མནར་གཅོད་ཕོག་མཁན་རྣམས་ལ་རྒྱབ་སྐྱོར་གྱི་རྒྱལ་སྤྱིའི་ཉིན་མོ་ཐེངས་ ༣༧ པ་སྲུང་བརྩི།

དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ཀྱིས་ལས་རིམ་དབུ་འཛུགས་དང་གཙོ་སྐྱོང་གནང་བ།

ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༦ ཚེས་ ༢༦ ཉིན།  མཉམ་འབྲེལ་རྒྱལ་ཚོགས་ནས་མནར་གཅོད་འགོག་པའི་སྤྱི་ཆིངས་གཏན་འབེབས་བྱས་ནས་མི་ལོ་ ༣༧ འཁོར་བའི་ ‘མནར་གཅོད་ཕོག་མཁན་རྣམས་ལ་རྒྱབ་སྐྱོར་གྱི་རྒྱལ་སྤྱིའི་ཉིན་མོར་’འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་རྒྱ་ནག་གཞུང་གི་བཙན་འོག་ནས་སྡུག་སྦྱོང་མནར་གཅོད་མྱངས་དང་མྱོང་མུས་ཡིན་པའི་བོད་ཀྱི་ཆབ་སྲིད་བཙོན་པ་དང་བཙོན་ཟུར་འདས་གསོན་ཡོངས་དང་འབྲེལ་ཡོད་ནང་མི་ཀུན་ལ་གདུང་སེམས་མཉམ་སྐྱེད་དང་གུས་འདུད་བླ་མེད་ཞུ་རྒྱུ་ཡིན།  

རྒྱ་གཞུང་གིས་བཀག་ཉར་ཁང་དང་བཙོན་ཁང་དུ་ཁྲིམས་ཀྱི་བརྒྱུད་རིམ་གང་ལའང་མི་བསྟུན་པར་བོད་མི་རྣམས་ལ་རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་སོགས་ཀྱི་ཉེས་མིང་བཀལ་བར་བཙན་ཤེད་ཀྱི་ཁས་ལེན་ཐོབ་ཆེད་དུ་དུས་ངེས་མེད་དུ་གསང་བའི་བཀག་ཉར་བྱས་ནས་གློག་དབྱུག་གིས་བཞུ་བ་དང་རྡུང་རྡེག་དྲག་པོ་གཏོང་བ།  གནམ་བཏགས་རྒྱག་པ། རྐང་བཀྱིགས་ལག་སྒྲོག་བྱེད་པ། ཚ་དྲོད་ཤིན་ཏུ་ཆེ་ས་དང་གྲང་ངར་ཧ་ཅང་ཆེ་སར་ཡུན་རིང་སྡོད་དུ་བཅུག་པ། དུས་ཡུན་རིང་པོར་ཁེར་བཅུག་བྱེད་པ། ཁ་ཟས་དང་ཆུ་མི་སྤྲོད་པ།  གཉིད་གཅོག་པ་སོགས་ནི་རྒྱུན་ལྡན་དུ་སྤྱོད་བཞིན་པའི་མནར་གཅོད་ཀྱི་རྣམ་གྲངས་ཁག་ཅིག་ཡིན། 

ལྟེ་གནས་ཁང་གི་འཛིན་སྐྱོང་འགན་འཛིན་བསྟན་འཛིན་ཟླ་བ་ལགས་ཀྱིས་ཕེབས་བསུ་དང་སྦྲགས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་བ།

