བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་དགུང་གྲངས་ ༨༡ སོན་པའི་བོད་མི་བགྲེས་སོང་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་རྒྱ་ནག་གི་གདུག་རྩུབ་ཅན་གྱི་སྲིད་ཇུས་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེག་གནང་སྟེ་འདས་གྲོངས་སུ་གྱུར་བར་མྱ་ངན་གུས་འདུད་ཞུ།
ཉེ་ལམ་ཕྱི་ཟླ་ ༣ ཚེས་ ༢༧ ཉིན་གྱི་ཞོགས་པའི་ཆུ་ཚོད་ལྔ་པ་ཡས་མས་སུ་ཨ་མདོ་རྔ་པ་རྨེའུ་རུ་མ་རུ་ཆེན་གསུམ་པའི་ཁྱིམ་ཚང་ཕུར་རྩ་ཚང་ནས་ཡིན་པའི་བཀྲ་ཤིས་ཕུན་ཚོགས་ངམ་བསྡུས་མིང་ལ་བཀྲ་ཕུན་ཟེར་བ་ཞིག་གིས་རྔ་པ་ཀིརྟི་དགོན་པའི་ཉེ་འཁྲིས་སུ་ཡོད་པའི་རྒྱ་གཞུང་སྤྱི་བདེ་ཉེན་རྟོག་ལས་ཁུངས་ཀྱི་མདུན་དུ་རང་ལུས་མེར་བསྲེག་གནང་འདུག
འདི་ག་ལྟེ་གནས་ཁང་དུ་ཁུངས་ལྡན་གྱི་གནས་ཚུལ་འབྱོར་བ་ལྟར་ན་བཀྲ་ཕུན་ལགས་ཀྱིས་རང་ལུས་མེར་བསྲེག་བཏང་རྗེས་ཉེན་རྟོག་པས་གསལ་ཁ་མེད་པའི་ས་གནས་ཞིག་ཏུ་བཙན་ཁྲིད་བྱས་ཡོད་པ་དང་ཁོང་ཉིད་གནས་དེ་རུ་འདས་གྲོངས་སུ་གྱུར་ཡོད་པ་རེད།
རྒྱ་ནག་གཞུང་གིས་བོད་ནང་དུ་ཧ་ཅང་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་པ་དང་ཁོང་གི་རང་ལུས་མེར་བསྲེག་བཏང་རྗེས་ལྷག་ཏུ་དམ་དྲག་ཇེ་ཆེར་སོང་བར་བརྟེན་ད་ལྟའི་ཆར་དམ་པ་ཁོང་གི་སྐུ་ཕུང་ནང་མིར་རྩིས་སྤྲོད་བྱས་ཡོད་མེད་སོགས་ཀྱི་གནས་ཚུལ་གསལ་ཁ་གང་ཡང་མི་འདུག
ཁོང་གི་རང་ལུས་མེར་བསྲེག་གནང་སའི་སྤྱི་བདེ་ཉེན་རྟོག་ལས་ཁུངས་དེ་ཉིད་རྔ་པ་ཀིརྟི་དགོན་པའི་ཉེ་འཁྲིས་སུ་ཆགས་ཡོད་པ་རེད། དེ་ནི་ཕྱི་ལོ་ ༢༠༠༨ ལོའི་ཡར་སྔོན་དུ་རྔ་པ་ཀིརྟི་དགོན་པར་དོ་དམ་ཆེད་བཙུགས་པ་ཞིག་ཡིན་འདུག
ལོ་ལྟར་ཕྱི་ཟླ་གསུམ་པ་ནི་རྒྱ་ནག་གི་ངོས་ནས་ཧ་ཅང་“ཆབ་སྲིད་ཀྱི་ཚོར་ཤུགས་”ལྡན་པའི་ཟླ་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དེ་ནི་བོད་མིའི་སྒེར་ལངས་གསུམ་བཅུའི་དུས་དྲན་དང་རྒྱ་ནག་གི་ཆབ་སྲིད་གྲོས་ཚོགས་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གཉིས་ཚོགས་རྒྱུའི་དུས་ཚོད་ལ་འཁེལ་གྱི་ཡོད་པར་བརྟེན་བོད་ས་ཡོངས་ལ་སྔར་ལས་ལྷག་པའི་དོགས་ཟོན་དང་དམ་དྲག་རྒྱ་ཆེར་བྱེད་ཀྱི་ཡོད།
