སྙན་ཐོ་གསར་པས་རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་བའི་གཉའ་གནོན་ལ་བརྟེན་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་འཇིགས་སྣང་བསྐྱེད་པ་དང་ནུས་སྟོབས་ཉམས་དམས་གཏོང་བཞིན་པའི་གནད་དོན་གསལ་འདོན་བྱས།

རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་མཚམས་ལས་བརྒལ་བའི་གཉའ་གནོན་འོག་དཀའ་སྡུག་མྱོང་མཁན་མང་དག་ཅིག་གི་གནད་དོན་སྙན་ཐོར་བཀོད་ཟིན་ཡོད་ཀྱང་ད་བར་དུ་བཙན་བྱོལ་བོད་མི་རྣམས་ལ་རྒྱལ་མཚམས་ལས་བརྒལ་བའི་གཉའ་གནོན་ཐེབས་པའི་སྐོར་གྱི་གནད་དོན་གླེང་སློང་བྱས་པ་ཤིན་ཏུ་ཉུང་། དེའི་རྒྱུ་མཚན་གཙོ་བོ་ནི་བོད་མི་ཚོས་རྒྱ་ནག་གི་གནོན་ཤུགས་དེ་དག་ཧ་ཅང་རྒྱུན་ལྡན་ཅན་དུ་བརྩིས་ནས་ཡོད་པས་ཡིན། 

ཁ་སང་ཕྱི་ཟླ་ ༢ པའི་ཚེས་ ༦ ཉིན་འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་“བཙན་བྱོལ་བོད་མིས་མྱོང་བཞིན་པའི་རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་བའི་གཉའ་གནོན་”ཞེས་པའི་དབྱིན་ཡིག་གི་ཆེད་དོན་སྙན་ཐོ་གསར་པ་འདོན་སྤེལ་ཞུས་ཡོད་ཅིང་སྙན་ཐོ་དེ་ནི་བཙན་བྱོལ་བོད་མིས་མྱོང་བཞིན་པའི་རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་བའི་གཉའ་གནོན་སྐོར་གྱི་གནས་ཚུལ་ཞིབ་ཚགས་སྙན་ཐོར་བཀོད་པ་ཐོག་དང་པོ་དེ་ཆགས་ཡོད། 

འཚེ་མེད་ཞི་བའི་རྩ་འཛུགས་ཁང་གི་སྐུ་ཚབ་ Rebon Catharina Banerjee Dhar ལགས་ཀྱིས་རྒྱལ་མཚམས་ལས་བརྒལ་བའི་གཉའ་གནོན་སྐོར་གསུང་བཞིན་པ།

རྒྱལ་མཚམས་ལས་བརྒལ་བའི་གཉའ་གནོན་ཞེས་པ་ནི་“སྲིད་གཞུང་ཞིག་གིས་རང་གི་རྒྱལ་ཁབ་ཀྱི་མཚམས་ལས་བརྒལ་ཏེ་རྒྱལ་ཁབ་གཞན་དུ་གནས་སྡོད་དང་སྐྱབས་བཅོལ་དུ་གནས་མཁན་ཚོ་གྲགས་འགུལ་མེད་པ་བཟོ་ཐབས་”བྱེད་པའི་སྦྱོར་བ་ཞིག་ལ་གོ་བ་ཡིན། དེ་ནི་དུས་རྒྱུན་སྲིད་དབང་གཅིག་སྡུད་ཅན་གྱི་སྲིད་གཞུང་ཚོས་རང་གི་སྲིད་ཇུས་ལ་ཐེར་འདོན་བྱེད་མཁན་གྱི་སྡེ་ཁག་ནུས་མེད་བཟོ་ཏེ་མགོ་གནོན་ཐབས་བྱེད་པའི་ཐབས་རྩོལ་ཞིག་ཡིན། 