རྒྱུ་གཞུང་གིས་བོད་མི་རྣམས་ལ་དེ་ལྟ་བུའི་མནར་གཅོད་དྲག་པོ་གཏོང་བཞིན་པའི་རྐྱེན་གྱིས་འདས་པའི་མི་ལོ་ལྔ་ཙམ་ནང་དུའང་ནོར་བཟང་ལགས་དང་། འཇིགས་མེད་རྒྱ་མཚོའམ་བླ་བྲང་འཇིགས་མེད་ལགས། ཆོས་སྐྱིད་ལགས། ལྷ་མོ་ལགས། བསྟན་འཛིན་ཉི་མ་ལགས། དགེ་བཤེས་ཕན་བདེ་རྒྱལ་མཚན་ལགས། ཕྱུག་དར་ལགས་སོགས་བོད་མི་མི་ཉུང་བ་ཞིག་བཀག་ཉར་ཁང་གི་མནར་གཅོད་ཀྱི་རྐྱེན་པས་རྐྱེན་ལམ་སོང་ཡོད། དེ་བཞིན་མནར་གཅོད་དྲག་པོ་བཏང་བའི་རྐྱེན་གྱིས་བོད་ཀྱི་ཆབ་སྲིད་བཙོན་པ་དང་བཙོན་ཟུར་མང་པོ་དབང་པོ་སྐྱོན་ཅན་དང་གཅོང་ནད་ཅན་དུ་བསྒྱུར་ཡོད། རྒྱ་གཞུང་གི་མནར་གཅོད་ནི་བཙོན་ཁང་དང་བཀག་ཉར་ཁང་དུ་ཚུད་རིང་ཙམ་མ་ཡིན་པར་བཙོན་གྲོལ་ཐོབ་པའི་རྗེས་ཡང་མུ་མཐུད་འབྱུང་བཞིན་ཡོད་པ་མ་ཟད་བཙོན་པ་དོ་བདག་ཙམ་མ་ཡིན་པར་ནང་མི་ཉེ་འབྲེལ་ཚོའི་བྱིས་པ་སློབ་འཇུག་བྱེད་དུ་མི་འཇུག་པ་དང་། ལས་གཉེར་བྱེད་དུ་མི་འཇུག་པ། རོགས་རམ་གཅོད་པ་སོགས་དབྱུག་པ་ལེབ་རྡུང་གི་ཉེས་ཆད་གཏོང་བཞིན་འདུག

དེ་རིང་མནར་གཅོད་ཕོག་མཁན་རྣམས་ལ་རྒྱབ་སྐྱོར་གྱི་རྒྱལ་སྤྱིའི་ཉིན་མོ་དང་སྟབས་བསྟུན་འདི་ག་ལྟེ་གནས་ཁང་གིས་རྒྱ་གཞུང་གི་བཙོན་འོག་ཏུ་མི་ལོ་ ༡༣ རིང་སྡུག་སྦྱོང་མནར་གཅོད་ཚོད་མེད་མྱངས་རྗེས་བཙོན་འོག་ནས་སྐུ་སྲོག་ཤོར་བའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གིས་མྱངས་བའི་ཡ་ང་བའི་མནར་གཅོད་ཀྱི་བརྒྱུད་རིམ་ལ་བསྐྱར་དུ་དྲན་གསོ་ཞུ་བཞིན་ཡོད། ཁོང་གི་གནད་དོན་དེས་ཁོང་ཙམ་མ་ཡིན་པར་རྒྱ་གཞུང་གི་བཀག་ཁར་ཁང་དང་བཙོན་ཁང་དུ་མནར་གཅོད་མྱངས་དང་མྱོང་མུས་ཡིན་པའི་ཆབ་སྲིད་བཙོན་པ་ཚོའི་ཐུན་མོང་གི་གནས་བབ་མཚོན་ཐུབ་པ་ཡིན།  

