The authorities of the People’s Republic of China (PRC) stepped up a close vigil and control in Lhasa, Tibet’ capital city and other parts of Tibet around the 40th founding anniversary of the…
འཆི་མེད་རྡོ་རྗེ། བློ་བཟང་ཚེ་རྒྱལ། བློ་བཟང་དཔལ་ལྡན། བློ་བཟང་སྦྱིན་པ། བྱམས་པ་བཀྲ་ཤིས་བཅས་ནི་བོད་རང་ལྗོངས་ཆབ་མདོ་ས་ཁུལ་དཔག་ཤོད་རྫོང་ཁོངས་ཀྱི་ཞོལ་པ་ཤང་ནང་ཡོད་པའི་སེར་སྤུ་དགོན་པའི་གྲྭ་པ་ཡིན་པ། ཕྱི་ལོ་༡༩༩༢ལོའི་ཟླ་༤ ཙམ་ལ་ཁོང་ལྔ་པོ་མཉམ་རུབ་ཐོག་སྡོད་ཤག་ནང་བོད་རང་བཙན་གྱི་སྦྱར་ཡིག་བྲིས་པ་དང་། མཉམ་དུ་མཚན་མོ་ལྐོག་ཏུ་དགོན་པ་ནས་ཕྱིར་ཐོན་གྱི་ཞོལ་པ་ཤང་དུ་བསྐྱོད་དེ་ཤང་སྲིད་གཞུང་གི་རྒྱལ་སྒོའི་སྒོ་བྱང་བཀོག་སྟེ་བཅག་པ་དང་། བོད་རང་བཙན་གྱི་སྦྱར་ཡིག་སྦྱར་པ་རེད། དེ་རྗེས་ཁོང་རྣམས་དུ་མུ་མཐུད་དེ་གོམ་བགྲོད་རྒྱབ་སྟེ་དཔག་ཤོད་རྫོང་དུ་བསྐྱོད་པ་རེད། དཔག་ཤོད་རྫོང་དུ་བསྐྱོད་པའི་ལམ་བར་མུན་པ་བསང་ཏེ་ཉི་མ་ཤར་ཙམ་ལ་ཞོལ་བ་ཤང་གི་ཧྲུའུ་ཅི་ཤང་གི་སྒོ་བྱང་གཏོར་བ་དང། བོད་རང་བཙན་གྱི་སྦྱར་ཡིག་སྦྱར་ཡོད་པ་ཤེས་རྟོགས་བྱུང་སྟེ་དྲི་རྩད་བྱེད་སྐབས་དགོན་པར་ཁོང་རྣམས་མེད་པ་ཤེས་རྟོགས་བྱུང་སྟེ་རྫོང་ལ་བསྐྱོད་བཞིན་པའི་སྐབས་སྟབས་མ་ལེགས་པར་ཁོང་ལྔ་དང་གདོང་ཐུག་བརྒྱབ་ནས་ཞོལ་པ་ཤང་གི་ཧྲུའུ་ཅི་ཡིས་གནས་ཚུལ་གང་ཡང་ཤེས་རྟོགས་བྱུང་མེད་ཚུལ་བྱས་ཏེ་དགོད་འཚེར་འཚེར་ངང་རྫོང་ལ་འགྲོ་མཁན་ཡིན་ན་རླངས་འཁོར་ནང་འཛུལ་ཤོག་ཅེས་བརྗོད་པས་ཁོང་ལྔ་བོ་ག་བྱེད་འདི་བྱེད་མེད་པར་རླངས་འཁོར་ནང་འཛུལ་བས། དེ་མ་ཐག་ཤར་རེར་རྫིང་སྤྱི་བདེ་ཅུད་དུ་བསྐྱོད་དེ་ཁོང་ལྔ་པོ་རྫོང་གི་ཉེན་རྟོག་པར་རྩིས་སྤྲོད་བྱས་པ་དང་སྦྲགས་ཞོལ་བ་