སྲིད་བཙོན་གཉིས་ཀྱི་གནས་ཚུལ་གྱིས་མནར་གཅོད་གཏོང་བཞིན་པ་ཐེར་འདོན་བྱས་ཡོད།

རྒྱ་གཞུང་གི་བཙོན་འཇུག་མནར་གཅོད་འོག་འདས་གྲོངས་འགྲོ་ཉེན་གྱིས་ད་ལྟ་ཁྲུན་ཏུའུ་སྨན་ཁང་དུ་བསྐྱལ་ཡོད་པའི་ཆབ་སྲིད་བཙོན་པ་སྐལ་བཟང་ཚེ་རིང་ལགས།
རྒྱ་གཞུང་གི་བཙོན་འཇུག་མནར་གཅོད་འོག་འདས་གྲོངས་འགྲོ་ཉེན་གྱིས་ད་ལྟ་ཁྲུན་ཏུའུ་སྨན་ཁང་དུ་བསྐྱལ་ཡོད་པའི་ཆབ་སྲིད་བཙོན་པ་སྐལ་བཟང་ཚེ་རིང་ལགས།

ལོ་སྔོན་མར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མནར་གཅོད་བཀག་སྡོམ་ཚོགས་ཆུང་གི་ངོས་ནས། རྒྱ་ནག་ནང་མནར་གཅོད་གནས་སྟངས་ཐད་རྒྱ་གཞུང་ལ་འདྲི་རྩད་རྟོག་ཞིབ་བྱས་ཚར་མ་ཐག་ཡིན། ཉེ་ཆར་འདི་གར་འབྱོར་བའི་བོད་ནང་བཙོན་འོག་མནར་གཅོད་མྱངས་མཁན་ཆབ་སྲིད་བཙོན་པ་གཉིས་ཀྱི་གནས་ཚུལ་དེས། རྒྱ་གཞུང་གིས་བོད་མི་ཚོར་མུ་མཐུད་མི་སྤྱོད་ལས་འདས་པའི་མནར་གཏོང་བཞིན་པ་ཐེར་འདོན་བྱས་ཡོད། མནར་གཅོད་མྱོངས་མཁན་ཆབ་སྲིད་བཙོན་པ་ཁོང་གཉིས་ནི། ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོ་ཁྲོད་མཉམ་ཞུགས་བྱས་པར་བརྟེན་ནས། རྒྱ་གཞུང་གིས་ལོ་བདུན་རེའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།

༢༠༡༥ ཟླ་ ༡༡ ནང་མཉམ་འབྲེལ་རྒྱལ་ཚོགས་མནར་གཅོད་བཀག་སྡོམ་ཚོགས་ཆུང་གི་ངོས་ནས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་མནར་གཅོད་གནས་སྟངས་ཐད་བསྐྱར་ཞིབ་ཐེངས་ལྔ་པ་དེ་བྱས་ཡོད་པ་རེད། སྐབས་དེར་རྒྱ་གཞུང་གིས་བོད་པ་དང་ཡུ་གུར་སོགས་ལ་མནར་གཅོད་གཏོང་གི་མེད་སྐོར་རྫུན་སྒྲོག་བྱས་ཡོད། ༢༠༠༨ ལོར་བོད་ནང་ཞི་རྒོལ་ཆེན་མོ་བྱུང་སྐབས་ཀྱང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་གཞུང་ལ་མནར་གཅོད་བཀག་སྡོམ་ཐད་ནས་བསྐྱར་ཞིབ་ཐེངས་གཅིག་བྱས་ཡོད། སྐབས་དེ་དུས་ཀྱང་རྒྱ་གཞུང་གིས་མནར་གཅོད་བཀག་སྡོམ་སྤྱི་ཆིངས་ཀྱི་བཀོད་ཁྱབ་སྣང་མེད་ཐོག་མནར་གཅོད་སྐོར་གྱི་གནས་ཚུལ་གང་ཡང་ཚོགས་ཆུང་ལ་མཁོ་སྤྲོད་བྱས་མེད་པ་མ་ཟད། བོད་མི་ཚོར་མནར་གཅོད་བཏང་མེད་སྐོར་རྫུན་སྒྲོག་བྱས་ཡོད། ཡིན་ནའང་། རྒྱ་གཞུང་གི་རྫུན་སྒྲོག་དེ་དག་ལམ་ལྷོངས་བྱུང་མེད་པ་རེད། བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ་ས་བྱི་ཞི་རྒོལ་སྐབས་རྒྱ་དམག་གིས་བོད་མི་དམར་གསོད་བཏང་བ་རྣམས་ཀྱི་ཕུང་པོར་རྒྱ་གཞུང་ཉེན་རྟོག་ཚན་པས་བརྟག་དཔྱད་བྱས་པའི་སྐོར་གྱི་གསང་བའི་ཡིག་ཆ་ཞིག་འདི་ག་ལྟེ་གནས་ཁང་ལ་ལག་སོན་བྱུང་པ་དེས། རྒྱ་གཞུང་གིས་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་བོད་མིར་དྲག་གནོན་དམར་གསོད་དང་མནར་གཅོད་ཚད་མེད་བཏང་ཡོད་པ་ཐེར་འདོན་གསལ་པོ་བྱས་ཡོད།

