བོད་མདོ་སྨད་བིས་མདོ་དགོན་ཆེན་གྱི་གྲྭ་བརྩོན་འགྲུས་དང་ཚུལ་ཁྲིམས་གཉིས་རྒྱ་གཞུང་གིས་འཇུ་བཟུང་བཀག་ཉར་འོག་འདས་པའི་ཟླ་ ༥ རིང་གར་སོང་ཆ་མེད་དུ་གྱུར་མཐར། འདི་ལོའི་ཕྱི་ཟླ་ ༤ ཚེས་ ༡༨ ཉིན་མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཁུལ་ཡ་རྫི་རྫོང་མི་དམངས་ཁྲིམས་ཁང་གིས་ཁོང་གཉིས་ལ་ལོ་ ༣ རེའི་བཙོན་འཇུག་ཁྲིམས་ཐག་བཅད་དེ། ནང་མི་ཉེ་འབྲེལ་ཚོར་ཐུག་འཕྲད་ཐེངས་གཅིག་བྱེད་བཅུག་རྗེས་སླར་ཡང་གར་ཡོད་གནས་སྟངས་ཆ་མེད་དུ་གྱུར་ཡོད་འདུག
ཕྱི་ལོ་ ༢༠༡༢ ལོའི་ཕྱི་ཟླ་ ༡༡ ཚེས་ ༡༩ ཉིན་བོད་མདོ་སྨད་མཚོ་ཤར་ས་ཁུལ་ཡ་རྫི་རྫོང་ཁོངས་རྐང་ཚ་སྡེ་བའི་རང་ལོ་ ༢༥ ཡིན་པའི་དབང་ཆེན་ནོར་བུ་ལགས་ཀྱིས་རྒྱ་གཞུང་གིས་བོད་འཛིན་པའི་དྲག་གནོན་དབང་སྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་འདས་གྲོངས་སུ་གྱུར་སྐབས། བིས་མདོ་དགོན་ཆེན་དུ་གྲྭ་བ་རྣམས་ཀྱིས་འདས་པོ་ཁོང་ལ་མཆོད་འབུལ་སྨོན་ལམ་གསུང་ཡོད་པ་དང་། ཕྱི་ཚེས་ ༢༡ ཉིན་བིས་མདོ་དགོན་ཆེན་དང་དགོན་སྡེ་གཞན་གྱི་གྲྭ་བ་རྣམས་དང་ས་གནས་མང་ཚོགས་བཅས་འདས་པོ་ཁོང་གི་ནང་མིར་མྱ་ངན་འཚམས་འདྲི་བསྐྱོད་སྐབས། ས་གནས་རྫོང་གི་མགོ་ཁྲིད་དང་ལས་བྱེད། ཉེན་རྟོག་པ་རྣམས་ཀྱིས་རྐང་ཚ་ཞང་གི་ཉེ་འདབས་གསེར་སྒའི་ཉག་ག་ནས་བཀག་འགོག་བྱས་ཡོད་པ་དང་། ཕྱིས་སུ་རྫོང་དང་ས་གནས་ཉེན་རྟོག་པས་གྲྭ་བ་དང་མི་སྐྱ་མང་པོ་འཇུ་བཟུང་འདྲི་གཅོད་སོགས་བྱས་ཏེ་ས་གནས་མང་ཚོགས་ལ་སུན་གཙེར་རབ་དང་རིམ་པ་བྱས་མཐར། གྲྭ་བརྩོན་འགྲུས་དང་དགེ་འདུན་ཚུལ་ཁྲིམས་གཉིས་མུ་མཐུད་འཇུ་བཟུང་བཀག་ཉར་འོག་གར་སོང་ཆ་མེད་གྱུར་ཡོད་པ་མ་ཟད། ཁོང་གཉིས་ཁྲིམས་ཐོག་ནས་འཇུ་བཟུང་བཀག་ཉར་བྱས་ཟིན་པའི་བརྡ་ལན་ཡི་གེ་གང་ནང་མིར་སྤྲད་མེད་པ་དང་། དགོན་པའི་བླ་མ་དང་སྡེ་དཔོན་གཙོས་ཁོང་གཉིས་ཀྱི་ནང་མི་ཚོས་ས་གནས་རྒྱ་གཞུང་ལ་ཁོང་གཉིས་ལ་ནག་ཉེས་གང་ཡང་མེད་པའི་ཞུ་གཏུགས་དང་། སྔ་ཕྱིར་ཐེངས་ ༥ ལྷག་ལ་ནང་མི་ཐུག་འཕྲད་ཡོང་ཐབས་ཀྱི་རེ་སྐུལ་ཞུས་ཡོད་ཀྱང་། རྒྱ་གཞུང་འབྲེལ་ཡོད་སྡེ་ཁག་གིས་ཁོང་གཉིས་ཡ་རྫི་རྫོང་ཐོག་ཏུ་བཀག་ཉར་བྱས་ཡོད་སྐོར་འགྲེལ་བརྗོད་ཙམ་ལ་ཐུག་འཕྲད་བྱེད་བཅུག་མེད་པ་རེད།
ཉེ་སྔོན་འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ཟླ་ ༤ ཚེས་ ༡༨ (བོད་ཟླ་ ༣ ཚེས་ ༨) ཉིན། མཚོ་སྔོན་ཡ་རྫི་རྫོང་མི་དམངས་ཁྲིམས་ཁང་གིས་བིས་མདོ་ཞང་ཆུ་རྐྱལ་གོང་མ་སྡེ་བའི་རང་ལོ་ ༢༧ ཙམ་ཡིན་པའི་གྲྭ་བརྩོན་འགྲུས་ལགས་སུ། རྒྱལ་གཅེས་དཔའ་བོ་དབང་ཆེན་ནོར་བུ་ལཊ་ཀྱི་ཆེད་དུ་དགོན་པའི་ནང་བསྔོ་སྨོན་མཆོད་འབུལ་གོ་སྒྲིག་གནང་མཁན་དང་། ཕྱི་ཚེས་ ༢༡ ཉིན་རྫོང་གི་མགོ་ཁྲིད་དང་ལས་བྱེད། ཉེན་རྟོག་པ་བཅས་ཀྱིས་བཀག་འགོག་བྱས་སྐབས། ས་གནས་དེ་གར་བསྔོ་སྨོན་གསུང་འདོན་གྱི་དབུ་མཛད་གནང་མཁན་བཅས་ཡིན་པའི་ཉེས་མིང་འོག་ལོ་ ༣ ཀྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་དང་། བིས་མདོ་ཞང་གཤོངས་ཡུལ་སྡེ་བའི་རང་ལོ་ ༣༠ ཙམ་ཡིན་པའི་གྲྭ་དགེ་འདུན་ཚུལ་ཁྲིམས་ལགས་སུ། སྐབས་དེ་དུས་གྲྭ་བ་ཚོ་རྐང་ཚ་ཞང་དུ་བསྐྱོད་སྐབས་འབྲེལ་བ་བྱེད་མཁན་དང་ཞལ་འདེབས་བསྡུ་རུབ་བྱེད་མཁན། རླངས་འཁོར་གོ་སྒྲིག་གནང་མཁན་བཅས་ཀྱི་ཉེས་མིང་འོག་ལོ་ ༣ ཀྱི་བཙོན་འཇུག་ཁྲིམས་ཐག་བཅས་བཅད་ཡོད་འདུག