ཤང་དུ་བྱུང་བའི་སྒོ་བྱང་གཏོར་བའི་དོན་རྐྱེན་རྣམས་སྙན་སེང་ཞུས་པས་ཁོང་རྣམས་རྫོང་སྤྱི་བདེ་ཅུད་ཀྱི་ལྟ་སྲུང་ཁང་དུ་བཀག་སྐྱིལ་བྱས་པ་རེད། དེ་རྗེས་རྫོང་གི་ཉེན་རྟོག་པས་ཁོང་རྣམས་ལ་དྲི་རྩད་བྱས་ཏེ་ཉེས་རྡུང་དྲག་པོ་བཏང་བ་དང་། བློ་བཟང་ཚེ་རྒྱས་ཀྱི་སྐེ་པར་ཉེན་རྟོག་དཔོན་རིགས་ཤིག་ནས་མེ་མདའ་བཞུས་ཏེ་སྐེད་པ་སྐྱོན་ཅན་དུ་གྱུར་བ་དང་། དུས་ཡུན་ཟླ་༤ ཙམ་རིང་རྫོང་སྤྱི་བདེ་ཅུད་དུ་བཀག་སྐྱིལ་བྱས་ཡོད། དེ་རྗེས་ཆབ་མདོ་ས་ཁུལ་སྤྱི་བདེ་ཁྲུའི་ལ་རྩིས་སྤྲོད་བྱས་ཏེ་ཆབ་མདོ་ས་ཁུལ་སྤྱི་བདེ་ཅུད་ལྟ་སྲུང་ཁང་དུ་བཙོན་འཇུག་བྱས་པ་རེད། ཆབ་མདོ་ལྟ་སྲུང་ཁང་དུ་དྲི་རྩད་བྱས་སྐབས་ཉེན་རྟོག་པས་འཆི་མེད་རྡོར་རྗེའི་མགོ་རྒྱང་ལ་བསྡབས་ནས་མགོ་ལ་སྨས་སྐྱོན་ཕོག་པ་དང་། མིག་ལ་ཡང་སྐྱོན་ཆེན་པོ་བྱུང་ཡོད་པ་དང། ཆབ་མདོ་སྤྱི་བདེ་ཁྲུའུ་ལྟ་སྲུང་ཁང་དུ་བཀག་སྐྱིལ་ཟླ ༤ ཙམ་རྗེས་ཆབ་མདོ་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་རྒྱལ་ཁབ་ཁ་བྲལ་གྱི་དྲིལ་བསྒྲགས་ངན་སྐུལ་ཉེས་མིང་ཐོག་ནས་འཆི་མེད་རྡོ་རྗེ་དུས་བཀག་བཙོན་འཇུག་ལོ་༡༥ བཟོས་པ་དང། ཆབ་སྲིད་དབང་ཆ་ལོ་༥ འཕྲོག་པ། བློ་བཟང་ཚེ་རྒྱས་ལ་དུས་བཀག་བཙོན་འཇུག་ལོ་༡༥ བཟོས་པ་དང། ཆབ་སྲིད་དབང་ཆ་ལོ་༥འཕྲོག་པ། བློ་བཟང་སྦྱིན་པར་དུས་བཀག་བཙོན་འཇུག་ལོ་༡༥བཟོས་པ་དང། ཆབ་སྲིད་དབང་ཆ་ལོ་༥འཕྲོག་པ་དང། བློ་བཟང་དཔལ་ལྡན་དང་བྱམས་པ་བཀྲ་ཤིས་གཉིས་ལ་ཁག་སོ་སོར་དུས་བཀག་བཙོན་འཇུག་ལོ་༡༢ བཟོས་པ་དང། ཕྱི་ལོ་༡༩༩༣ལོའི་ལོ་མཇུག་ཏུ་འཆི་མེད་རྡོ་རྗེ་དང། བློ་བཟང་ཚེ་རྒྱས། བློ་བཟང་དཔལ་ལྡན་བཅས་ལྷ་སའི་བྱང་ཕྱོགས་སུ་ཡོད་པའི་བོད་རང་སྐྱོང་ལྗོངས་གྲྭ་བཞིན་བཙོན་ཁང་དུ་བསྐྱལ་བ་དང། བྱམས་པ་བཀྲ་ཤིས་དང་། བློ་བཟང་དོན་ལྡན་གཉིས་ཀོང་པོར་ཡོད་པའི་སྤྲ་རྨོག་བཙོན་ཁང་དུ་བསྐྱལ་བ་རེད། ཁོང་རྣམས་ད་ལྟ་བཙོན་འཇུག་བྱེད་བཞིན་ཡོད་པ་དང་། འཆི་མེད་རྡོ་རྗེ་ཕྱི་ལོ་༡༩༩༨ལོའི་ཟླ་༥ཚེས་༡ ཚེས་༤ཉིན་གྲྭ་བཞི་བཙོན་ཁང་དུ་བཙོན་པས་ཞི་རྒོལ་སྐབས་བཙོན་སྲུང་བས་ཉེས་རྡུང་ཚབས་ཆེ་བཏང་རྐྱེན་ཁོང་གཟུགས་པོ་གཅོང་ཅན་དུ་གྱུར་ཡོད་པ་རེད།
ངའི་མིང་ལ་བློ་བཟང་ཆོས་འབྱོར་ཟེར་བ་དང་། འདི་ལོ་རང་ལོ་༢༢ སླེབས་ཀྱི་ཡོད། སྐྱེས་ཡུལ་ནི་མཚོ་སྔོན་ཞིང་ཆེན་སྐྱེ་རྒུ་མདོ་ཁུལ་སྐྱེ་མདོ་རྫོང་ཁོངས་ནས་ཡིན། ང་ཚོའི་ཁྱིམ་གྱི་འཚོ་རྟེན་ནི་ཞིང་ལས་ཡིན་པ་དང་། ང་རང་ལོ་བཅུ་དྲུག་མ་སོན་པར་ཞིང་ལས་བྱས་ཏེ་བསྡད་པ་ཡིན། རང་ལོ་༡༦ ནས་ང་རང་གི་འདོད་མོས་བཞིན་ཕ་ཡུལ་གྱི་རྣམ་རྒྱལ་གླིང་དགོན་པར་གྲྭ་བ་བྱས་པ་དང་། ང་ཚོའི་དགོན་པ་དེར་དགེ་འདུན་པ་༥༠ ཙམ་ལས་མེད། ལྷག་པར་ནང་ཆོས་སློབ་སྦྱོང་བྱེད་པའི་མཐུན་རྐྱེན་འཛོམས་པོ་མེད། གཙོ་བོ་ནི་དགེ་རྒན་ལེགས་པོ་མེད་སྟབས་ང་རང་ནང་ཆོས་སློབ་གཉེར་བྱ་འདུན་འོག་བོད་ཀྱི་རྒྱལ་ས་ལྷ་སར་ཡོད་པའི་འབྲས་སྤུངས་དགོན་པར་ནང་ཆོས་སློབ་གཉེར་བྱེད་པར་བསྐྱོད་རྒྱུར་འབྲས་སྤུངས་དགོན་པར་སློབ་གཉེར་བྱེད་བཞིན་པའི་གྲོགས་པོ་ཞིག་ལ་འབྲེལ་བ་བྱེད་སྐབས་ཤེས་རྟོགས་བྱུང་བར་དགོན་པར་སློབ་གཉེར་བྱས་ཏེ་གནས་སྐབས་ཕྱིར་སྡོད་བྱེད་པར་འགྲོ་ལུགས་མང་པོ་ཞིག་བརྒྱུད་དགོས་ཀྱི་འདུག དེ་ཡང་དང་ཐོག་ང་ཚོའི་དགོན་པ་ནང་ངོ་སྦྱོར་ཡི་གེ་ཞིག་ཞུ་དགོས་པ་དང། དེ་འཁྱེར་ཏེ་ཤང་སྲིད་གཞུང་གི་ངོ་སྤྱོར་ཡི་གེ་ལེན་དགོས། ཡང་དེ་རྫོང་ལ་བསྐྱོད་དེ་རྫོང་གི་ངོ་སྤྱོར་བླང་ཐོག