོགས་ལགས་ཕྱི་ལོ་ ༢༠༡༦ ལོའི་ཟླ་ ༣ ཚེས་ ༢༡ གི་ཞོགས་པར་རྐྱེན་འདས་སུ་གྱུར་ཡོད། ཁོང་རྒྱ་གཞུང་གིས་འཇུ་བཟུང་བཙོན་འཇུག་སྐབས་རང་ལོ་ ༦༨ ཡིན་འདུག ལོ་གཉིས་རིང་འཇུ་བཟུང་བཀག་ཉར་སྐབས་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་ནས་གཟུགས་པོ་གཅོང་ནད་བཟོས་ཏེ་ཕྱིར་རང་ཕྱིན་དུ་སློག་རྗེས་ལོ་བཅུའི་རིང་བཟང་བཙོན་ལྟ་རྟོགས་འོག་འཚོ་བ་བསྐྱལ་དགོས་བྱུང་མཐར། ཉེ་ཆར་གཟུགས་པོའི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་གྱུར་ཏེ་འདས་གྲོངས་ཕྱིན་ཡོད་པ་རེད།
སྤྱིར་བོད་ཀྱི་སྐད་ཡིག་རིག་གཞུང་སྲུང་སྐྱོབ་དར་སྤེལ་དང་བོད་མི་རིགས་ཀྱི་དཀའ་སྡུག་ཐད་ཞབས་ཞུའི་ཕྱག་ལས་གནང་མཁན་བོད་མི་རྣམས་ལ་རྒྱ་གཞུང་གིས་ནག་ཉེས་སྣ་ཚོགས་བཙན་འགེལ་ཐོག འཇུ་བཟུང་བཀག་ཉར་དང་བཙོན་འཇུག་ཁྲིམས་ཆད་གཏོང་བཞིན་པར་མ་ཟད། བཀག་ཉར་དང་བཙོན་འཇུག་སྐབས་མི་སྤྱོད་ལས་འདས་པའི་སྡུག་སྦྱོང་མཉར་གཅོད་ཚད་མེད་བཏང་བ་དང་དུག་ཁབ་སོགས་བརྒྱབ་པར་བརྟེན་ནས། བཙོན་འོག་རྐྱེན་འདས་སུ་བཏང་བ་དང་། བཙོན་དུས་གཙང་སྟེ་ཕྱིར་རང་ཁྱིམ་དུ་ལོག་རྗེས་ཡུན་རིང་འཚོ་གནས་མ་ཐུབ་པར་འདས་གྲོངས་ཕྱིན་པ། མི་ཚེ་གང་པོར་གཟུགས་པོ་ནད་གཅོང་བཟོས་ཏེ་རིག་འཚོ་མི་ཐུབ་པར་གྱུར་བ་སོགས་ད་ལྟའི་བར་རྒྱུན་མ་ཆད་པར་བྱུང་དང་འབྱུང་བཞིན་པ་ལྟར། རྒྱ་ཡེ་ཕུན་ཚོགས་ལགས་ནི་བཀག་ཉར་བཙོན་འཇུག་སྐབས་རྒྱ་གཞུང་གིས་བོད་མི་ཚོར་སྡུག་སྦྱོང་མནར་གཅོད་བཏང་སྟེ་རིག་འཚོ་མི་ཐུབ་པར་གཏོང་བཞིན་པའི་དཔེ་མཚོན་གསལ་ཤོས་ཞིག་ཆགས་ཡོད། རྒྱ་གཞུང་གི་བྱ་སྤྱོད་དེ་རིགས་ནི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་རང་དབང་། དེ་བཞིན། རྒྱལ་སྤྱིའི་ཁྲིམས་ལུགས་དང་རྒྱ་གཞུང་རང་ཉིད་ཀྱི་ཁྲིམས་ལུགས་བཅས་དང་རྒྱབ་འགལ་གྱི་ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་ཅིག་ཆགས་ཡོད།