ཁྲིམས་ཐག་བཅད་པའི་ཉིན་དེར་ས་གནས་རྒྱ་གཞུང་གིས་ཁོང་གཉིས་ཀྱི་ནང་མིར་བརྡ་བཏང་ཡོད་སྟབས། ཁོང་གཉིས་ཀྱི་ནང་མི་ཉེ་འབྲེལ་གྱི་གཙོས་ས་གནས་སེར་སྐྱ་མང་ཚོགས་ཧ་ཅང་མང་པོ་བསླེབས་ཡོད་འདུག ཡིན་ནའང་། ཁྲིམས་ཐག་གཅོད་སའི་ཁྲིམས་རའི་ནང་རྒྱ་གཞུང་གི་གོ་སྒྲིག་ལྟར་ནང་མི་རེ་ཟུང་ཞིག་མ་གཏོགས། ས་གནས་མང་ཚོགས་རྣམས་ཁྲིམས་རའི་ནང་ཟུར་ཉན་དུ་ཡོང་བཅུག་མེད་པ་རེད། ཁྲིམས་ཐག་བཅད་ཚར་བའི་རྗེས་བཀག་ཉར་ཁང་དུ་ནང་མི་ཉེ་འབྲེལ་རྣམས་ཁོང་གཉིས་ལ་ཐུག་འཕྲད་ཐོག་མ་དེ་བྱེད་བཅུག་ཡོད་ཀྱང་། རྒྱ་གཞུང་འབྲེལ་ཡོད་མི་སྣས་ཉིན་དེར་ཁོང་གཉིས་ཟི་ལིང་དུ་འཁྲིད་རྒྱུ་ཡིན་ཚུལ་དང་། འབྱུང་འགྱུར་གྱི་ཟླ་གསུམ་རིང་ནང་མིར་ཐུག་འཕྲད་བྱེད་མི་ཆོག་པའི་སྐོར་བརྗོད་ཡོད་འདུག ཁོང་གཉིས་ལ་ཁྲིམས་ཐག་བཅད་ནས་ཟླ་ ༡ ལྷག་ཕྱིན་ཡོད་ནའང་། ད་ལྟའི་བར་ཁོང་གི་ནང་མི་ཉེ་འབྲེལ་ཚང་མས་ཁོང་གཉིས་གར་ཁྲིད་གང་ཡོད་ཀྱི་གནས་སྟངས་ཅི་ཡང་ཤེས་རྟོགས་ཐུབ་ཀྱི་མེད་འདུག
རྒྱ་གཞུང་གི་ཉེས་ཁྲིམས་ཞུ་གཏུགས་བཅའ་ཁྲིམས་ཀྱི་དོན་ཚན་ ༦༩ གཏན་འབེབས་ལྟར་ན། ཉེན་རྟོག་པས་དོགས་ཡོད་མི་སྣ་གང་དེ་ཉིན་ ༣ ལས་བཀག་ཉར་བྱེད་མི་ཆོག་པར། མི་དམངས་ཞིབ་དཔྱོད་ཁང་ལ་དོགས་ཡོད་གང་དེ་འཇུ་བཟུང་ཆོག་པའི་སྙན་ཞུ་འབུལ་དགོས་པ་དང་། མི་དམངས་ཞིབ་དཔྱོད་ཁང་གིས་ཉིན་ ༧ ནང་ཚུད་འཇུ་བཟུང་ཆོག་མིན་གྱི་ཡི་གེ་སྤྲོད་དེ། དོགས་ཡོད་ཉེས་ཅན་གྱི་ནང་མིར་དངོས་སུ་འཇུ་བཟུང་བྱས་ཟིན་པའི་བརྡ་སྦྱོར་གཏོང་དགོས་ཀྱི་ཡོད་མོད། བིས་མདོ་དགོན་པའི་གྲྭ་བརྩོན་འགྲུས་དང་དགེ་འདུན་ཚུལ་ཁྲིམས་གཉིས་འཇུ་བཟུང་བཀག་རྗེས། ས་གནས་རྒྱ་གཞུང་གིས་བཅའ་ཁྲིམས་ལྟར་ཁོང་གཉིས་ཀྱི་ནང་མིར་བརྡ་ལན་གང་ཡང་སྤྲད་མེད་པར་ཟླ་ ༥ ལྷག་རིང་གར་ཡོད་ཀྱི་གནས་སྟངས་མ་ཤེས་པར་གྱུར་ཡོད་པ་མ་ཟད། ཁྲིམས་བཤེར་གྱི་བརྒྱུད་རིམ་ཁྲོད་དུའང་ཁོང་གཉིས་ལ་སྒེར་ངོས་ནས་ཁྲིམས་རྩོད་པ་གླས་ཆོག་པའི་ཐོབ་ཐང་སོགས་ཅི་ཡང་སྤྲད་མེད་པ་རེད།