དེ་ཁྱེར་ནས་ཁུལ་གྱི་ངོ་སྤྱོར་ཡི་གེ་ཐོབ་རྗེས་གཞི་ནས་རང་ཡུལ་གྱི་རྡོག་ཐོན་གྱིས་ལྷ་སར་བསྐྱེད་དེ་འབྲས་སྤུངས་དགོན་པར་ཕྱིན་ཏེ་ངོ་སྤྱོར་ཡི་གེ་དེ་དག་འབྲས་སྤུངས་སྤྱི་བདེ་མངགས་གཏོང་ཁང་ལ་ཕུལ་བ་བཞིན། ཉེན་རྟོག་པས་དྲི་རྩད་བྱས་པ་དང་སྦྲགས་ཡིག་ཆ་དེ་དག་ཡར་ལེན་པ་ཙམ་ལན་ག་དུས་ཡོང་མིན་སྒུག་ནས་འདུག་དགོས་ཡོད། ཕལ་ཆེ་ཟླ་གཅིག་ཙམ་རྗེས་ལ་མངགས་གཏོང་ཁང་དུ་བོས་པ་ལྟར་ཕྱིན་པས། འབྲས་སྤུངས་དགོན་པར་གནས་སྐབས་རིང་དཔེ་ཆ་སློབ་གཉེར་བྱས་ཏེ་གནས་སྡོད་ཆོག་པའི་ལག་འཁྱེར་སྔོན་པོ་ཞིག་སྤྲད་བྱུང་། ལག་འཁྱེར་དེར་རྒྱ་སྒོར་བཅུ་རེ་སྤྲད་དགོས་ཀྱི་འདུག ལག་འཁྱེར་དེ་བཞིན་དགོན་པར་བཞག་སྡོད་བྱས་ཏེ་དཔེ་ཆ་སློབ་གཉེར་བྱེད་ཆོག་པ་ལས་དགོན་པའི་སྒྲིག་ཁོངས་ཀྱི་ཐོབ་ཐང་གང་ཡང་མེད་པ་དང་། ཐ་ན་ཚོགས་ལ་འགྲོ་བའི་ཐོབ་ཐང་ཡང་མེད། གནས་སྐབས་རིང་དགོན་པར་གནས་སྡོད་ཆོག་པའི་ལས་འཁྱེར་དུས་ཡུན་རིང་ཤོས་ལོ་༥ནས་ཉུང་ཤོས་ལོ་གཅིག་ཙམ་བར་རེད། དགོན་པའི་སྒྲིག་ཁོངས་སུ་ཡོད་པའི་དགེ་འདུན་པ་ཚོར་ལག་འཁྱེར་དམར་པོ་ཞིག་ཡོད། དེ་ནི་རྒྱ་གཞུང་གིས་སྤྲད་པའི་གྲྭ་བཙུན་ལག་འཁྱེར་ཟེར་བའི་དགོན་པའི་སྒྲིག་ཁོངས་སུ་འཚུད་པའི་གྲྭ་བ་རྣམས་ལ་མ་གཏོགས་མེད། ལག་འཁྱེར་དེ་ཡོད་པའི་གྲྭ་བཙུན་རྣམས་རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོ་དང་། ཚོགས་ཆོས་སོགས་ལ་འགྲོ་བསྐྱོད་ཀྱིས་ཐོབ་ཐང་ཡོད། གནས་སྐབས་གནས་སྡོད་ཆོག་པའི་ལག་འཁྱེར་འདི་ཐོབ་ཀྱང་དགོན་པའི་སྤྱི་བདེ་ཉེན་རྟོག་པས་དུས་ངེས་མེད་ཞིབ་བཤེར་བྱེད་སྐབས་ལག་འཁྱེར་སྟོན་རྒྱུ་མེད་ན་དགོན་པར་ལག་འཁྱེར་མེད་པའི་དགེ་འདུན་པ་༡༠༠ ལྷག་ཙམ་ཡོད་པ་རེད། གདན་ས་ཆེན་པོ་འབྲས་སྤུངས་དང་། སེ་རྭ། དགའ་ལྡན་བཅས་ནི་གནས་སྔ་མོའི་དུས་ནས་བོད་ཀྱི་ནང་ཆོས་སློབ་གཉེར་བྱེད་ཡུལ་བསྟི་གནས་ཆེ་ཤོས་ཤིག་ཡིན་པ་དང་། བོད་ཀྱི་ཆོལ་ཁ་གསུམ་ཁྱོན་ནས་དགེ་འདུག་པ་མང་པོ་ཞིག་ནང་ཆོས་སློབ་གཉེར་ལ་ཡོང་བཞིན་ཡོད། འོན་ཀྱང་། ད་ལྟའི་ཆར་རྒྱ་གཞུང་གི་དམ་དྲག་བཀག་སྡོམ་བྱས་ཏེ་དགོན་པར་གྲྭ་ཚད་བཟོས་པ་དང་། གྲྭ་བ་གསར་ཞུགས་བྱེད་པར་ཚད་བཀག་ཆ་རྐྱེན་མང་པོ་ཞིག་གཏན་འབེབས་འོག་ནང་ཆོས་སློབ་གཉེར་བྱེད་མི་རྣམས་དཀའ་ངལ་ཆེན་པོའི་ནང་ལྷུང་ཡོད་པ་དང་། ལྷག་དོན་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་ལས་གཞན་པའི་བོད་མི་རྣམས་གདན་ས་ཁག་ལ་འཛུལ་ཞུགས་བྱེད་རྒྱུར་བཀག་སྡོམ་བྱས་པ་དེས་ནང་ཆོས་སློབ་གཉེར་བྱེད་མཁན་གྱི་དགེ་འདུན་པ་མང་པོ་ཞིག་གནས་སྐབས་སྡོད་ཆོག་པའི་ལག་འཁྱེར་ལ་བརྟེན་ནས་དགོན་པར་སློབ་གཉེར་བྱེད་པའི་སྐབས་སྤྱི་བདེ་ཉེན་རྟོག་པས་ཞིབ་བཤེར་དམ་དྲག་དོ་དམ་སོགས་ཀྱི་འཇིགས་སྣང་འོག་ཞི་བདེ་བག་ཕེབས་ཀྱི་ནང་ཆོས་སློབ་གཉེར་བྱེད་པའི་གོ་སྐབས་སམ་དུས་ཚོད་ཅིག་མེད་པ་རེད། དགོན་པའི་ནང་ཟླ་རེར་ཆབ་སྲིད་སློབ་སྦྱོང་ཐེངས་གཉིེས་རེ་བྱེད་དུ་བཅུག་པ་དང། དགོན་པའི་ལས་དོན་མཐའ་དག་ལ་རྒྱ་གཞུང་གིས་ཐེ་བྱུས་བྱེད་བཞིན་ཡོད། ཕྱི་ལོ་༢༠༠༢ལོའི་ཟླ་༧ནང་ང་ཚོའི་དགོན་པའི་འགྲུལ་སྐྱེལ་རླངས་འཁོར་རྙིང་བ་ཞིག་ལྷ་ས་ཁུལ་གྱི་བོད་མི་ཞིག་ལ་བཙོང་བས་དུས་མི་རིང་བར་རླངས་འཁོར་དེར་འགྲིམ་འགྲུལ་ལས་འཛོལ་བྱུང་སྟེ། འགྲིམ་འགྲུལ་ཉེན་རྟོག་པས་ཞིབ་བཤེར་བྱེད་སྐབས་རླངས་འཁོར་ནང་༧གོང་ས་མཆོག་གི་སྐུ་པར་སྒྲིག་བཤོམ་བྱས་ཡོད་པ་ཤེས་རྟོགས་བྱུང་སྟེ་དོ་བདག་ལ་དྲི་རྩད་བྱེད་སྐབས་རླངས་འཁོར་དེ་བཞིན་དགོན་པ་ནས་ཉོས་ཚུལ་དང་། སྐུ་པར་དང་ཐོག་ནས་ཡོད་ཚུལ་བརྗོད་པས་ཉེན་རྟོག་པས་དགོན་པའི་འགྲུལ་སྐྱེལ་རླངས་འཁོར་གཏོང་མཁན་ལ་དྲི་རྩད་བྱས་ཏེ་མཁའ་ལོ་བ་གྲྭ་ཉི་མ་ཚེ་རིང་དང