རྒྱ་ནག་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་མཆོག་ལ་མནར་གཅོད་ཚད་མེད་བཏང་ནས་སྐུ་སྲོག་འཕྲོག་པ་དེ་ནི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ཀྱི་དོན་ཚན་ལྔ་པ་“མི་སུ་ལའང་མནར་གཅོད་དང་ སྡུག་རྩུབ་རང་བཞིན་གྱི་མི་སྤྱོད་ལས་འདས་པའི་བཅུན་ཐབས་སམ་ཉེས་ཆད་གཏོང་མི་རུང་།”ཞེས་པའི་དོན་ཚན་དང་ཐད་ཀར་འགལ་ཡོད་པ་མ་ཟད་རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༨༨ ལོར་མིང་བཀོད་དང་ལག་བསྟར་ཁས་ལེན་ཞུས་ཟིན་པའི་“མནར་གཅོད་དང་སྡུག་རྩུབ་རང་བཞིན་གྱི་མི་སྤྱོད་ལས་འདས་པའི་བཅུན་ཐབས་སམ་ཉེས་ཆད་རིགས་འགོག་པའི་རྒྱལ་སྤྱིའི་སྤྱི་ཆིངས་”ལའང་ཐད་ཀར་རྒྱབ་འགལ་དང་རྡོག་རོལ་བཏང་ཡོད།  མ་ཟད་“མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཙོན་པ་བཅུན་ཐབས་ཀྱི་མ་མཐའི་སྒྲིག་གཞིའི་”དོན་ཚན་ ༢༢ པར་བཙོན་པ་ཚང་མར་སྨན་བཅོས་ཀྱི་མཐུན་རྐྱེན་འདང་ངེས་བསྐྲུན་དགོས་ཞེས་བཀོད་པ་དེ་ཡང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ལ་ཐོབ་ཀྱི་མེད། 

ལྟེ་གནས་ཁང་གི་ཁྲིམས་དོན་ལས་བྱེད་ཕུར་བུ་སྒྲོལ་མ་ལགས་ཀྱིས་རྒྱའི་བཙོན་འོག་ཏུ་མནར་གཅོད་འོག་ཚེ་སྲོག་ཤོར་བའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཉི་ཤུའི་གནས་ཚུལ་སྙན་སྒྲོན་གནང་བ།

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཐོག་ནས་བཀག་ཉར་ཁང་དུ་བཙོན་པ་འདས་གྲོངས་སོང་བའི་གནད་དོན་འབྱུང་སྐབས་དོ་བདག་ལ་དྲང་བདེན་ཐོབ་ཆེད་དང་འབྲེལ་ཡོད་ནང་མིར་གུད་གསབ་ཚུལ་བཞིན་རག་ཐབས་སུ་སྲིད་གཞུང་གི་ངོས་ཐད་ནས་ངེས་པར་དུ་གནད་དོན་བརྩད་གཅོད་བྱེད་དགོས་པའི་ལས་འགན་བསྐུལ་ཡོད། 

དེ་ལྟ་བུའི་གནད་དོན་བརྩད་ཞིབ་བྱས་ཏེ་བཙོན་པའི་ཚེ་སྲོག་འཕྲོག་མཁན་གྱི་བཙོན་ཁང་ངམ་བཀག་ཉར་ཁང་གི་ལས་བྱེད་མི་སྣར་ཁྲིམས་ལྟར་ཉེས་ཆད་གཅོད་དགོས་པ་འཁོད་ཡོད།  རྒྱ་ནང་གཞུང་གིས་ངེས་པར་དུ་རྒྱལ་སྤྱིའི་ཁྲིམས་ཀྱི་སྐུལ་དོན་ལྟར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་འདས་རྐྱེན་ལ་ཕྱི་གསལ་ནང་གསལ་དང་དྲང་བདེན་གྱི་ཞིབ་འཇུག་འཐུས་ཚང་བྱ་དགོས་པ་མ་ཟད་ཁོང་ལ་མནར་གཅོད་གཏོང་མཁན་འབྲེལ་ཡོད་བཙོན་ཁང་གི་་ལས་བྱེད་པར་ཁྲིམས་ལྟར་ཉེས་ཆད་གཅོད་དགོས། དེ་ལྟར་བྱུང་ན་གཞི་ནས་བོད་མི་མང་པོ་བཀག་ཉར་ཁང་དང་བཙོན་ཁང་དུ་མནར་གཅོད་དྲག་པོ་ཐེབས་ནས་ཚེ་སྲོག་ཤོར་བཞིན་པའམ་དབང་པོ་སྐྱོན་ཅན་དུ་འགྱུར་བཞིན་པའི་ཡ་ང་བའི་གནས་ཚུལ་འགོག་ཐུབ་པ་ཡིན་ལ་རྒྱ་ནག་དེ་ཉིད་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེ་ཤོས་གཏོང་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པའི་སྣང་བརྙན་དེ་ལའང་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་ངེས་ཡིན།  