ལོ་སྔོན་མར་རྒྱ་གཞུང་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་། དབུས་ཉེན་རྟོག་སྡེ་ཁག་བཅས་ཀྱིས་མཉམ་འབྲེལ་ཐོག རྒྱལ་ཁབ་ཀྱི་བཅའ་ཁྲིམས་གཏན་འབེབས་ཀྱི་བརྒྱུད་རིམ་གང་ཡང་མེད་པའི་ཐོག་ནས། ༼བོད་ཁུལ་གྱི་རང་བསྲེགས་གྱོད་དོན་ཁྲིམས་ལྟར་ལག་ལེན་དང་འབྲེལ་བའི་བསམ་འཆར༽ ཞེས་པའི་ཁྲིམས་འགལ་གྱི་ཡིག་ཆ་དེ་བཀྲམས་རྗེས། བོད་མིའི་ཡུལ་སྲོལ་ལྟར་ནང་མི་རྐྱེན་འདས་སྐབས་དགོན་སྡེ་ཁག་ཏུ་བསྔོ་བ་སྨོན་ལམ་གསུངས་པ་དང་། ཡུལ་མི་ཕན་ཚུན་བར་མྱ་ངན་འཚམས་འདྲི་བསྐྱོད་མཁན་རྣམས་ཀྱང་ཁྲིམས་འགལ་གྱི་ངོ་བོར་བཙན་སྒྱུར་གྱིས་གང་བྱུང་འཇུ་བཟུང་དང་ཁྲིམས་ཐག་གཅོད་ཀྱིན་པའི་གནས་ཚུལ་འདི་ནི། རྒྱ་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་ཡིག་ཁག་རྡོག་རོལ་དང་རྒྱ་གཞུང་རང་ཉིད་ཀྱི་བཅའ་ཁྲིམས་རྩིས་མེད་ཐོག བོད་མི་རིགས་ལ་མི་མང་སྤྱི་མཚུངས་ལ་ཡོད་པའི་བཅའ་ཁྲིམས་ཀྱི་ཁེ་དབང་སྤྲོད་ཀྱི་མེད་པ་མ་ཟད། བོད་ཐོག་ལ་མི་རིགས་དབྱེ་འབྱེད་དང་མི་སེར་སྤེལ་བའི་བཙན་རྒྱལ་རིང་ལུགས་ཀྱི་ཁྲིམས་མེད་ལུགས་ཀྱི་བྱ་སྤྱོད་སྤེལ་བཞིན་པ་གསལ་བོར་མངོན་ཡོད།
མཚོ་སྔོན་ཞིང་ཆེན་མཚོ་ཤར་ཁུལ་ཡ་རྫི་རྫོང་བིས་མདོ་ཞང་ནི་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་འཁྲུངས་གཞིས་ཡིན་པ་དང་། ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༡༡ ཚེས་ ༡༩ ཉིན་ཡ་རྫི་རྫོང་ཁོངས་རྐང་ཚ་སྡེ་བའི་རང་ལོ་ ༢༥ ཡིན་པའི་དབང་ཆེན་ནོར་བུ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་ལ། ཁོང་ནི་བོད་ནང་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་མི་སེར་སྤེལ་བའི་དྲག་གནོན་དབང་སྒྱུར་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་མཁན་ ༨༠ པ་དེ་ཆགས་ཡོད།