༢༠༡༥ ཟླ་ ༡༡ ནང་། རྒྱ་ནག་ཐོག་མནར་གཅོད་ཐད་བསྐྱར་ཞིབ་ཐེངས་ལྔ་པའི་སྐབས་སུ་རྒྱ་ཞུང་གིས་སྔར་བཞིན་རྫུན་སྒྲོག་བྱས་ཏེ། རྒྱ་ནག་ནང་བཙོན་ཁང་གི་གནས་སྟངས་ཡར་རྒྱས་བཏང་ཡོད་པ་དང་། བཙོན་པ་ཚོའི་འཕྲོད་བསྟེན་ཐད་མཐུན་རྐྱེན་ཇེ་ལེགས་སུ་བཏང་ཡོད་པ་སོགས་བཤད་ཡོད་པ་མ་ཟད། བཙོན་པ་ཚོར་འདྲི་རྩད་སྐབས་༼སྟག་གི་རྐུབ་སྟེགས༽སྟེང་བསྡམ་བཀྱིག་བྱས་པ་དེ་ནི། བཙོན་པ་ཚོར་༼བདེ་ཚོར༽དང་༼བདེ་འཇགས༽ཡོང་ཆེད་ཡིན་སྐོར་རྫུན་གཏམ་བརྗོད་ཡོད། ལྷག་པར་དུ་བཙོན་ཁང་ནང་བོད་མི་ཆབ་སྲིད་བཙོན་པ་གཅིག་ཀྱང་མེད་ཅེས་ཧམ་བཤད་ཆེན་པོ་བྱས་ཡོད།

ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༡༢ ཉིན། ཆབ་སྲིད་བཙོན་ཟུར་སྐལ་བཟང་ཚེ་རིང་ལགས་རྒྱ་ནག་སི་ཁྲོན་གྲོང་ཁྱེར་ཁྲིན་ཏུའུ་ཡི་སྨན་ཁང་ཞིག་ནང་བསྐྱལ་འདུག དེའི་རྒྱུ་མཚན་ནི་ཁོང་ལོ་བདུན་རིང་བཙོན་འཇུག་བྱས་སྐབས་མནར་གཅོད་སྡུག་སྦྱོང་ཚད་ལས་བརྒལ་བ་བཏང་པའི་རྐྱེན་གྱིས་ཡོད་པ་རེད། ཁོང་གི་འདྲ་པར་ཞིག་འདི་ག་ལྟེ་གནས་ཁང་ལ་འབྱོར་སོན་བྱུང་ཡོད་པ་དང་། འདྲ་པར་དེའི་ནང་ཁོང་གི་གནས་ཚུལ་ཧ་ཅང་ཛ་དྲག་ཡིན་པ་མཐོང་ཐུབ་ཀྱི་འདུག ཤེས་རྟོགས་བྱུང་པ་ལྟར་ན་ཁོང་གི་རྐེད་པར་རྨ་ཆེན་པོ་ཞིག་བཟོས་ཡོད་འདུག ཁོང་ཁྲིན་ཏུའུ་སྨན་ཁང་དུ་སྐྱེལ་དགོས་དོན་ནི་ལྷ་ས་སྨན་ཁང་ནང་སྨན་བཅོས་དྲག་སྐྱེལ་མ་བྱུང་པས་འདུག དེ་བཞིན། ཁྲུན་ཏུའུ་སྨན་ཁང་དུ་སྨན་བཅོས་ཆེད་བསྐྱལ་བའི་འགྲོ་སོང་རྣམས་བོད་ནང་གི་བོད་མི་ཚོས་ཞལ་འདེབས་བསྡུས་ནས་སྤྲད་ཡོད་འདུག