་། ཚེ་རིང་དབང་འདུད། བག་གྲོ། མགོན་པ་བཅས་ལ་དྭོགས་གཞི་བྱས་ཏེ་དྲི་རྩད་བྱས་པ་དང། ཁོང་ཚོའི་སྡོད་ཤག་བསྔོག་བཤེར་བྱེད་སྐབས་བོད་རང་བཙན་གྱི་གླུ་གཞས་སྒྲ་ཕབ་འཁོར་ཐག་ཁ་ཤས་བཙལ་བརྙེད་བྱུང་སྟེ་ཁོོང་རྣམས་སྔ་རྗེས་སུ་འཇུ་བཟུང་བྱས་ཏེ་རྒུ་ཚ་བཙོན་ཁང་དུ་བཙོན་འཇུག་བྱས་པ་དང། གོ་ཐོས་ལ་ཁོང་རྣམས་ཁག་སོ་སོར་མི་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཆད་བཏང་ཡོད་སྐོར་བཤད་ཀྱི་འདུག
ཕྱི་ལོ་༢༠༠༣ཟླ་༧། སྤྱིའི་འདོན་ཐེངས་༢ ། འདི་ག་ལྟེ་གནས་ཁང་དུ་གནས་ཚུལ་འབྱོར་གསལ་དུ། ཕྱི་ལོ་༢༠༠༢ལོའི་ཟླ་༧ ཙམ་ལ་རྒྱ་གཞུང་གི་ཉེན་རྟོག་པས་ལྷ་སའི་ནུབ་ཕྱོགས་སུ་ཡོད་པའི་འབྲས་སྤུངས་དགོན་ནས་བོད་ཀྱི་རྒྱལ་དར་ཆེད་འཛུགས་བྱས་པའི་དོགས་གཞིའི་དབང་གིས་གྲྭ་བུ་ཕྲུག་དང་། དེ་མིན་མིང་མ་ཤེས་པའི་གྲྭ་ཆུང་གཉིས་དགོན་པ་ནས་འཛིན་བཟུང་བྱས་ཏེ་ད་ལྟ་རྒུ་ཚ་བཙོན་ཁང་དུ་བཙོན་འཇུག་བྱེད་བཞིན་ཡོད་འདུག དེ་ཡང་ཕྱི་ལོ་༢༠༠༡ལོའི་ཟླ་༦ཚེས་༣༠ ཉིན་འབྲས་སྤུངས་དགོན་དུ་ཞོ་སྟོན་དུས་ཆེན་དང་སྟབས་བསྟུན་འབྲས་སྤུངས་དགོན་གྱི་རྡོ་ལྷ་རྒྱལ་མཚན་ཟེར་བའི་དགོན་པའི་ནུབ་རིའི་བྲང་ཕོང་ཆེན་པོ་ཞིག་ཡོད་པ་དེའི་སྟེང་བོད་ཀྱི་རྒྱལ་དར་སྒྲེངས་འཛུགས་བྱས་ཡོད་པ་དང་། རྒྱ་གཞུང་གི་སྤྱི་བདེ་ཉེན་རྟོག་པས་རྒྱལ་དེར་མར་ཕབ་ནས་དགོན་པའི་ནང་གྲྭ་བ་མང་པོ་ཞིག་ལ་དོགས་གཞི་བྱས་ཏེ་ཡུལ་རིང་པོ་ཞིག་རྩད་ཞིབ་བྱས་པ་དང་། ཁོང་གཉིས་ལ་དྭོགས་གཞི་བྱས་ཏེ་འཛིན་བཟུང་བྱས་ཡོད་འདུག ཤེས་རྟོགས་བྱུང་བར་གྲྭ་ཕྲུག་རང་ལོ་༢༠སོན་ཞིང་། སྐྱེས་ཡུལ་ལྷ་ས་གྲོང་ཁྱེར་ཆུ་ཤུལ་རྫོང་ར་སྟོད་ནས་ཡིན་པ་དང་། ཁོང་དང་མཉམ་དུ་འཇུ་བཟུང་བྱས་པའི་གྲྭ་ཆུང་དེའི་སྐོར་ཤེས་རྟོགས་མི་ཐུབ་པར་ལུས་ཡོད།