བཙན་བྱོལ་བོད་མི་ཚོར་མཚོན་ན་རྒྱ་ནག་གཞུང་གིས་བོད་ནང་དུ་བཞུགས་པའི་ཕ་མ་སྤུན་མཆེད་སོགས་ཀྱི་བདེ་འཇགས་གཏའ་མར་བཞག་སྟེ་བཙན་བྱོལ་ནང་གི་ལས་འགུལ་དང་སྨྲ་བརྗོད་སོགས་འགོག་ཐབས་སུ་གནོན་ཤུགས་འཕྲོད་ཐབས་བྱེད་བཞིན་འདུག མ་ཟད་བོད་མི་རྣམས་ཀྱི་བྱ་སྤྱོད་ལ་རྒྱུན་དུ་སོ་ལྟ་ནན་པོ་བྱེད་པ་དང་སྤྱི་ཚོགས་ཁྲོད་དུ་རྒྱའི་གསང་ཉུལ་བ་འགྲེམ་འཇོག་བྱས་ཡོད་པའི་དོགས་སྣང་སོགས་ལ་བརྟེན་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ནུས་སྟོབས་དང་མི་ཕན་ཚུན་དབར་གྱི་ཡིད་ཆེས་ལའང་དོ་ཕོག་ཆེན་པོ་ཐེབས་བཞིན་འདུག དེར་བརྟེན་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་མཚམས་ལས་བརྒལ་བའི་གཉའ་གནོན་གྱིས་བཙན་བྱོལ་བོད་མི་སྤྱི་ཚོགས་ཧྲིལ་པོར་གནོད་སྐྱོན་ཐེབས་བཞིན་པ་མ་ཟད་མ་འོངས་པའི་བོད་དོན་ལས་འགུལ་ལའང་གནོད་སྐྱོན་ཚབས་ཆེན་ཐེབས་ཉེན་འདུག 

ལྟེ་གནས་ཁང་གི་འགན་འཛིན་བསྟན་འཛིན་ཟླ་བ་ལགས་ཀྱིས་སྙན་ཐོ་གསར་པ་དེ་འདོན་སྤེལ་ཞུ་དགོས་པའི་དགོས་དམིགས་གསུང་བཞིན་པ།

སྙན་ཐོ་གསར་པ་འདིས་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་མཚམས་ལས་བརྒལ་བའི་གཉའ་གནོན་དེ་ཉིད་བཙན་བྱོལ་བོད་མི་རྣམས་ཀྱིས་རྣམ་པ་འདྲ་མིན་གྱི་ལམ་ནས་མྱོང་བཞིན་ཡོད་པ་བསྟན་ཡོད། 

● བཙན་བྱོལ་བོད་མི་ཚོ་དང་ཁོང་ཚོའི་བོད་ནང་གི་ཕ་མ་སྤུན་མཆེད་དབར་གྱི་འབྲེལ་གཏུག་གི་བརྒྱུད་ལམ་མེད་པ་བཟོའམ་འབྲེལ་བ་བྱས་ན་ཉེན་ཁ་ཆེ་བར་བཟོས་ནས་འབྲེལ་ལམ་གཅོད་ཐབས་བྱེད་པ། 

●  རྒྱའི་གསང་ཉུལ་བས་བཙན་བྱོལ་བོད་མི་རྣམས་ཀྱིས་གནས་ཚུལ་ལ་རྒྱུས་ལོན་གཏིང་ཟབ་བྱེད་བཞིན་འདུག་ཅིང་གནས་ཚུལ་དེ་དག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་འབྲེལ་ལམ་ལ་གནོད་སྐྱོན་གཏོང་བར་བེད་སྤྱོད་གཏོང་བ་དང་མི་སྒེར་ལ་འཇིགས་སྐུལ་བྱེད་པར་བཀོལ་སྤྱོད་གཏོང་བཞིན་འདུག  

● བོད་ནང་གི་ཕ་མ་སྤུན་མཆེད་ཚོའི་བདེ་འཇགས་གཏའ་མར་བཞག་ནས་རྒྱ་གཞུང་གིས་བཙན་བྱོལ་བོད་མི་རྣམས་ཀྱི་བོད་དོན་ལས་འགུལ་དང་མསྲ་བརྗོད་སོགས་འགོག་ཐབས་བྱེད་བཞིན་འདུག