ད་ལྟའི་གནས་སྟངས་ལ་གཞིགས་ན་ཁོང་དྲག་སྐྱེལ་བྱུང་རྒྱུ་ཁག་པོ་ཡོད་པ་དང་། བོད་མི་མང་པོ་ཞིག་གིས་ཁོང་འདས་གྲོངས་སུ་འགྲོ་རྒྱུ་ཡིན་པར་བློ་འཚབ་བྱེད་ཀྱིན་ཡོད་འདུག འདས་པའི་ལོ་རྒྱུས་ནང་བོད་མི་བརྒྱ་ཕྲག་མང་པོ་རྒྱ་གཞུང་གི་བཙོན་འོག་སྡུག་སྦྱོང་མནར་གཅོད་མྱངས་ཏེ་འདས་གྲོངས་ཕྱིན་ཡོད་པ་རེད། མདོར་ན་ཁོང་ཡང་རྒྱ་གཞུང་གིས་མནར་གཅོད་བཏང་བའི་རྐྱེན་གྱིས་འདས་གྲོངས་འགྲོ་ཉེན་གྱི་ཆབ་སྲིད་བཙོན་པ་ཞིག་ཆགས་ཡོད། ཁོང་ ༢༠༠༨ ལོར་ས་བྱི་ཞི་རྒོལ་ཆེན་མོའི་ཁྲོད་མཉམ་ཞུགས་བྱས་པར་བརྟེན་ནས། ༢༠༠༩ ལོར་འཇུ་བཟུང་བཙོན་འཇུག་གིས་ལོ་གཅིག་རིང་གསང་བའི་ཐོག་བཀག་ཉར་བྱས་རྗེས། ལོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ་ལྷ་ས་ཆུ་ཤུལ་བཙོན་ཁང་དུ་བཅུག་ཡོད་པ་རེད། ཁོང་ནི་ལྷ་ས་གྲོང་ཁྱེར་ཁུལ་གྱི་སྟོད་ལུང་བདེ་ཆེན་རྫོང་ནས་ཡིན་པ་རེད།

ལོ་བདུན་གྱི་བཙོན་འཇུག་མནར་གཅོད་མྱངས་ཏེ་གློད་གྲོལ་ཐོབ་པའི་ཆབ་སྲིད་བཙོན་པ་སྐལ་བཟང་མཁས་གྲུབ་ལགས།
ལོ་བདུན་གྱི་བཙོན་འཇུག་མནར་གཅོད་མྱངས་ཏེ་གློད་གྲོལ་ཐོབ་པའི་ཆབ་སྲིད་བཙོན་པ་སྐལ་བཟང་མཁས་གྲུབ་ལགས།

གནས་ཚུལ་གཞན་ཞིག་ལ། རང་ལོ་ ༤༧ ཡིན་པའི་ཆབ་སྲིད་བཙོན་པ་སྐལ་བཟང་མཁས་གྲུབ་ལགས་ཀྱང་ལོ་བདུན་རིང་བཙོན་འཇུག་མནར་གཅོད་མྱངས་རྗེས། ༢༠༡༦ ཟླ་ ༡ ཚེས་ ༥ ཉིན་བཙོན་འཇུག་དུས་ཡུན་གཙང་སྟེ་གློད་གྲོལ་ཐོབ་ཡོད། བཙོན་འོག་མནར་གཅོད་བཏང་བའི་རྐྱེན་པས་ཁོང་ལ་དབུགས་འཚང་གི་ན་ཚ་བྱུང་སྟེ་ད་ལྟའི་ཆར་སྨན་བཅོས་བྱེད་བཞིན་ཡོད་འདུག ཁོང་ནི་ཁམས་དཀར་མཛེས་རབ་དཀར་གྲོང་ཚོ་ནས་ཡིན་པ་དང་། ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོའི་ཁྲོད་མཉམ་ཞུགས་བྱས་པར་བརྟེན། ༢༠༠༩ ཟླ་ ༣ ཚེས་ ༥ ལ་འཇུ་བཟུང་བྱས་ཡོད་པ་རེད། སྐབས་དེར་ཁོང་གི་ཕྲུ་གུ་གཉིས་པ་དེ་སྐྱེས་ནས་ཉིན་གཉིས་མ་གཏོགས་ཕྱིན་མེད། ལོ་གཅིག་རིང་གསང་བའི་ཐོག་བཀག་ཉར་བྱས་རྗེས་མི་རིགས་དབར་འགལ་ཟླ་དང་སྤྱི་ཚོགས་བརྟན་ལྷིང་གཏོར་བཤིག་བཏང་བའི་ཉེས་མིང་འོག ཁོང་ལ་ལོ་ ༧ གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད། ད་བར་ཁོང་གི་གནས་ཚུལ་སྐོར་ཅི་ཡང་ཤེས་རྟོགས་མ་ཐུབ་པའི་རྒྱུ་མཚན་གཙོ་བོ་ནི། རྒྱ་གཞུང་ཉེན་རྟོག་པས་ཁོང་གི་ནང་མི་གཉེན་ཉེ་ཚོར་འཇིགས་སྐུལ་གྱི་རྐྱེན་པས་གསང་བ་བྱ་དགོས་བྱུང་པ་ཞིག་རེད། དེ་བཞིན། ཁོང་གི་གཅུང་མོ་རྣམ་སྲས་ལྷ་མོ་དང་གཅུང་པོ་པདྨ་རྒྱལ་མཚན་གཉིས་ཀྱང་། ༢༠༠༨ ས་བྱི་ཞི་རྒོལ་ཆེན་མོའི་སྐབས་དཀར་མཛེས་སུ་སྐད་འབོད་ངོ་རྒོལ་བྱས་པར་བརྟེན་ནས་རྒྱ་གཞུང་གིས་འཇུ་བཟུང་བྱས་ཡོད་པ་རེད། ད་ལྟའི་ཆར་ཁོང་གཉིས་བཙོན་འཇུག་དུས་ཡུན་གཙང་ནས་གློད་གྲོལ་ཐོབ་ཡོད་འདུག