བོད་ཀྱི་ཆབ་སྲིད་བཙོན་ཟུར་ཞིང་གཤེགས་དམ་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས་བརྙན་ལམ་ནས་གསུང་བཤད་གནང་བ།

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས་འདི་ག་ལྟེ་གནས་ཁང་ལ་བརྙན་ལམ་ནས་ཞུ་སྐུལ་གནང་དོན་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་དྲང་བདེན་ལ་འགེབ་གཡོག་མ་བྱས་པར་རིན་པོ་ཆེའི་འདས་རྐྱེན་སོགས་ལ་མུ་མཐུད་བརྩད་གཅོད་ནན་པོ་བྱས་ནས་རྒྱའི་བཙོན་འོག་གི་བོད་མི་རྣམས་ལ་དེ་རིགས་ཀྱི་ཆག་འཇིགས་མི་འབྱུང་ཐབས་འཐེན་དགོས་པ་གསུངས་ཤིང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ཐུགས་རེ་མུ་མཐུད་རྗེས་རབས་པའི་སེམས་ཁོང་ན་གསོན་པོར་གནས་ཡོད་པ་གསུངས་སོང་། 

རྒྱལ་སྤྱིའི་ཁྲིམས་ཐོག་ནས་བཀག་བསྡོམས་ནན་པོ་བྱས་མིན་ལ་མ་བལྟོས་པར་རྒྱ་གཞུང་གིས་ད་དུང་འཆར་གཞི་དང་དམིགས་ཡུལ་ལྡན་པའི་ངང་ནས་བོད་མི་རྣམས་གྲགས་འགུལ་མེད་པ་བཟོ་ཕྱིར་དུ་མནར་གཅོད་ཀྱི་རྣམ་གྲངས་སྣ་ཚོགས་ཤིག་སྤྱོད་བཞིན་ཡོད་པ་བརྟེན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གནང་མཁན་གྱི་ཚོགས་སྡེ་སྤྱི་སྒེར་ཡོངས་ནས་རྒྱ་གཞུང་ལ་དངོས་ཤུགས་བརྒྱུད་གསུམ་གྱི་གནོན་ཤུགས་སྤྲད་ནས་དེ་རིགས་ཁྲིམས་འགལ་གྱི་བྱ་སྤྱོད་མཚམས་འཇོག་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུའི་འགན་འཁྲི་ལྕི་མོ་ཕྲག་ཏུ་བབས་པ་དེ་རིང་ལྷག་ཏུ་དྲན་དགོས། 

འདི་ག་ལྟེ་གནས་ཁང་ནས་དེ་རིང་ནས་བཟུང་ཉིན་ཉི་ཤུའི་རིང་རྒྱ་གཞུང་གི་བཀག་ཉར་དང་མནར་གཅོད་འོག་ཚེ་སྲོག་ཤོར་སོང་བའི་བོད་མི་ཉི་ཤུ་ཙམ་གྱི་ལོ་རྒྱུས་ལ་ཉིན་བཞིན་ཕྱིར་དྲན་བྱས་ནས་ཁོང་ཅག་གི་སྙིང་སྟོབས་དང་བློས་གཏོང་ལ་གུས་འདུད་བླ་མེད་ཞུ་རྒྱུ་ཡིན་ལ་ཤུལ་ལུས་ནང་མི་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན།  

དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་སྒྲོལ་མ་ལགས་ཀྱིས་ལས་རིམ་འཇུག་བསྡོམས་དང་མིང་རྟགས་བསྡུ་བའི་ལས་འགུལ་གསལ་བསྒྲགས་གནང་བ།

གློག་འཕྲིན།: [email protected]

ཁ་པར།: +91 9810392872

to top