གནས་ཚུལ་མཁོ་སྤྲོད་པས་གསུང་རྒྱུར་“ལོ་རེའི་ཕྱི་ཟླ་གསུམ་པར་རྒྱ་ནག་གཞུང་གིས་བོད་མི་ཚོར་གང་བྱུང་དུ་བསྔོག་བཤེར་དང་འདྲི་བརྩད་བྱེད་པ་དང་། འགྲོ་འདུག་ལ་ཚོད་འཛིན་བྱས་ཏེ་དམ་དྲག་ཚད་མེད་བྱེད་ཀྱི་ཡོད་པ་རེད། འདི་ལོར་ཡང་གཅིག་མཚུངས་བྱས་པར་བརྟེན་བོད་མི་རྣམས་འུ་ཐུག་ཐབས་ཟད་དེ་རང་ལུས་མེར་བསྲེག་གི་གནད་དོན་འདི་འདྲ་འབྱུང་བ་ཡིན་པས་དེས་བོད་ནང་དུ་དམ་དྲག་ཧ་ཅང་ཆེ་བ་མཚོན་ཐུབ”ཅེས་འགྲེལ་བརྗོད་གནང་སོང་།
གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་བརྗོད་དོན་“བཀྲ་ཕུན་ལགས་ནི་དུས་རྟག་ཏུ་བོད་དོན་ལ་སེམས་ཁུར་དང་ལ་རྒྱ་ཡོད་མཁན་ཞིག་ཡིན་འདུག དཔེར་ན་༢༠༢༡
ལོར་ཁོང་གི་བརྒྱད་ཅུའི་གྱ་སྟོན་སྐབས་སུ་༸རྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་བྱིན་རླབས་ཀྱིས་བོད་ལ་སྐྱིད་པའི་ཉི་མ་ཞིག་ཤར་རྒྱུ་ཡོད་པ་གཏན་འཁེལ་ཡིན་པས། ན་ཆུང་གཞོན་ནུ་ཚོའི་སེམས་ཤུགས་མ་ཆགས་”ཞེས་གཏམ་བཤད་སྤེལ་ཚུལ་འགྲེལ་བརྗོད་གནང་སོང་།
འདི་ག་ལྟེ་གནས་ཁང་གིས་རྒྱ་ནག་གཞུང་གིས་ངེས་པར་དུ་བཀྲ་ཕུན་ལགས་ཀྱི་སྐུ་ཕུང་ནང་མིར་རྩིས་སྤྲད་དེ་བོད་ཀྱི་སྲོལ་རྒྱུན་གྱི་འགྲོ་ལུགས་ལྟར་འདས་མཆོག་སྒྲུབ་བཅུག་དགོས་པ་མ་ཟད་བཙན་ཤེད་དང་འཇིགས་སྐུལ་འོག་ཁོང་གི་ནང་མི་དང་གཉེན་ཉེར་སྐུ་ལུས་མེར་བསྲེག་བཏང་བའི་རྒྱུ་མཚན་གཞན་ཡིན་ཚུལ་ཤོད་དགོས་པའི་བཙན་བཀའ་མི་གཏོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། རྒྱ་ནག་གཞུང་གིས་བོད་མི་སྐུ་ལུས་མེར་བསྲེག་གཏོང་མཁན་ཚོའི་མི་གཞི་ཀུན་སྤྱོད་མི་ལེགས་པའམ་སེམས་ཁམས་བདེ་ཐང་མིན་ཚུལ་སོགས་ཀྱི་རྫུན་བཤད་ནས་འཕྲལ་སེལ་ཙམ་ལ་གཡོལ་ཐབས་བྱེད་པ་ལས་ཕྱི་ལོ་ ༡༩༤༩ ལོར་ཁྲིམས་འགལ་གྱིས་བོད་ལ་བཙན་འཛུལ་བྱས་པ་ནས་བཟུང་བོད་ནང་དུ་ཧ་ཅང་དམ་དྲག་གི་སྲིད་ཇུས་ལག་བསྟར་བྱས་དང་བྱེད་མུས་ཡིན་པ་དེ་ནི་བོད་མི་ཚོས་རང་ལུས་མེར་བསྲེག་གཏོང་རྒྱུའི་རྐྱེན་རྩ་ཉག་གཅིག་ཡིན་པ་ཁས་བླངས་ཏེ་རང་གི་དྲག་གནོན་གྱི་སྲིད་ཇུས་རྣམས་ལ་བཟང་ཕྱོགས་ནས་བཅོས་བསྒྱུར་བྱེད་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན།