སྙན་ཐོ་གསར་པས་རྒྱ་ནག་གི་ཁོར་ཡུག་གུན་གསབ་སྲིད་ཇུས་ལ་བརྟེན་ནས་བོད་ཀྱི་སྲོལ་རྒྱུན་འབྲོག་པ་རྣམས་ཀྱི་ཕུགས་མདུན་ལ་གནོད་ཚབས་ཆེས་ཆེར་འབྱུང་ཉེན་ཡོད་པ་བསྟན་ཡོད།

བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་ལ་བརྟེན་ནས་བོད་མི་ཚོའི་འཚོ་བར་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད།  བོད་མིའི་སྲོལ་རྒྱུན་གྱི་བཟོ་ལས་ཐོན་ཁུངས་ལས་གནམ་གཤིས་ལ་གནོད་འཚེ་གཏོང་བ་ཧ་ཅང་དཀོན་པོ་ཡིན་པས་བོད་ནང་གི་གནམ་གཤིས་འགྱུར་ལྡོག་གི་འབྱུང་རྐྱེན་གཙོ་བོ་ནི་འཛམ་བུ་གླིང་ཁྱོན་ཡོངས་ཀྱི་རྡོ་སོལ་དང་ས་བག ཟངས། ཧ་ཡང་། ཁྲོ་སོགས་ཀྱི་བཟོ་ལས་ཕོན་ཆེ་ཤོས་བྱེད་མཁན་གྱི་རྒྱལ་ཁབ་སྟེ་རྒྱ་ནག་ཡིན། རྒྱ་ནག་གི་བཟོ་གྲྭས་བོད་ཀྱི་རི་ཆུ་ནགས་གསུམ་གཙོས་རང་བྱུང་ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་ལ་ངན་ཕྱོགས་ནས་ཤུགས་རྐྱེན་ཤིན་ཏུ་ཆེན་པོ་སྤྲད་ཡོད། དུག་རླུང་གི་འབྱུང་ཁུངས་དངོས་ལ་སྔར་བཞིན་ཚོད་འཛིན་མི་བྱེད་པར་གནམ་གཤིས་འགྱུར་ལྡོག་གི་གནོད་འཚེ་འགོག་པར་བསྙད་ནས་རྒྱ་ནག་གིས་བོད་མཐོ་སྒང་གི་གཙང་ཆུའི་འགོ་ཁུངས་སོགས་སུ་རྒྱལ་ཁབ་ཀྱི་སྤྱི་གླིང་བཙུགས་ཏེ་དོ་དམ་བྱེད་ཀྱིན་ཡོད།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་བཏོན་པའི་སྙན་ཐོའི་ནང་རྒྱ་ནག་གིས་དུག་རླུང་གི་ཉེན་འགོག་དང་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ལ་ཁ་གཡར་ནས་བོད་མཐོ་སྒང་གི་འབྲོག་མི་རྣམས་བཙན་དབང་གིས་གྲོང་དུ་གནས་སྤོ་བཅུགས་པ་མ་ཟད་བོད་མི་ཚོར་རྒྱལ་སྤྱིའི་ཁོར་ཡུག་གུན་གསབ་ཀྱི་ཁྲིམས་སྲོལ་དང་མཐུན་པར་ཁོར་ཡུག་གི་གུད་གསབ་ཚུལ་བཞིན་སྤྲོད་ཀྱི་མེད་པའི་དཔང་རྟགས་ཁུངས་འདོན་གནང་འདུག
རྒྱ་ནག་གི་ཁོར་ཡུག་གུན་གསབ་སྲིད་ཇུས་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་དང་ཡུན་གནས་དར་སྤེལ་ཐོག་གནོད་ཚབས་འབྱུང་བཞིན་ཡོད་པའི་དོག་གཞི་མང་པོ་བྱུང་ཡོད། བོད་མཐོ་སྒང་གི་ས་ཁྱོན་ཧ་ཅང་ཆེ་བས་སའི་གོ་ལའི་ས་ཁྱོན་གྱི་བརྒྱ་ཆ་ ༢ ཙམ་དང་ནུབ་ཡུ་རོབ་ཀྱི་ས་ཁྱོན་དང་མཉམ་པ་ཡོད། མ་ཟད་གོ་ལའི་བྱང་མའི་རླུང་གི་རྒྱུན་འཁོར་དང་། གཙང་ཆུའི་བབ་རྒྱུན། ནམ་དུས་ཀྱི་འགྱུར་ལྡོག་སོགས་ལ་ཐད་ཀར་ཤུགས་རྐྱེན་སྤྲོད་ཀྱི་ཡོད་པས་བོད་མཐོ་སྒང་གི་ཁོར་ཡུག་གིས་ད་བར་མིའི་རིགས་ལ་ཕན་བདེ་རླབས་ཆེན་བསྒྲུབས་ཡོད།
 
རྒྱ་ནག་གིས་དུག་རླུང་ཉེན་འགོག་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་མིང་ཐོག་ནས་བོད་མཐོ་སྒང་གི་ཁོར་ཡུག་ལ་དོ་དམ་ཆེས་ཆེར་བྱེད་ཀྱིན་ཡོད་ཅིང་ལོ་ངོ་སྟོང་ཕྲག་མང་པོར་མཐོ་སྒང་འདི་བདག་ཏུ་བཟུང་མཁན་གྱི་བོད་ཀྱི་འབྲོག་པ་རྣམས་རང་ས་ནས་ཕུད་རྗེས་ཁོར་ཡུག་གུན་གསབ་ཚུལ་བཞིན་མ་རག་པའི་གནད་དོན་མང་པོ་འཕྲད་ཀྱིན་ཡོད་འདུག དེ་དག་ནི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་ཐད་ཀར་འབྲེལ་བ་ཡོད་པའི་གནད་དོན་ཆེན་པོ་ཞིག་ཡིན།
རྒྱ་ནག་གི་ཁོར་ཡུག་གུན་གསབ་ཀྱི་སྲིད་ཇུས་ལ་གསལ་ཁ་དང་གཞི་འཛིན་ས་གང་ཡང་མེད། སྲོལ་རྒྱུན་གྱི་འབྲོག་པ་རྣམས་ལ་གུད་གསབ་ཧ་ཅང་ཉུང་བ་དང་གནས་སྟངས་མང་པོའི་ནང་ཁོང་ཚོར་རང་གི་སྲོལ་རྒྱུན་གྱི་འབྲོག་ས་བསྐྱུར་ནས་གྲོང་དུ་གཏན་འཇགས་སུ་སྡོད་པར་གུད་གསབ་ཅི་ཡང་རག་གི་མེད་པའི་གནས་ཚུལ་ཡང་རྒྱུན་ལྡན་ལྟར་ཆགས་ཡོད།

གོ་ལའི་ཁྱོན་ཡོངས་ནས་སྐྱེ་དངོས་སྣ་མང་ཞིག་རྩ་སྟོང་དུ་འགྲོ་ཉེན་ཡོད་པར་བརྟེན། འཛམ་བུ་གླིང་གི་མི་ཚང་མས་ད་ལྟའི་རྒྱལ་སྤྱིའི་སྣ་མང་སྐྱེ་དངོས་སྲུང་སྐྱོབ་ཀྱི་ཚོགས་ཆེན་བརྒྱུད་ནས་ནུས་ལྡན་གྱི་འཆར་གཞི་ཞྀག་འདོན་སྤེལ་དང་ལག་བསྟར་ཡོང་བར་རེ་བ་ཆེན་པོ་བྱེད་ཀྱི་ཡོད་མོད། འོན་ཀྱང་རྒྱ་ནག་གིས་སྐྱེ་དངོས་སྲུང་སྐྱོབ་ཀྱི་མིང་ཐོག་ནས་རྒྱལ་ཁབ་ཀྱི་སྤྱི་གླིང་མང་ཆེ་བ་བོད་དུ་བཙུགས་ཡོད་ཅིང་དེ་དག་ཕལ་ཆེ་བའི་ནང་བོད་ནང་གི་སྣ་མང་སྐྱེ་དངོས་འདུ་སའི་ས་ཁུལ་གནད་འགག་ཆེ་བ་རྣམས་ཚུད་མེད།
 
རྒྱ་ནག་གི་ཀུན་མན་གྲོང་ཁྱེར་དུ་དྲྭ་ལམ་བརྒྱུད་ཚོགས་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྣ་མང་སྐྱེ་དངོས་ཚོགས་ཆེན་གྱི་ལས་རིམ་དང་པོ་སྟེང་རྒྱ་ནག་གིས་ངེས་པར་དུ་ཕྱི་ལོ་ ༢༠༢༠ ནས་ ༢༠༣༠ བར་རང་གིས་གཙིགས་སུ་འཛིན་པའི་དམིགས་གཏད་ ༩ ཟེར་བ་དེ་དག་གིས་མི་རྣམས་ལ་ཇི་ལྟར་དགེ་ཕན་འབྱུང་རྒྱུ་ཡིན་པའི་སྐོར་ལ་འགྲེལ་བརྗོད་ཁ་གསལ་ཞིག་བྱེད་དགོས། ས་སྐྱེས་རྡོ་སྐྱེས་ཀྱི་མི་རྣམས་དང་ས་གནས་མི་མང་ལ་ཁོར་ཡུག་གུན་གསབ་ཀྱི་ཐད་ནས་ངེས་པར་དུ་ཁེ་ཕན་དང་པོ་རག་ཐབས་བྱེད་དགོས་ཤིང་རྒྱལ་སྤྱིའི་སྣ་མང་སྐྱེ་དངོས་སྲུང་སྐྱོབ་སྤྱི་ཁྲིམས་ཀྱི་དོན་ཚན་ ༨(ཐ) གཞིར་བཟུང་ཐོག་ཁོར་ཡུག་གུན་གསབ་ཐོབ་མཁན་སུ་ཡིན་མིན་ངེས་པར་དུ་འགྲེལ་བརྗོད་ཁ་གསལ་བྱེད་དགོས།

ཕྱི་ལོ་ ༢༠༢༠ ནས་ ༢༠༣༠ བར་གྱི་རྒྱལ་སྤྱིའི་སྣ་མང་སྐྱེ་དངོས་སྲུང་སྐྱོབ་དང་འབྲེལ་བའི་དམིགས་གཏད་ ༡༠ ཡི་ནང་དུ་ས་ཞིང་དང་ནགས་ཚལ་སོགས་ཚུད་ཡོད་པ་ཇི་བཞིན་ཉ་བརྟེན་གྱི་འཚོ་བ་དང་འབྲོག་པ་སོགས་ཕྱོགས་བརྟེན་གྱི་འཚོ་བ་སོགས་ཀྱང་ཚུད་དགོས་པ་ཡིན། སྣ་མང་སྐྱེ་དངོས་སྲུང་སྐྱོབ་ཀྱི་དམིགས་གཏད་ ༢ པའི་ནང་ཉམས་གུད་དུ་ཕྱིན་པའི་རང་བྱུང་ཁོར་ཡུག་ཉམས་གསོ་བྱེད་དགོས་པ་བསྟན་ཡོད། དེ་དག་ཉམས་གསོ་ཡོང་བའི་ཐབས་ལམ་ཡག་ཤོས་ནི་སྲོལ་རྒྱུན་གྱི་འཚོ་བ་བསྐྱར་གསོ་བྱས་ཏེ་སྲོལ་རྒྱུན་གྱི་རྩ་རིགས་འདེབས་བཙུགས་བྱ་རྒྱུ་དེ་ཡིན་པ་ལས་སྲོལ་རྒྱུན་གྱི་རྩ་སའི་བདག་པོ་འབྲོག་པ་རྣམས་ཀྱི་ལག་ནས་རྩ་ས་བཙན་གྱིས་འཕྲོག་སྟེ་དུག་རྫས་འདྲ་མིན་བརྒྱབས་ནས་རྩ་ཐང་གི་སྲོག་ཆགས་ཨ་བྲ་སོགས་གསོད་ཐབས་བྱེད་པ་ནི་གམིགས་གཏད་གཉིས་པ་དང་འགལ་བ་ཡིན།

ལྷག་པར་དུ་རྒྱ་ནག་གི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་ནང་བོད་ཀྱི་འབྲོག་པ་ཚོ་“གོ་རིམ་ལྡན་པའི་ངང་རྩ་ཐང་ནས་སྤོ་རྒྱུ་ཡིན་”ཚུལ་འཁོད་པ་དེ་ནི་ཚན་རིག་དང་མཐུན་པའི་ཐབས་ལམ་ཞིག་མ་ཡིན་ལ། ཁོར་ཡུག་སྲུང་སྐྱོབ་ཀྱི་དངོས་ཡོད་བདེན་དཔང་དང་མི་མཐུན་པ་མ་ཟད་རྒྱལ་སྤྱིའི་སྣ་མང་སྐྱེ་དངོས་སྲུང་སྐྱོབ་སྤྱི་ཆིངས་ཀྱི་དོན་ཚན་ ༨(ཐ) དང་འགལ་བར་ཆགས་ཡོད།
 
རྒྱ་ནག་གཞུང་གིས་བོད་ཀྱི་འབྲོག་པ་རྣམས་རྩ་ས་ནས་གནས་སྤོ་བྱེད་བཅུག་པ་དང་རྩ་ཐང་དུ་འགྲོ་འོང་ལ་བཀག་རྒྱ་ཆེན་པོ་བྱེད་པ་དེ་ནི་རྒྱལ་སྤྱིའི་སྣ་མང་སྐྱེ་དངོས་སྲུང་སྐྱོབ་ཀྱི་དམིགས་གཏད་ ༣ པའི་ནང་“མ་མཐའ་ཡང་སྐམ་ས་དང་མཚོ་འགྲམ་གྱི་ས་ཆའི་བརྒྱ་ཆ་ ༣༠ སྲུང་སྐྱོབ་བྱེད་དགོས་”ཞེས་འཁོད་པའི་ནང་དོན་ལག་བསྟར་བྱས་པ་ཡིན་ཚུལ་ཤོད་ཀྱི་ཡོད་མོད། འོན་ཀྱང་ས་གནས་འབྲོག་པ་རྣམས་བཙན་གྱིས་གྲོང་དུ་གནས་སྤོ་བྱེད་བཅུག་པ་དང་རང་བྱུང་ཁོར་ཡུག་དང་ས་གནས་མི་མང་གི་བར་འབྲེལ་ལམ་ཡོངས་སུ་གཅོད་པ་དེ་ནི་ཁོར་ཡུག་སྲུང་སྐྱོབ་བྱེད་ཐབས་ཡང་དག་ཅིག་གཏན་ནས་མིན།

ཉེ་ལམ་ཕྱི་ཟླ་ ༩ པའི་ནང་སྣ་མང་སྐྱེས་དངོས་ཀྱི་སྔོན་འགྲོའི་ཚོགས་ཆེན་ཐོག་རྒྱལ་ཁབ་སོ་སོའི་སྐུ་ཚབ་ཚོགས་བཅར་བ་རྣམ་པས་རྒྱལ་སྤྱིའི་སྣ་མང་སྐྱེ་དངོས་སྲུང་སྐྱོབ་ཀྱི་དམིགས་གཏད་ ༣ པ་ལག་བསྟར་ཆེད་རང་བྱུང་ཁོར་ཡུག་སྲུང་སྐྱོབ་བྱ་སའི་ས་ཆ་གང་དུ་ཡིན་ཡང་དེར་སྲུང་སྐྱོབ་ཀྱི་ལས་གཞི་རྒྱ་ཆེན་ཅི་འདྲ་ཞིག་སྤེལ་རུང་ངེས་པར་དུ་ས་གནས་མི་མང་གི་འདོད་མོས་ལ་བསྟུན་དགོས་པའི་བསམ་ཚུལ་ལ་རྒྱབ་སྐྱོར་ཆེན་པོ་ཐོབ་པ་བཞིན་བསམ་འཆར་དེ་ཉིད་ངེས་པར་དུ་ཚོགས་ཆེན་གྱི་གྲོས་ཆོད་དུ་སླེབས་པ་བྱེད་དགོས། རྒྱལ་སྤྱིའི་སྣ་མང་སྐྱེ་དངོས་སྲུང་སྐྱོབ་ཀྱི་དམིགས་གཏད་ ༢༡ པས་“སྣ་མང་སྐྱེ་དངོས་སྲུང་སྐྱོབ་ཀྱི་ལས་གཞིའི་འཆར་འགོད་དང་ཐག་གཅོད་ཐད་ས་གནས་མི་མང་གི་མཉམ་ཞུགས་ཤུགས་ཆེར་དགོས་”པ་འཁོད་ཡོད། བོད་མཐོ་སྒང་ལ་ལོ་ངོ་སྟོང་ཕྲག་མང་པོར་བདག་ཏུ་བཟུང་བའི་བོད་ཀྱི་ཞིང་འབྲོག་དམངས་ཚོགས་རྣམས་ལ་རང་ས་རང་ཡུལ་གྱི་རང་བྱུང་ཁོར་ཡུག་དང་སྣ་མང་སྐྱེ་དངོས་ཐད་ཤེས་རྒྱ་དང་རྒྱུས་མངའ་གཏིང་ཟབ་ཡོད་ཀྱང་རྒྱ་ནག་གཞུང་གིས་ཁོང་ཚོའི་བསམ་ཚུལ་ལ་བརྩི་མཐོང་རྩ་ནས་སྤྲད་མེད།
 
འདི་ལོ་ཕྱི་ཟླ་ ༡༠ པའི་ཚེས་ ༣༡ ཉིན་ནས་ཕྱི་ཟླ་ ༡༡ པའི་ཚེས་ ༡༢ བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་ཚོགས་ཆེན་ཐེངས་ ༢༦ དབྱིན་ཡུལ་གླི་ལསེ་གྷོའོ་ Glasgow རུ་ཚོགས་གཏན་འཁེལ་ཡོད། འཛམ་བུ་གླིང་གི་མི་རྣམས་ཀྱི་སེམས་འཚབ་ཆེ་ཤོས་བྱ་ཡུལ་ཞིག་ནི་རྒྱ་ནག་གིས་ཁ་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་བརྗོད་ཚིག་སྣ་ཚོགས་བཤད་ཀྱང་ལག་ལེན་ཐོག་ད་དུང་རྡོ་སོལ་ལ་བརྟེན་པའི་གློག་འདོན་ས་ཚུགས་མང་པོ་འདོན་འཆར་ཡོད་པའི་གནད་དོན་དེ་ཡིན། རྒྱ་ནག་ནི་རྡོ་སོལ་ལ་བརྟེན་པའི་གློག་ཤུགས་བེད་སྤྱོད་མང་ཤོས་གཏོང་མཁན་དང་དུག་རླུང་མང་ཤོས་འདོན་མཁན་གྱི་རྒྱལ་ཁབ་དེ་ཡིན། དེའི་ཐད་ནས་སྐྱོན་བརྗོད་དང་རྒྱལ་སྤྱིའི་གནོན་ཤུགས་སོགས་གཡོལ་ཆེད་དུག་རླུང་གི་གནོད་པ་འགོག་ཕྱིར་བོད་མཐོ་སྒང་དུ་ཁོར་ཡུག་གུད་གསབ་སྤྲད་དེ་སྔོ་ལྗང་གི་རང་བྱུང་སྐྱེ་ཁམས་ལ་སྲུང་སྐྱོབ་ནན་པོ་བྱེད་ཀྱི་ཡོད་ཚུལ་དྲིལ་བསྒྲགས་བྱེད་ཀྱི་ཡོད། དོན་ངོ་མར་བོད་ཀྱི་འབྲོག་པ་རྣམས་ཀྱིས་རང་གི་ཕ་མེས་ཡང་མེས་ཀྱི་རྩ་ས་བསྐྱུར་ནས་གྲོང་དུ་གཏན་འཇགས་ལ་སྡོད་དགོས་འཁེལ་གྱི་ཡོད་ཀྱང་ཁོང་ཚོར་རྒྱལ་སྤྱིའི་སྤྱི་ཆིངས་ལྟར་ཁོར་ཡུག་གུན་གསབ་ཚུལ་བཞིན་རག་གི་མེད་པས་གནད་དོན་དེ་དག་ད་ལྟའི་ཚོགས་བཅར་བ་དང་འབྲེལ་ཡོད་རྣམ་པས་ཅིས་ཀྱང་མཁྱེན་དགོས་པ་དང་གླེང་སློང་བྱེད་དགོས་པ་ཡིན།
 
སྲིད་དབང་གཅིག་སྡུད་རིང་ལུགས་པ་རྒྱ་ནག་ལྟ་བུ་ལ་མཚོན་ན་བློ་གཅིག་སེམས་གཅིག་གིས་དུག་རླུང་གི་གནོད་པ་འགོག་འདོད་ན་དུག་རླུང་འདོན་མཁན་གྱི་བཟོ་གྲྭ་རྒྱུ་ཆེན་ཚོར་བཟོ་ཁྲལ་སྤར་བ་སོགས་བྱས་ནས་ཐད་ཀར་ཚོད་འཛིན་ནན་པོ་བྱེད་ཐུབ། ཁོར་ཡུག་གུད་གསབ་སྤྲོད་ཀྱི་ཚུལ་བཤད་དེ་བོད་མཐོ་སྒང་གི་སྲོལ་རྒྱུན་འཚོ་བ་གཏོར་བརླག་བཏང་བ་དེས་དུག་རླུང་གི་ཁ་གྲངས་ནམ་ཡང་གཅོག་མི་ནུས། རྒྱ་ནག་གི་བཟོ་ཚོང་ཁང་ཆེ་ཁག་ཕལ་ཆེ་བ་དམར་ཤོག་ཚོགས་པར་དབང་བའམ་དམར་ཤོག་ཚོགས་པའི་ཁེ་ཕན་དུ་གྱུར་ཡོད་པ་བརྟེན་ཁོང་ཚོ་ཐུན་མོང་གི་ཁེ་ཕན་ཆེད་དུ་རང་བྱུང་ཁོར་ཡུག་སྲུང་སྐྱོབ་དང་དུག་རླུང་ཉེན་འགོག་སྲིད་ཇུས་ཟེར་བ་སོགས་ནི་འཁྲབ་སྟོན་ཙམ་དུ་གྱུར་ཡོད། གལ་ཏེ་དེ་འདྲ་མིན་ན་རྒྱ་ནག་གིས་ཅིའི་ཕྱིར་དུག་རླུང་གློད་མཁན་གྱི་གཟོ་གྲྭ་དང་ཚོང་བདག་ཆེན་མོ་ཚོའི་ཁོར་ཡུག་གཏོར་བརླག་གི་ལས་གཞིར་ཚོད་འཛིན་བྱེད་པའམ་བཟོ་ཁྲལ་སྤར་གྱི་མེད་པ་རེད་དམ།
to top