● བོད་ནང་གི་ཕ་མ་སྤུན་མཆེད་སོགས་ནས་དངུལ་གཏོང་ལེན་མི་ཐུབ་པ་བཟོས་ནས་བཙན་བྱོལ་བོད་མིའི་འཚོ་བར་དཀའ་ཁག་སྤྲོད་ཐབས་བྱེད་པ་སོགས་ལུས་སེམས་གཉིས་ཀར་གནོན་ཤུགས་འཕྲོད་ཐེབས་བྱེད་བཞིན་འདུག  

ལྟེ་གནས་ཁང་གི་ཉམས་ཞིབ་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་སྙན་ཐོའི་ནང་དོན་དང་གྲུབ་དོན་སོགས་གསུང་བཞིན་པ།

རྒྱ་ནག་དམར་ཤོག་ཚོགས་པས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སོགས་ངོ་བོ་རྩ་བརླག་གཏོང་བའི་ཐབས་རྩོལ་སྣ་ཚོགས་ཤིག་སྤེལ་བཞིན་ཡོད། གནད་དོན་འདིའི་ཐད་ནས་བལྟས་ན་རྒྱལ་མཚམས་ལས་བརྒལ་བའི་གཉའ་གནོན་བརྒྱུད་དེ་རང་བཙན་གྱི་གནས་བབ་ལྡན་པའི་རྒྱལ་ཁབ་གཞན་ཚོའི་སྲིད་ཀྱི་བདག་དབང་སྣང་ཆུང་གཏོང་བའི་“རྣོ་ངར་ཅན་གྱི་དབང་ཤུགས་”སྤྱད་དེ་རྒྱལ་ཁབ་དེ་དག་གི་ཆབ་སྲིད་དང་རིག་གཞུང་གི་མཁའ་དབུགས་བརྟོལ་ཅིང་ཆབ་སྲིད་དང་དཔལ་འབྱོར་སོགས་སྟོབས་ཤུགས་འདྲ་མིན་སྤྱད་དེ་རྒྱལ་ཁབ་དེ་དག་ལ་གནས་བཅས་པའི་དམིགས་འབེན་ཚོགས་སྡེ་ཁག་ནུས་མེད་བཟོ་ཐབས་བྱེད་བཞིན་འདུག

ལྟེ་གནས་ཁང་གི་ཉམས་ཞིབ་པ་ངག་དབང་ལུང་རྟོགས་ལགས་ཀྱིས་སྙན་ཐོ་འདོན་སྤེལ་གྱི་ལས་རིམ་གཙོ་སྐྱོང་གནང་བ།

གནད་དོན་དེ་དང་འབྲེལ་ནས་འདི་ག་ལྟེ་གནས་ཁང་གི་འཛིན་སྐྱོང་འགན་འཛིན་བསྟན་འཛིན་ཟླ་བ་ལགས་ཀྱིས་རེ་འདུན་གནང་དོན་“རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་མཚམས་ལས་བརྒལ་བའི་གཉའ་གནོན་མྱོང་མཁན་གྱི་བཙན་བྱོལ་བོད་མི་རྣམས་ཀྱི་བདེ་འཇགས་ལ་འཐུས་ཚང་ལྡན་པའི་སྲུང་སྐྱོབ་དགོས་པ་མ་ཟད་རྒྱལ་ཁབ་སོ་སོའི་རང་སའི་ཐོག་གི་འགྲོ་བ་མིའི་ཐོབ་ཐང་ལ་འགན་སྲུང་ནན་པོ་ཡོང་བར་བྱས་ནས་ཕྱིའི་ཐེ་ཇུས་དང་གནོན་ཤུགས་འགོག་དགོས་པ་མ་ཟད་ཁྲིམས་འགལ་ཐོག་རྒྱལ་མཚམས་ལས་བརྒལ་བའི་གཉའ་གནོན་སྤེལ་མཁན་གྱི་འབྲེལ་ཡོད་སྡེ་ཁག་དང་མི་སྒེར་བཅས་ལ་འགྲོ་ཡོང་བཀག་བསྡོམས་དང་ཚོང་གི་ཉེས་ཆད་སོགས་གཏོང་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན།”

སྙན་ཐོ་འདི་ནས་ཀློག་ཐུབ།

to top