ཕྱི་ལོ་ ༡༩༩༨ ལོའི་ཕྱི་ཟླ་ ༨ པར་མཚོ་སྔོན་བདེ་འཇགས་མི་སྣ་ཟེར་བ་དང་དམག་མི་འགའ་གློ་བུར་རྒྱ་ཡེ་ཕུན་ཚོགས་ལགས་ཀྱི་ནང་དུ་འོང་སྟེ་ཁོང་འཛིན་བཟུང་བཙན་འཁྲིད་བྱས་ཡོད་པ་རེད། སྐབས་དེར་རྒྱ་གཞུང་གིས་ཁོང་གི་ནང་དུ་བསྔོག་བཤེར་བྱས་མཐར་༧གོང་ས་མཆོག་གི་སྐུ་པར་དང་ལོ་རྒྱུས་ཀྱི་དེབ་གཅིག་མ་གཏོགས་གཞན་ཅི་ཡང་རེག་མེད་མོད། ཁོང་ལ་རྒྱལ་ཁབ་ཁ་བྲལ་གྱི་ནག་ཉེས་བཙན་འགལ་གྱིས་ལོ་གཉིས་ཙམ་རིང་བཙོན་འཇུག་ཐོག་མི་སྤྱོད་ལས་འདས་པའི་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་སྟེ་མཐར། ༢༠༠༠ ལོར་ཁོང་གི་གཟུགས་པོ་ནད་གཅོང་བཟོས་ཏེ་རིག་འཚོ་མི་ཐུབ་པའི་གནས་སྟངས་འོག་ཕྱིར་རང་ཁྱིམ་དུ་རྩིས་སྤྲོད་བྱས་ཏེ། ལོ་བཅུའི་རིང་ཁྱིམ་དུ་བཟང་བཙོན་ལྟ་རྟོགས་འོག་བཞག་ཡོད་པ་རེད།
དེ་ལྟར་ཁོང་གི་གཟུགས་པོ་ནད་གཅོང་ཆགས་སྟེ་གོམས་ཁ་འཁྱོར་ནས་འགྲོ་བསྐྱོད་ལེགས་པོ་མི་ཐུབ་པར་བརྟེན། ཕྱི་ལོ་ ༢༠༡༢ ལོར་སྟབས་མ་ལེགས་པར་བརྡབ་སྐྱོན་བྱུང་སྟེ་གཟུགས་པོའི་གནས་སྟངས་སྔར་བས་ཇེ་སྡུག་ཏུ་ཕྱིན་ཡོད། ཁོང་གི་ནང་མི་དང་། དགེ་ཕྲུག ཡུལ་མི་ཚོས་ཁོང་སྔ་རྗེས་སྨན་པར་བསྟན་ཡང་ཕན་འབྲས་ཅི་ཡང་མ་བྱུང་པར། མཐར་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༡ ཉིན་གྱི་བོད་ནང་གི་ཞོགས་པའི་ཆུ་ཚོད་དང་པོ་ཙམ་ལ་འདས་གྲོངས་སུ་ཕྱིན་ཡོད་པ་རེད།
རྒྱ་ཡེ་ཕུན་ཚོགས་ལགས་ནི་ཕྱི་ལོ་ ༡༩༣༢ ལོར་བོད་མདོ་སྨད་རྒྱ་ཡེ་ས་ཆར་སྐྱེས་ཤིང་། རྗེས་སུ་མདོ་སྨད་དྷི་ཚ་དགོན་དུ་ཞུགས་ཏེ་ནང་བསྟན་མཚན་ཉིད་རིག་པ་དང་སུམ་རྟགས་དག་གསུམ་སོགས་སློབ་གཉེར་གནང་ཡོད་པ་དང་། ཕྱི་ལོ་ ༡༩༥༨ དང་རིག་གསར་སྐབས་སུ་བཀག་ཉར་འཐབ་རྩོད་དང་མནར་གཅོད་མང་པོ་མྱངས་ཡོད་པ་རེད། ཕྱི་ལོ་ ༡༩༨༠ ཙམ་ལ་འབྲོག་པ་མང་ཚོགས་ཀྱི་དཀའ་ངལ་སེལ་ཆེད་རྒྱ་ནག་དབུས་གཞུང་ལ་གཏུགས་གཤེར་རིམ་པར་བྱས་མཐར་རྒྱ་དམག་གིས་བདག་གཉེར་བྱས་ཡོད་པའི་འབྲོག་ས་མང་པོ་ཞིག་ས་གནས་བོད་རིགས་མང་ཚོགས་ལ་ཕྱིར་ཐོབ་ཐུབ་པ་བྱུང་ཡོད། དེར་མ་ཟད། ཕྱི་ལོ་ ༡༩༨༠ ལོར་རྒྱ་ནག་དམར་ཤོག་སྤྱི་ཁྱབ་དྲུང་ཆེ་ཧུའུ་ཡོ་པཱང་མཚོ་ལྷོ་ས་ཆར་གཟིགས་སྐོར་དུ་ཕེབས་སྐབས། རྒྱ་ཡེ་ཕུན་ཚོགས་ལགས་ཀྱིས་ས་གནས་བོད་རིགས་མི་མང་གི་དངོས་ཡོད་དཀའ་སྡུག་གནས་ཚུལ་ཡར་ཞུ་ཡོད། ཕྱི་ལོ་ ༡༩༨༡ ནས་མགོ་བརྩམས་ཏེ་ཁོང་གིས་ས་གནས་འབྲོག་ཁུལ་དུ་རྒྱ་ཡེ་སློབ་གྲྭ་ཟེར་བ་ཞིག་གསར་འཛུགས་བྱས་ཏེ། ད་ལྟའི་བར་བྱིས་པ་བརྒྱ་ཕྲག་མང་བོར་སློབ་སྦྱོང་གི་གོ་སྐབས་སྤྲད་དེ་བོད་ཁུལ་གྱི་བྱིས་པའི་སློབ་གསོའི་ཐད་བྱས་རྗེས་ཆེན་པོ་བཞག་ཡོད། ཕྱི་ལོ་ ༡༩༨༧ ཙམ་ལ་མཚོ་སྔོན་པོའི་མཚོ་འགྲམ་དུ་རྟེན་གཞི་བྱས་ཡོད་པའི་ ༡༥༡ ལྟེ་གནས་ཞེས་པའི་རྡུལ་མཚོན་འཕུར་མདའ་བཟོ་བསྐྲུན་ཁང་དེ་གནས་སྤོར་གཏོང་རྒྱུར་ཞུ་གཏུགས་རིམ་པར་ཞུས་ཡོད། ཕྱི་ལོ་ ༡༩༨༨ ལོར་ ༡༥༡ ལྟེ་གནས་ཀྱི་ས་ཆར་བོད་ཀྱི་མི་རིགས་སློབ་འབྲིང་ཐོག་མ་བཙུགས་ཐུབ་བྱུང་སྐབས། རྒྱ་ཡེ་ཕུན་ཚོགས་ལགས་ཀྱིས་སློབ་གྲྭ་དེ་གའི་སློབ་སྤྱིའི་འགན་འཁུར་ཡོད་པ་རེད། ཕྱི་ལོ་ ༡༩༩༢ ལོར་ཁོང་རྒྱ་གར་དུ་འོངས་ནས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་ཏེ་སྐུ་མདུན་ནས་དགེ་སློང་གི་སྡོམ་པ་ཞུས་ཞིང་གནས་མཇལ་སོགས་གྲུབ་རྗེས། ཕྱིར་བོད་ལ་ལོག་ནས་མཚོ་སྔོན་པོའི་མཚོ་སྙིང་དུ་རྟེན་བཞེངས་དང་། སྐུ་འབུམ་སྟག་འཚེར་དང་རི་བོ་ཉི་ཟླ་སོགས་གྱི་བོད་རིགས་བོད་སྐད་མི་ཤེས་པའི་བྱིས་པ་ཚོར་བོད་ཡིག་སློབ་ཁྲིད་ཀྱི་ལས་གཞི་ཞིག་ཀྱང་སྤེལ་ཡོད་པ་རེད། དེ་ལྟར་ཁོང་གི་མི་ཚེ་ཧྲིལ་བོར་བོད་མི་རིགས་ཀྱི་སྐད་ཡིག་རིག་གནས་དང་ས་གནས་བོད་རིགས་མང་ཚོགས་ཀྱི་དཀའ་སྡུག་ལ་ཞབས་ཞུའི་ཕྱག་ལས་གནང་ཡོད། ཡིན་ནའང་། རྒྱ་གཞུང་གིས་རྒྱལ་ཁབ་ཁ་བྲལ་གྱི་ཉག་ཉེས་བཀལ་ཏེ་ཁོང་རང་ལོ་ ༦༨ ཐོག་འཇུ་བཟུང་བཙོན་འཇུག་གིས་མནར་གཅོད་ཚད་མེད་བཏང་ཐོག མཐར་ནད་གཅོང་གི་རྐྱེན་པས་རིག་འཚོ་མི་ཐུབ་པར་གྱུར་ཏེ་དཀའ་སྡུག་ཚད་མེད་མྱངས་མཐར་རང་ལོ་ ༨༤ སྟེང་འདས་གྲོངས་ཕྱིན་ཡོད་པ་རེད།