རྒྱ་གཞུང་གིས་ ༡༩༨༦ ལོ་ཟླ་ ༡༢ ཚེས་ ༡༢ ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མནར་གཅོད་བཀག་སྡོམ་སྤྱི་ཆིངས་ལ་མིང་རྟགས་བཀོད་པ་དང་། ༡༩༨༨ ལོར་ཟླ་ ༡༠ ཚེས་ ༤ ཉིན་ལག་བསྟར་མོས་མཐུན་གྱི་ཁས་ལེན་བྱས་ཡོད། ཡིན་ནའང་། རྒྱ་གཞུང་གིས་མུ་མཐུད་མནར་གཅོད་གཏོང་བཞིན་ཡོད་པ་རེད།

༢༠༡༥ ཟླ་ ༡༢ ཚེས་ ༩ ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མནར་གཅོད་བཀག་སྡོམ་ཚོགས་ཆུང་གིས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་མནར་གཅོད་བཀག་སྡོམ་ཐད་དུས་བཅད་བསྐྱར་ཞིབ་ཐེངས་ལྔ་པའི་སྐབས། ཚོགས་ཆུང་གི་ངོས་ནས་བོད་རིགས་ཆབ་སྲིད་བཙོན་པ་ ༢༦ སྐོར་ལ་གནས་ཚུལ་འདྲི་ཞིབ་བྱས་པར། རྒྱ་གཞུང་གིས་ཆབ་སྲིད་བཙོན་པ་ ༢༤ ཀྱི་གནས་ཚུལ་འགྲེལ་བརྗོད་གང་ཡང་མ་བྱས་སྟབས་རྒྱ་གཞུང་ལ་སྐྱོན་བརྗོད་བྱས་ཡོད། དེ་བཞིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མནར་གཅོད་བཀག་སྡོམ་ཚོགས་ཆུང་གི་ངོས་ནས། རྒྱ་ནག་ནང་གྲངས་ཉུང་མི་རིགས་ཚོར་དྲང་བདེན་མིན་པའི་མནར་གཅོད་གཏོང་གི་ཡོད་པ་མཚམས་འཇོག་དང་། ཚང་མར་འདྲ་མཉམ་གྱི་སྒོ་ནས་ཁྲིམས་བཤེར་ལག་བསྟར་གཏོང་དགོས་པའི་སྐུལ་འདེད་བཏང་ཡོད། ལྷག་པར་དུ་མནར་གཅོད་ཀྱི་རྐྱེན་པས་བཙོན་ཁང་ནང་འདས་གྲོངས་ཕྱིན་མཁན་ཚོའི་སྐོར་ལ་ཁྲིམས་བཤེར་བྱ་དགོས་པ་དང་ཆབ་སྲིད་བཙོན་པ་ཚོར་འཕྲོད་བསྟེན་གྱི་མཐུན་རྐྱེན་སྦྱོར་དགོས་པ་ནན་སྐུལ་བྱས་ཡོད།

to top